ཤིན་ཅང་དུ་ ༧་༥ ཡར་ལངས་དོན་རྐྱེན་བྱུང་རྗེས་རྒྱ་གཞུང་གིས་ཤིན་ཅང་དམིགས་བསལ་ཚོགས་འདུ་སྐོང་ནས་སྔར་ལས་ལྷག་པའི་དམ་དྲག་བཀག་སྡོམ་དང་དབང་སྒྱུར་གྱི་ལས་འཆར་སྣ་ཚོགས་གཏན་འབེབས་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་རེད།
ན་ནིང་ཤིན་ཅང་དུ་ཡར་ལངས་དོན་རྐྱེན་བྱུང་ནས་ལོ་འཁོར་གཅིག་འཁོར་ལ་ཉེ་བའི་དུས་ཡུན་རིང་། ཝོའུ་རུའུ་མུའུ་ཆི་གྲོང་ཁྱེར་སྲིད་གཞུང་གི་སྒྲིག་འཛུགས་ལྟ་རྟོག་འོག་སྤྱི་སྤྱོད་རླངས་འཁོར་ ༣༤༠༠ དང་། རླངས་འཁོར་འབབ་ཚིགས་ ༢༠༠ ། ལམ་གཞུང་ཆེ་ཆུང་ ༤༤༠༠ ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བྱིས་གཉོར་ཁང་ ༢༧༠ དང་བཟོ་ཚོང་ཁྲོམ་ར་ ༢༠༠ བཅས་སུ་བསྡོམས་པའི་ལྐོག་མིག་བརྙན་ལེན་ ༨༣༧༠ བཙུགས་ཡོད་འདུག ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་ཉེ་སྔོན་ཝོའུ་རུའུ་མོའུ་ཆི་གྲོང་ཁྱེར་དུ་ཉུང་མཐར་ཡང་ལྐོག་མིག་བརྙན་ལེན་ ༤༠༠༠༠ ལྷག་བཙུགས་ཏེ་ལྟ་རྟོག་དམ་དྲག་བྱེད་བཞིན་ཡོད་པར་བརྗོད།
རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཤིན་ཅང་ཝོ་རུའུ་མུའུ་ཆི་གྲོང་ཁྱེར་གྱི་སྲང་གྲོང་དང་ཁང་ཁྱིམ་ཕྱི་ནང་དུ་བཙུགས་ཡོད་པའི་ལྐོག་མིག་བརྙན་ལེན་དེ་དག་གིས་བླངས་པའི་བརྙན་རིས་ཀྱི་དྭངས་གསལ་གྱི་སྤུས་ཚད་ནི་ཁྱིམ་སྤྱོད་བརྙན་འཕྲིན་དང་གཅིག་མཚུངས་ཡིན་ལ། ལྐོག་མིག་བརྙན་ལེན་མ་ལག་གི་བཟོ་དབྱིབས་དེའང་སྒོང་གཟུགས་ཅན་ཡིན་པས་ཏུའུ་ ༣༦༠ འཁོར་དཀྱོགས་ཀྱིས་བརྙན་ལེན་བྱ་ཐུབ་པར་མ་ཟད། མཚན་སྨག་ཏུའང་བརྙན་ལེན་གསལ་བོ་བྱེད་ཐུབ་པའི་ནུས་བ་ལྡན་པར་བཤད་ལ། གནད་ཡོད་ལམ་མདོ་ཁག་ཏུ་འགག་སྒོ་ལྟ་རྟོག་འཕྲུལ་ཆས་བཙུགས་ཡོད་པས་འགྲོ་བསྐྱོད་བྱེད་བཞིན་པའི་རླངས་འཁོར་རེ་རེའི་བཟོ་ཐོན་ཚོང་རྟགས་དང་ཨང་གྲངས། མདུན་དུ་སྡོད་པའི་རླངས་འཁོར་ནང་གི་མི་བཅས་གསལ་བོ་མཐོང་ཐུབ་ཚུལ་བརྗོད་ཡོད།
ཝོའུ་རུའུ་མུའུ་ཆི་གྲོང་ཁྱེར་གྱི་ཐེན་ཧྲན་ས་ཁུལ་ ༡༡༠ ཉེན་རྟོག་རུ་ཁག་གི་བརྙན་ལེན་ལྟ་རྟོག་པ་མེན་ཆིན་ཡཱ་ཡིས་བརྗོད་པ་ལྟར་ན། གལ་སྲིད་ཁོའི་འགན་ལེན་བྱ་བཞིན་པའི་ས་ཁུལ་དུ་གློ་བུར་བའི་དོན་རྐྱེན་བྱུང་མ་ཐག་འབྲེལ་ཡོད་ཉེན་རྟོག་རུ་ཁག་ལ་ཉེན་བརྡ་བཏང་ཆོག་པར་མ་ཟད། བརྙན་ལེན་ལྐོག་མིག་སྤྱད་ནས་བརྡ་འདེད་གཏོང་ཐུབ་ཟེར། ཐེན་ཧྲན་ཁུལ་ནི་ན་ནིང་ཤིན་ཅང་ ༧་༥ ཡར་ལངས་དོན་རྐྱེན་བྱུང་ཡུལ་གྱི་གནད་ཡོད་ས་གནས་ཤིག་ཡིན་པར་མ་ཟད། ད་ལྟ་རྒྱ་ནག་ཉེན་རྟོག་པས་བཀག་སྡོམ་དམ་དྲག་བྱ་ཡུལ་གཙོ་བ་ཞིག་ཀྱང་ཆགས་ཡོད་པ་རེད།
ཕྱི་ཚེས་ ༡ ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཁྲོར་ནེལ་ཌེའོ་Tornado ་ཡིས་བརྗོད་རྒྱུར། ང་ཚོས་ངོས་ནས་རྒྱ་ནག་གིས་ཤིན་ཅང་དོན་རྐྱེན་ཐག་གཅོད་ཀྱི་བརྒྱུད་རིམ་ཁྲོད། རྒྱལ་སྤྱིའི་ཁྲིམས་གཞི་ལྟར་རྒྱ་ནག་མི་དམངས་ཀྱི་ཆབ་སྲིད་བདག་དབང་ལ་བརྩི་འཇོག་ཡོང་བར་སྐུལ་མ་གཏོང་གི་ཡོད། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས་ཨ་རིའི་ཕྱོགས་ནས་གནད་དོན་འདིའི་ཐད་དོ་སྣང་བྱེད་བཞིན་པའི་བརྡ་ལན་གསལ་བོ་བསྟན་ཡོད་ཟེར།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གིས་ཤིན་ཅང་གི་ཡར་ལངས་ལ་དྲག་གནོན་བྱས་པའི་བརྒྱུད་རིམ་ཁྲོད་ཉེན་ཚབས་ཆེ་བའི་དྲག་ཆས་བཀོལ་ཡོད་པར་མ་ཟད། ཤིན་ཅང་བ་མང་པོ་འཛིན་བཟུང་བཀག་ཉར་བྱེད་སྐབས་ཚད་ལས་བརྒལ་བའི་མནན་གཅོད་དང་གདུག་རྩུབ་ཅན་གྱི་བྱེད་ཐབས་སྣ་ཚོགས་སྤྱད་ཡོད་པར་བརྗོད་ཡོད།
ཚོགས་པ་དེའི་ཨེ་ཤ་ཡེ་མངའ་ཁུལ་གྱི་འགན་ཡོད་མི་སྣ་ལྕམ་ཁཱ་ཊི་རི་ན་བྷ་བྷིར་ Katrina. Barber གྱིས་ཀྱང་། རྒྱ་གཞུང་གི་དཔོན་རིགས་ཚོས་ཤིན་ཅང་ཡར་ལངས་ཐད་ཀྱི་གནད་དོན་མང་པོ་ཞིག་རྒྱལ་སྤྱིའི་སྤྱི་ཚོགས་སུ་འགྲེལ་བརྗོད་བྱས་ཡོད་པ་མ་རེད། དོན་དངོས་ཐོག་མི་ག་ཚོད་ཤི་རྐྱེན་བྱུང་བ་དང་། མི་དེ་དག་རྐྱེན་ལམ་དུ་གཏོང་མཁན་སུ་ཡིན་མིན། དོན་རྐྱེན་ཅི་ལྟར་བྱུང་མིན་དང་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་སོགས་ལ་འགྲེལ་བརྗོད་བྱས་མེད་པ་བརྗོད་ཡོད།
རྒྱ་ནག་གཞུང་གིས་ ༧་༥ ཡར་ལངས་དྲག་གནོན་དོན་རྐྱེན་ཁྲོད་མི་ ༢༠༠ རྐྱེན་འདས་དང་། མི་ ༡༧༠༠ ལྷག་ལ་གནོད་འཚེ་ཕོག་པའི་ནང་མི་གྲངས་མང་ཆེ་བ་ནི་རྒྱ་རིགས་ཡིན་པར་བརྗོད་ཡོད་ལ། དོན་རྐྱེན་དེ་བྱུང་རྗེས་ཤིན་ཅང་དམིགས་བསལ་ཚོགས་འདུ་ཞེས་པ་སྐོང་འཚོགས་བྱས་ཏེ། ཤིན་ཅང་ཡུན་རིང་བདེ་འཁོད་དང་མགྱོགས་མྱུར་གོང་འཕེལ་ཞེས་པའི་ལས་གཞི་སྣ་ཚོགས་འཆར་འགོད་གཏན་འབེབས་བྱས་ཡོད་པ་རེད།
ཉེ་ཆར་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཤིན་ཅང་ས་ཁུལ་དུ་ཕྱི་ལོ་ ༢༠༡༥ ལོ་མཇུག་བར་དུ་སྔར་ཡོད་ཀྱི་མཁའ་ལམ་ ༦ ་ནས་ ༢༢ བར་འཕར་སྣོན་བྱེད་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༢༠ བར་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༣༡༠༠ ལྷག་བཏང་སྟེ་སྔར་ཡོད་ཀྱི་ལྕགས་ལམ་རིང་ཚད་སྤྱི་ལེ་ ༣༥༩༩ ནས་སྤྱི་ལེ་ ༡༢༠༠༠ བར་རྒྱ་བསྐྱེད་དང་། མ་དངུལ་སྒོར་ དུང་ཕྱུར་ ༡༤༠༠ བཏང་སྟེ་ཕྱི་ལོ་ ༢༠༡༥ བར་སྔར་ཡོད་གཞུང་ལམ་རིང་ཚད་སྤྱི་ལེ་ཁྲི་ ༡༥ ནས་ཁྲི་ ༡༧་༥ བར་རྒྱ་བསྐྱེད་གཏོང་རྒྱུ་ཡིན་པ་དང་། གཞན་ཡང་། ཡུ་གུར་ས་གནས་སྲིད་གཞུང་གིས་མ་འོངས་པའི་ལོ་བཅུའི་ནང་དུ་ཡུ་གུར་གྲོང་ཁྱེར་གཙོས་མཐའ་འབྲེལ་གྱི་རྫོང་ཁག་གཉིས་ཟླ་བསྒྲིལ་གྱིས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༠༠ ་དང་། འདུས་སྡོད་མི་གྲངས་ཁྲི་ ༡༠༠ ཅན་གྱི་ཡུ་གུར་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཆེན་པོ་ཞིག་འཛུགས་སྐྲུན་བྱ་ཡིན་ལུགས་བརྗོད་ཡོད།
གསར་འགྱུར་འབྲི་མཁན། ཚེ་རིང་རྒྱལ།
གྲ་གྲོགས་ཚོ། རྒྱ་མིའི་འཆར་གཞི་ལྡན་པའི་སྲིད་ཇུས་འདི་དག་ང་ཚོ་བོད་ལ་འདི་ལས་མང་བ་ཡོད་ཚོད་འདུག་པས་ད་ཇི་ལྟར་བྱས་ཏེ་འཐབ་རྩོལ་བྱེད་དགོས་ཚང་མའི་བསམ་བློ་ཞིག་གཏོང་རོགས།
ངོ་ནས་ཞེད་སྣང་འདུག་གམ།
འདི་དག་ནི་རྒྱ་མིའི་ཆ་གཞི་ལྡན་པའི་སྲིད་བྱས་མ་རེད་དམ།
ཞེ་སྣང་ལ་་དེ་འདྲའི་ལས་ཀ་་་་་