མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་དམངས་རྒྱལ་ཡོངས་ཚོཊ་ཆེན་གྱི་གྲུབ་འབྲས་འདི་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་ཚོགས་ཏེ། རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༥ ཡི་ཚོགས་བཅར་བ་ ༣༣༦ ཙམ་གྱིས་གྲོས་གཞི་ཁག་ ༦ གི་ཐད། ཚོགས་ཆུང་ཁག་ ༨ དུ་བགོས་ཏེ་ཉིན་ ༦ རིང་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་གནང་མཐར་ཤོག་ངོས་ ༣༢ དང་དོན་ཚན་ ༡༩༦ ། ཟུར་རྒྱན་གཉིས་བཅས་ཀྱི་སྙན་ཐོ་ཞིག་བཏོན་ཏེ་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད།

སྤྱི་ནོར་༧གོང་ས་མཆོག་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། སྦེལ་ཀོབ་བོད་མིའི་གཞིས་གྲོང་དང་པོའི་སློབ་གྲྭའི་རྩེད་ཐང་དུ་ཐད་འཕུར་གནམ་གྲུ་བརྒྱུད་ཞབས་སོར་བཀོད་ཡོད་ལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་བཀའ་བློན་རྣམ་པ་དང་ས་གནས་གནད་ཡོད་མི་སྣ་མང་པོ་ཕེབས་བསུར་བཅར་ཡོད། དེ་ནས་སེ་ར་བླ་སྤྱིར་གདན་འདྲེན་གྱིས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཤིང་། ཉིན་རྒྱབ་ཆུ་ཚོད་ ༢ སྟེང་༧གོང་ས་མཆོག་གིས་དབུས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། སེ་ར་བྱེས་སྨད་ཀྱི་མཁན་པོ་རྣམ་གཉིས། བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས། སེ་ར་ཐེག་ཆེན་གླིང་གི་བླ་མ་ལས་སྣེ་དང་གྲྭ་དམངས་བཅས་ལྷན་འཛོམས་ཐོག བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་བའི་བཀའ་ཤག་གི་གཟིགས་ཚོར་ངོ་སྤྲོད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚོགས་ཆེན་གྱི་མཐའ་བསྡོམས་སྙན་ཐོ་སྒྲོག་འདོན་བཅས་གནང་ཡོད།

 

ཆོས་རིག་བཀའ་བློན་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་གི་བཀའ་ཤག་གི་གཟིགས་ཚོར་སྐོར་གསུངས་དོན། ད་རེབ་ཚོགས་བཅར་བ་ཡོངས་ཀྱིས་གྲོས་གཞི་ཁག་གི་ཐོག་དོ་སྣང་ཆེན་པོས་བགྲོ་གླེང་དང་། དགོངས་འཆར་ཟབ་རྒྱས་གནང་བར་བོད་གཞུང་བཀའ་ཤག་གིས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། གཞིས་བྱེས་བོད་མི་མང་ཚོགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ། ཡིད་ཆེས་དང་རྒྱབ་སྐྱོར་བླ་མེད་གནང་འདུག་པས་བཀའ་ཤག་གིས་སྲིད་བྱུས་འདི་ལག་བསྟར་བྱ་རྒྱུའི་སྙིང་སྟོབས་ཆེས་ཆེར་བརྟས་བྱུང་། དབུ་མའི་ལམ་དང་དམངས་གཙོའི་ཐོག་མི་དམངས་ལ་གོ་རྟོགས་ཇེ་མཐོར་གཏོང་དགོས་པའི་བསམ་འཆར་ཤུགས་ཆེན་བྱུང་བ་བཞིན་འཛིན་སྐྱོང་གི་ངོས་ནས་དྲིལ་བསྒྲགས་ཟབ་སྦྱོང་སོགས་ཤུགས་སྣོན་ཞུ་རྒྱུར་སྤྱི་འཐུས་དང་ས་གནས་འབྲེལ་ཡོད། ལྷག་པར་དུ་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་དང་། མང་ཚོགས་ཀྱིས་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན། གྲོས་གཞི་གཞན་དག་ཐོག་དགོངས་འཆར་ཕེབས་རིགས་ལ། སྤྱི་འཐུས་ལྷན་ཚོགས་ནས་ཕྱོགས་བསྡོམས་ཀྱིས་ལམ་སྟོན་ཕེབས་སྐབས། ལག་བསྟར་ཐུབ་རིགས་ངེས་པར་དུ་ལག་བསྟར་བྱ་རྒྱུ་ཡིན། དགོངས་འཆར་དེ་དག་ལས་མི་ཉུང་བ་ཞིག་དེ་སྔ་ཚོད་ལྟ་བྱས་ཀྱང་གྲུབ་འབྲས་མ་བྱུང་། ཞེས་གསུངས་སོང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཞུང་དམངས་ཚོགས་ཆེན་གྱི་སྙན་ཐོ་ལས་ཆབ་སྲིད་སྐོར་སྒྲོག་སྦྱོང་དང་འབྲེལ། ཐེངས་འདིར་ཚོགས་བཅར་བ་ཁ་ཤས་ཀྱིས་ས་གནས་མང་ཚོགས་ཀྱི་བསམ་འཆར་བསྡུ་རུབ་བྱས་ཏེ་བསྣམས་འདུག ཚོགས་མི་མང་ཆེ་བ་ཐུགས་འདོད་ཚིམ་པ་བྱུང་ཡོད་ཀྱང་རེ་ཟུང་གིས་ཚོགས་ཆུང་རེ་ལ་བརྗོད་གཞི་རེ་བགོས་ཡོད་སྟབས། བརྗོད་གཞི་གཞན་དག་ལ་ཆ་ཤས་ལེན་མ་ཐུབ་པའི་ཐུགས་ཕམ་ཡང་གནང་བྱུང་། ད་རེབ་དགོངས་འཆར་བྱུང་བ་ཁག ངེས་པར་དུ་ལག་བསྟར་བྱ་དགོས་པའི་ཁྲིམས་ཀྱི་ནུས་པ་མེད་ཀྱང་། མ་འོངས་པའི་བཀའ་ཤག་དང་གྲོས་ཚོགས། མི་དམངས་བཅས་ནས་ཐུགས་སྣང་གནང་དགོས་པ་ཞིག་དང་། ཐོག་མ་ནས་བཀའ་སྤྱི་གཉིས་ལ་ལམ་སྟོན་ཡིག་ཆ་ལྟ་བུ་ཞིག་ཏུ་རེ་བ་བརྒྱབ་ཡོད་ལ། མ་འོངས་པར་བཀའ་སྤྱི་གཉིས་ངོས་ནས་ལག་བསྟར་ཐུབ་པའི་རིགས་ངེས་པར་དུ་ལག་བསྟར་བྱ་རྒྱུ་དང་། མ་ཐུབ་པ་དག་ལ་རྒྱུ་མཚན་གསལ་བོ་བཤད་རྒྱུ་ཡོད་པ་ཞིག་བྱ་དགོས་པ་རེད། ཅེས་གསུངས་སོང་།

 

ཐེངས་འདིའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཐའ་བསྡོམས་སྙན་ཐོའི་ནང་ཆབ་སྲིད་སྐོར་ལ་དོན་ཚན་ ༣༤ བཀོད་ཡོད་པ་དག་ལས། ༧གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་ཡིན་གསུངས་པ་དེ་ལ་དགོངས་བཞེད་ནམ་ཡང་མི་གནང་རྒྱུ་དང་བོད་དོན་བདེན་མཐའ་སེལ་ཐབས་སུ་༧གོང་ས་མཆོག་གིས་ཐག་གཅོད་གང་གནང་ལ་ཤར་སྐྱོད་བྱ་རྒྱུ། དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་དོན་བདེན་མཐའ་གསལ་ཐབས་སུ་མི་དམངས་དང་གཞོན་སྐྱེས་ཚོར་གོ་རྟོགས་སྤེལ་རྒྱུ། དབུ་མ་དང་རང་བཙན་བར་ཕན་ཚུན་གུ་བཤངས་དང་བརྩི་བཀུར་བྱ་རྒྱུ། རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་སྲ་བརྟན་ཆེད་ཆིག་སྒྲིལ་གྱི་ཉིན་མོ་སྲུང་བརྩི་དགོས་པ། འཛམ་གླིང་གང་སར་གནས་བའི་བོད་རིགས་མཐོ་རིམ་སློབ་མ་རྣམས་ལ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་སླད་རྒྱལ་སྤྱི་རང་བཞིན་གྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐོང་ཐབས་བྱ་རྒྱུ། གཞུང་འབྲེལ་གྱི་ཆབ་སྲིད་ལས་འགུལ་དག་ཏུ་སྤྱི་འཐུས་གཙོས་པའི་གཞུང་ཞབས་རྣམས་མཉམ་ཞུགས་གནང་དགོས་པ། རྒྱ་རིགས་ཚོར་བསམ་ཚུལ་བརྗེ་ལེན་ཆེད་བོད་རྒྱ་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་ཞིག་གསར་བཟོ་དང་། དོན་གཅོད་ཁག་དང་བོད་རྒྱ་འབྲེལ་མོལ་སྐུ་ཚབ་བཅས་སུ་རྒྱ་སྐད་ཤེས་མཁན་དགོས་པ་དང་བོད་རྒྱ་འགྲིག་འདུམ་ཐད་ནུས་ལྡན་གྱི་རྒྱལ་ཁབ་ཅིག་འཚོལ་རྒྱུ་སོགས་ལ་སྤྱི་མོས་བྱུང་འདུག

 

དམངས་གཙོ་འཕེལ་རྒྱུས་སྐོར་ལ་དོན་ཚན་ ༢༩ ཡོད་དག་ལས། མང་ཚོགས་ཀྱི་མངོན་འདོད་གཙོ་བོར་འཛིན་དགོས་པ་དང་མང་ཚོགས་ཀྱི་དམངས་གཙོའི་གོ་རྟོགས་མཐོ་རུ་གཏོང་དགོས་པ། སྦེལ་ཀོབ་སོགས་སུ་ས་འཐུས་འཛུགས་དགོས་པ་དང་ས་གནས་མགོ་འཛིན་ས་གནས་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱ་དགོས་པ། སྤྱི་འཐུས་རྣམ་པས་གྲོས་ཚོགས་ལས་རིམ་ནང་ཆ་ཤས་ལེན་དགོས་པ་དང་སྤྱི་ཚོགས་ནང་བཟང་སྤྱོད་སྣེ་ཁྲིད་ཐུབ་དགོས་པ། སྤྱི་འཐུས་ལས་དོན་འགལ་འཛོལ་བྱེད་རིགས་ཕྱིར་འཕུད་གཏོང་དགོས་སོགས་ལ་སྤྱི་མོས་དང་། ཆོལ་ཁ་རེ་རེའི་སྤྱི་འཐུས་ཀྱང་བཙན་བྱོལ་བོད་མི་ཡོངས་ནས་འོས་བསྡུ་བྱ་ཆེད་བཅའ་སྒྲིག་བསྐྱར་བཅོས་དང་གང་ཟག་གཅིག་ལ་འོས་ཤོག་ཅིག་གི་ཐོབ་ཐང་ལས་མེད་པ། སྤྱི་འཐུས་ཀྱི་ལས་རྒྱུན་བཀའ་ཁྲིའི་ལས་རྒྱུན་ལྟར་རྒྱས་བཅད་བཟོ་རྒྱུ། གྲོས་ཚོགས་འོག་མ་ལས་དབང་ཚད་མཐོ་བའི་ཆེད་ལས་པ་དང་མཁས་དབང་ལས་གྲུབ་པའི་གྲོས་ཚོགས་གོང་མ་འཛུགས་རྒྱུ་སོགས་ལ་མང་མོས་བྱུང་འདུག

 

ཆོས་དང་རིག་གཞུང་སྐོར་ལ་དོན་ཚན་ ༡༣ ཡོད་པ་དག་ལས། ཤེས་ཡོན་སྲིད་བྱུས་གསར་པ་དེ་བོད་ཁྱིམ་སོགས་བཙན་བྱོལ་གྱི་སློབ་གྲྭ་ཡོངས་ནས་ལག་བསྟར་དགོས་པ་དང་ཆོས་རྒྱུད་ཁག་གི་གྲྭ་བཙུན་ཚོས་ཀུན་སྤྱོད་ལ་གཟབ་ནན་བྱ་དགོས་པ། བོད་རིགས་ཡོངས་ནས་སྐད་ཡིག་བསྲེ་ལྷད་མི་ཡོང་བ་བཅས་ཀྱི་ལས་དོན་ཐད་སྤྱི་སྒེར་གཉིས་ནས་མཉམ་རུབ་བྱ་དགོས་པ། ཆོས་རྒྱུད་ཁག་ནས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་མང་དུ་སྤེལ་དགོས་པ། སློབ་གྲྭ་ཁག་ཏུ་དགེ་རྒན་ཚད་ལྡན་བསྐོ་བཞག་གིས་མཐུན་རྐྱེན་ཇེ་བཟང་དུ་གཏོང་དགོས་པ་བཅས་ལ་སྤྱི་མོས་བྱུང་འདུག གཞིས་ཆགས་སྲ་བརྟན་སྐོར་ལ་དོན་ཚན་ ༣༢ འདུག་པ་དག་ལས། ཕྲུ་གུ་མང་པོ་ཡོད་རིགས་ལ་འཚོ་སྣོན་དང་སློབ་ཡོན་ལ་མཐུན་འགྱུར་སྲིད་བྱུས་བཟོ་རྒྱུ་དང་། གཞིས་ཆགས་ཁག་ནང་ས་ཞིང་ཡུལ་མིར་བོགས་གཏོང་བྱེད་བཞིན་པ་དག་ལ་ནང་སྲིད་ལས་ཁུངས་ནས་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱིས་ཐག་གཅོད་གནང་དགོས་པ། བལ་ཡུལ་དུ་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པར་བཀའ་སྤྱི་གཉིས་ནས་ལས་འཆར་བསྒྲིག་རྒྱུ་དང་རྒྱལ་ཁབ་གཞན་དུ་སྤོ་ཐབས་བྱ་རྒྱུ། བལ་གོས་བཙོང་མཁན་དག་གི་ཁྲལ་འབབ་ཆག་ཡང་ཐད་རྒྱ་གར་གཞུང་ལ་ཞུ་སྐུལ་དང་གཏན་འཇགས་ཁྲོམ་ས་རག་ཐབས་བྱ་རྒྱུ། ཁ་ཐོར་བོད་མི་རྣམས་གཞིས་ཁོངས་སུ་འཇུག་དགོས་པ་དང་གཞིས་སྒར་ཁག་ཏུ་བཟོ་གྲྭའི་རིགས་གསར་འཛུགས། བོད་ནས་གསར་དུ་འབྱོར་རིགས་ཚོར་བཀའ་སྤྱི་གཉིས་ནས་སྡོད་ཁང་སྐྲུན་ཐབས། ཕྱི་རྒྱལ་མི་རིགས་དང་གཉེན་སྒྲིག་བྱེད་མཁན་ཚོར་དཔྱ་ཁྲལ་ལག་དེབ་གནང་ཐབས་སོགས་ལ་སྤྱི་མོས་བྱུང་འདུག

 

དཔལ་འབྱོར་སྐོར་ལ་དོན་ཚན་ ༡༨ ཡོད་པ་དག་ནི། དང་བླངས་དཔྱ་དངུལ་སྤར་རྒྱུ་དང་སྔར་ཡོད་རྣམས་ཆད་ལུས་མེད་པ་བཟོ་རྒྱུ། རང་གཞུང་གི་འཆར་འགོད་འོག་དངུལ་ཁང་ཞིག་འཛུགས་རྒྱུ་དང་སོ་ནམ་གཞིས་ཆགས་ཁག་ཏུ་སྔར་སྲོལ་བཅོས་སྒྱུར་གྱིས་ཤིང་འབྲས་འདེབས་འཛུགས། བལ་གོས་སོགས་དགུན་ཚོང་ལས་རིགས་གཉེར་མཁན་དག་ལ་མ་རྩའི་དཀའ་ངལ་ཡོད་ན་རང་གཞུང་ནས་སྐྱེད་མེད་དང་། སྐྱེད་ཆུང་བུན་གཏོང་ལ་དགོངས་བཞེས་གནང་རྒྱུ་སོགས་ལ་སྤྱི་མོས་བྱུང་འདུག ཤེས་རིག་སྐོར་ལ་དོན་ཚན་ ༣༠ ཡོད་པ་དག་ལས། སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་ཚོར་ཆེ་མཐོང་དང་གཟེངས་ཐོན་རིགས་ལ་ཆེ་བསྟོད་གཟེངས་རྟགས་གནང་རྒྱུ། ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་བསྟི་གནས་ཁག་ཏུ་ལྟ་སྐོར་གྱིས་ཤེས་ཡོན་གནས་ཚད་སྤྱི་དང་སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་ཞིབ་འཇུག་མཐིལ་ཕྱིན་བྱ་རྒྱུ། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་ཁང་གི་འགན་འཁུར་འོག སློབ་གྲྭ་འཛུགས་སྐྲུན་གྱིས་མཚོན་པའི་གཞོན་སྐྱེས་ཚོར་བོད་པའི་སྐད་ཡིག་གོམ་གཤིས་སློབ་སྦྱོང་གི་མཐུན་འགྱུར་ཞུ་རྒྱུ། སློབ་གྲྭ་ཁག་ནང་བོད་ཀྱི་ཁོར་ཡུག་དང་ས་དཔྱད་རིག་པ། བཟང་སྤྱོད་སོགས་ཀྱི་སློབ་ཚན་འཇོག་རྒྱུ་སོགས་ལ་སྤྱི་མོས་བྱུང་འདུག

 

བོད་དོན་དྲིལ་བསྒྲགས་སྐོར་ལ་དོན་ཚན་ ༡༨ ཡོད་པ་དག་ལས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་དོན་དྲིལ་བསྒྲགས་ལ་འགན་མཉམ་ལེན་བྱ་དགོས་པ་དང་བོད་གཞུང་དྲིལ་བསྒྲགས་རྒྱ་ཡིག་སྡེ་ཚན་རྒྱ་སྐྱེད་གཏོང་དགོས་པ། བོད་གཞུང་དྲིལ་བསྒྲགས་འོག དམིགས་བསལ་རྒྱ་ནག་ཉམས་ཞིབ་སྡེ་ཚན་ཞིག་འཛུགས་གལ་ཆེ་བ་དང་རྒྱ་གར་ཡུལ་མིར་བོད་དོན་དྲིལ་བསྒྲགས་ཤུགས་ཆེན་བྱ་དགོས་པ། བོད་རིག་པའི་ཞིབ་འཇུག་དང་རྒྱལ་སྤྱིའི་ཁོར་ཡུག་ཚོགས་འདུ་སོགས་ལ་བོད་པའི་སྐུ་ཚབ་མང་པོ་གཏོང་ཐབས་བྱ་རྒྱུ་སོགས་ལ་སྤྱི་མོས་བྱུང་འདུག ཕྱི་རྒྱལ་བོད་མི་ཁ་ཐོར་སྐོར་ལ་དོན་ཚན་ ༨ ཡོད་པ་དག་ལས། ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་གིས་མཉམ་རུབ་རོགས་སྐྱོར་ཐེབས་རྩ་བཙུགས་ཏེ། གཞིས་ཆགས་སྐྱོ་བོ་སོགས་ལས་ལ་རོགས་རམ་བྱ་རྒྱུ། ཕྱི་རྒྱལ་ཁག་ཏུ་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་ཆེད་དངུལ་ཟུར་བཅད་ཡོད་སྟབས། བོད་རིགས་ཚོགས་པ་ཚོས་ཐོབ་ཐང་དེ་རིགས་རག་ཐབས་བྱ་རྒྱུ་སོགས་ལ་སྤྱི་མོས་བྱུང་འདུག འཕྲོད་བསྟེན་སྐོར་ལ་དོན་ཚན་ ༡༤ ཡོད་པ་དག་ལས། བཙན་བྱོལ་བོད་གཞུང་གིས་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་འཕྲོད་བསྟེན་སྲིད་བྱུས་གསར་པ་ཞིག་གཏན་འབེབས་བྱ་དགོས་པ་དང་། ལོ་རིམ་དང་བསྟུན་ཏེ་ཤེས་ཡོན་སྲིད་བྱུས་ནང་བོད་ལུགས་གསོ་རིག་གི་ཤེས་བྱ་ངོ་སྤྲོད་འཇོག་དགོས་པ། བོད་ལུགས་གསོ་རིག་དང་ནང་ཆོས་ཟུང་འབྲེལ་གྱི་སེམས་ཁམས་སློབ་གསོའི་ཡིག་ཆ་གསར་བཟོ་བྱ་དགོས་པ་སོགས་ལ་སྤྱི་མོས་བྱུང་འདུག

 

མཇུག་མཐར་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་གནང་དོན། ད་རེབ་འདིར་ཚོགས་འདུ་ཚོགས་ཐུབ་པ་ཡག་པོ་ཞེ་དྲག་བྱུང་འདུག ཚོགས་ཆུང་ཁག་བགོས་ཀྱིས་གོ་བསྡུར་ཞིབ་ལྷུག་བྱུང་བ་དེ་གལ་ཆེན་པོ་རེད། ཉམས་མྱོང་འདི་གཞི་ལ་བཞག་སྟེ། མ་འོངས་པར་ལེགས་བཅོས་བྱེད་བཞིན་མུ་མཐུད་ཚོགས་ཐུབ་པའི་འདུན་པ་ཡོད་པ་དེ་ཡག་པོ་ཞེ་དྲག་རེད། བོད་སྤྱི་བའི་དོན་དག་ཟེར་བ་དེ་ང་ཚོ་ཚང་མར་ལྷག་བསམ་དང་། དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱི་འོག་ནས་ཡོང་དགོས་པ་ཞིག་ཆགས་ཡོད། སྐབས་རེར་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཟུར་དུ་ལྷག་ཡོད་པ་དང་། མང་ཚོགས་ཟུར་གཞན་ཞིག་ཏུ་ལྷག་ཡོད་པའི་བཟོ་འདྲ་བོ་བཤད་མཁན་ཡོང་གི་ཡོད། ང་གཞིས་ཆགས་ཁག་ཏུ་འགྲོ་སྐབས་བཤད་ཀྱི་ཡོད། སྤྱིར་མ་འགྲིག་ཕྲན་བུ་རེ་ཡོང་གི་རེད་དེ། མ་འགྲིག་པ་བཤད་ས་ཞིག་ཡོད་པ་དེ་ཡག་པོ་ཞེ་དྲག་རེད།

བཙན་བྱོལ་བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པ་རེད། གཞིས་ལུས་མི་དམངས་ས་ཡ་དྲུག་ཙམ་ཡོད་པ་དེ་དག་གི་བློ་གཏོད་ས་དེ། ང་མི་གཅིག་གི་སྐད་ཆ་མ་རེད། རང་དབང་ལུང་པར་ཡོད་པའི་བོད་མིའི་གོང་བུ་འདི་རེད། ང་ཚོའི་སྤྱི་བའི་སྒྲིག་འཛུགས་འདི་རྡོག་སྒྲིལ་བོ་ཡོང་རྒྱུ་གལ་ཆེན་པོ་རེད། གཞུང་དམངས་གཉིས་ཐད་ནས་ལས་ཀ་གང་འདྲ་བྱེད་ཀྱི་ཡོད་པའི་གནས་ཚུལ་གསལ་བོ་ཤེས་པ་ཡིན་ན་ཡིད་ཆེས་ཡོང་གི་རེད། རྡོག་རྩ་གཅིག་སྒྲིལ་གྱི་ས་བོན་དེ་ཡིད་ཆེས་རེད། གུང་ཁྲན་ཏང་གིས་ལོ་ངོ་དྲུག་ཅུ་ལྷག་ལ་མཐུན་སྒྲིལ་བཤད་བསྡད་ཀྱང་། མི་ལ་ཡིད་ཆེས་མེད་ན་མཐུན་སྒྲིལ་གང་ནས་ཡོང་གི་རེད། ཕན་ཚུན་ལ་ཡིད་ཆེས་ཡོང་བ་ལ་ད་རེབ་ཀྱི་ཚོགས་ཆེན་ལྟ་བའི་བགྲོ་གླེང་ཚོགས་འདུ་རིགས་གལ་ཆེན་པོ་རེད། མཉམ་རུབ་ཐོག་གོ་བསྡུར་བྱས་ཏེ་ཕྱི་གསལ་ནང་གསལ་བྱུང་ན། ད་གཟོད་ཡིད་ཆེས་སླེབས་གི་རེད། ད་རེབ་ཡག་པོ་ཞེ་དྲག་བྱུང་འདུག བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཞེས་གསུངས་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་ནས་སྤེལ ༽

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 23

  1. སྙེ་བསྟན། says:
    ལོ་ 16 སྔོན།

    ཁ་ཤས་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིག་པ་མ་ཡིན་པའི་སྨོན་འདུན་ཞུ། གཞུང་མངས་རྒྱལ་ཡོངས་ཚོགས་ཆེན་ཞེས་པའི་ཞལ་བྱང་རང་ལྟ་ལེགས་པོ་བྲིས་འདུག་ལྟ་ཡིན་ནའི། ལག་ལེན་དོན་མཐུན་ཡོང་མིན་བཀའ་ཁྲི་གསར་པའི་དགོང་ཚུལ་ཇི་ལྟར་ཡོད་མིན་སུས་ཤེས་ད་ལྟ་བལྟ། ཁ་ཤས་བརྒྱ་བཤད་སྟོང་བཤད་བྱས་ཏེ་ང་ཡིན་དང་ཁོ་ཡིན་ཟེར་མཁན་མང་པོ་ཞིག་འདུག་ཀྱང་། རི་བོང་ཅལ་སྒྲོགས་ཀྱི་དཔེ་ཡིན་གྱི་ནི་མ་རེད། ད་ཡིན་ན་ང་ཡིན་ཁོ་ཡིན་ཤ་ཅིག་རེད། ཁ་རོག་མ་སྡོད་བོད་མི་ཚོ།

    Reply
  2. སྙེ་བསྟན། says:
    ལོ་ 16 སྔོན།

    ཚོགས་ཆེན་ལེགས་གྲུབ་བྱུང་བར་ཧ་ཅང་དགའ། ཡིན་རུང་ཚོགས་ཆེན་སྟེང་དུ་ཆོས་བརྒྱུད་སྤྱི་འཐུད་དགོས་མིན་གྲོས་གཞིར་ཧ་ཅང་སེམས་ཕམ་བྱུང་ཨ་བོས་མ་ཐུབ་ར་ཕོ། ར་ཕོས་མ་ཐུབ་ཙི་ཙིའི་དཔེ་ལྟར་ཡིད་སྐྱོ་ཡིད་སྐྱོ་ང་ངོ་མ་ཡིད་སྐྱོ་བྱུང་། ཞི་བདེ་ལྷིང་འཇགས་ཀྱི་བོད་མིའི་སྐྱིད་སྡུག་དེ་ད་ཡང་ཁྲག་དྲི་དྲོ་བའི་བླུན་པོ་འགའི་རྗེས་སུ་རྒ྄ུགས་ཀྱིས།

    Reply
  3. གཅེན་པོ། says:
    ལོ་ 16 སྔོན།

    ཚོགས་ཆེན་ལེགས་གྲུབ་ལ་བཀྲིས་བདེ་ལེགས་དང་ཚོགས་ཆེན་གྱི་དགོངས་དོན་མྱུར་དུ་སྨིན་པའི་སྨོན་ལམ་ཡོད།

    Reply
  4. སྣང་གསལ། says:
    ལོ་ 16 སྔོན།

    ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་དབུས་པའི་གཞི་བྱེས་བོད་མི་ཡོང་ལ་བོད་རྒྱལ་ཡོངས་དམངས་གཙོ་དབུ་གཉེས་ནས་མིལོ་༥༠་འཁོར་བའི་རྟེན་འབྲེལ་དང་་་བོད་རྒྱལ་ཡོངས་ཚོཌ་ཆེན་ལེགས་གྲུབ་བྱུང་བར་
    འཚམས་དྲིན་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  5. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 16 སྔོན།

    ཚོགས་ཆེན་གྱི་གྲུབ་འབྲས་གྲོས་ཆོད་རྣམས་ཡག་པོ་བྱུང་འདུག་དགའ་པོ་བྱུང། ཚོགས་འདུར་ཕེབས་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོང་པ་ལག་ལེན་བསྟར་ཐུབ་པས་རེ་བ་ཡོད།

    གྲོས་ཚོགས་འོག་མ་ལས་དབང་ཚད་མཐོ་བའི་ཆེད་ལས་པ་དང་མཁས་དབང་ལས་གྲུབ་པའི་གྲོས་ཚོགས་གོང་མ་གསར་འཛུགས་བྱེད་རྒྱུ་ལ་འདོད་པ་ཆེན་པོ་ཡོད་པའི་ཕྱག་ལེན་བསྟར་ཐུབ་པའི་བཀྲ་ཤིས་རེ་སྒུགས་ཡོད།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གྲོས་གཞི་ཁག་ལ་གྲོས་བསྡུར་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་འདས་ཟིན་པའི་ལོ་ཟླ་དེའི་ནང་ང་ཚོས་མ་བཤད་པས་ལན་མེད་ལ། མ་འཇོན་འཇོན་མདོག་དང་མ་ཡིན་ཡིན་མདོག་མ་བྱས་པས་ཀྱང་ལན་མེད། ད་ལྟ་བར་དུ་མ་འགྲིག་པའི་དཀའ་གནད་ཆེ་ཤོས་ནི་བཤད་པ་གཞིར་བཟུང་ལག་ལེན་མ་བསྟར་པས་ལན་པ་རེད། དེར་བརྟེན་འབྱུང་འགྱུར་ཡང་ཁ་བཤད་ཆུ་ཡི་ལྦུ་བ་ཁོ་ནར་མ་འགྲོ་བའི་ཆེད་ང་ཚོ་ཚང་མས་ཡིད་གཟབ་བྱེད་རྒྱུ་གལ་ཆེར་མཐོང་། ཚོགས་བཅར་བ་ཚང་མར་འཚམས་འདྲི་ཡོད།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གྲོས་གཞི་ཁག་ལ་གྲོས་བསྡུར་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་འདས་ཟིན་པའི་ལོ་ཟླ་དེའི་ནང་ང་ཚོས་མ་བཤད་པས་ལན་མེད་ལ། མ་འཇོན་འཇོན་མདོག་དང་མ་ཡིན་ཡིན་མདོག་མ་བྱས་པས་ཀྱང་ལན་མེད། ད་ལྟ་བར་དུ་མ་འགྲིག་པའི་དཀའ་གནད་ཆེ་ཤོས་ནི་བཤད་པ་གཞིར་བཟུང་ལག་ལེན་མ་བསྟར་པས་ལན་པ་རེད། དེར་བརྟེན་འབྱུང་འགྱུར་ཡང་ཁ་བཤད་ཆུ་ཡི་ལྦུ་བ་ཁོ་ནར་མ་འགྲོ་བའི་ཆེད་ང་ཚོ་ཚང་མས་ཡིད་གཟབ་བྱེད་རྒྱུ་གལ་ཆེར་མངོན།།

    Reply
  8. རྐང་གསུམ། says:
    ལོ་ 16 སྔོན།

    གྲོས་ཆོད་ཡག་པོ་འདུག་་་་་་ཡིན་ནའང་ང་ཚོས་ལག་ལེན་ཁྲོད་དུ་ཡོད་མེད་ལ་ལྟ་དགོས། ལག་ལེན་་་་་ལག་ལེན་་་་ལག་ལེན་་་་་་ཁྱོད་ཀྱིས་ང་ཚོ་ཕོང་གི་ཡིན་ནམ་་་་ལག་ལེན་་་་་་ལག་ལེན་་་་ལག་ལེན་་་་་་་

    Reply
  9. ་འབྲི་མཚོ says:
    ལོ་ 16 སྔོན།

    ངོ་མ་བཀྲིས་ཤིས་པའི་ཉི་མ་ཞིག་རེད་ཡ་འདི་ལྟ་བུར་དུས་ཚོད་བཟང་པོ་དང་གོ་སྐབས་བཟང་པོ་ཞིག་མི་རིང་བར་རང་ཡུལ་གང་ཅན་ལྗོངས་ལ་ཤར་བ་ཤོག་་་་་་བོད་རྒྱལ་ལོ་་་་་་་བོད་རྒྱལ་ལོ་་་་་་་་་བོད་མི་ཚོ་མྱུར་དུ་བོད་ལ་ལོག་འགྲོ་་་་་་་་་་

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གྲོས་གཞི་ཁག་ལ་གྲོས་བསྡུར་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་འདས་ཟིན་པའི་ལོ་ཟླ་དེའི་ནང་ང་ཚོས་མ་བཤད་པས་ལན་མེད་ལ། མ་འཇོན་འཇོན་མདོག་དང་མ་ཡིན་ཡིན་མདོག་མ་བྱས་པས་ཀྱང་ལན་མེད། ད་ལྟ་བར་དུ་མ་འགྲིག་པའི་དཀའ་གནད་ཆེ་ཤོས་ནི་བཤད་པ་གཞིར་བཟུང་ལག་ལེན་མ་བསྟར་པས་ལན་པ་རེད། དེར་བརྟེན་འབྱུང་འགྱུར་ཡང་ཁ་བཤད་ཆུ་ཡི་ལྦུ་བ་ཁོ་ནར་མ་འགྲོ་བའི་ཆེད་ང་ཚོ་ཚང་མས་ཡིད་གཟབ་བྱེད་རྒྱུ་གལ་ཆེར་མངོན།།

    Reply
  11. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ཚོགས་ཆེན་འདིར་ཕེབས་པའི་ཚོགས་བཅར་བ་མང་ཆེ་བས་དམིགས་ཡུལ་དང་རྒྱབ་ལོག་ནས་ལམ་སྟོན་གནང་མཁན་ཚང་མས་ནུས་ཤུགས་སྟོན་ས་དེ་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་པའི་གྲོས་གཞི་དང་གྲོས་འཆར་མང་ཆེ་བ་དེ་རེད་འདུག་ཅི་སྟེ་དེ་ལམ་འགྲོ་ཞིག་རྒྱུགས་ཚེ་ཁོང་ཚོས་གྲོས་འཆར་དང་འདིར་ཕེབས་དགོས་པའི་འདོད་དོན་ཡོངས་སུ་འགྲུབ་པ་ལྟ་བུའི་ཚོར་སྣང་ཞིག་སྦྱིན་བྱུང་།

    Reply
  12. penba says:
    ལོ་ 16 སྔོན།

    གྲོས་ཆོས་ལེགས་པོ་བྱུང་འདུག
    འོན་ཀྱང་།ང་ཚོས་ཞལ་རྡར་རྒྱུ་དང་ཡིག་ཐོག་ལ་ཕབ་རྒྱུ་ལས་སླ་པོ་ཡིན་ཀྱང་གྲོས་མཐུན་རེར་བསྒྲུབ་ནུས་ཀྱི་གདེང་སྤོག་དང་ལས་འཆར་དགོས་འཁོ་གང་དག་དང་གཞན་རོགས་གང་འདྲ་ཡོད་མེད།དེ་བཞིན་སྔོན་ཏུ་བསྒྲུབ་ཐུབ་པ་གང་དག་དང་ངམ་གཞུང་ཚིགས་གཉིས་ནས་ད་ལྟར་སྒྲུབ་ཐུབ་པ་གང་ཡོད་སོགས་ཞིབ་བསྡུར་གནང་ཡོད་དམ།
    གལ་སྲིད་དེ་ལྟར་མེད་ན་རྒྱ་ཆ་༨༠།ཁ་གཏོང་ཙམ་ལས་དོན་འབྲས་མེད་པར་བཤད་ཐུབ།གང་ཡིན་ཟེར་ན།་འདས་ཟིན་གྱི་དུས་ཚིག་ནང་འདི་ལྟ་བུའི་གྲོས་ཆོས་གཞུང་གཉིས་ཀྱི་ཚོགས་དུས་ཁག་ཏུa་བརྒྱ་ལྷག་བརྗོད་ཟིན།ཐུགས་རྗེ་ཆེ།

    Reply
  13. གླང་དར་མ། says:
    ལོ་ 16 སྔོན།

    ཨ་ཁུ་ཁ་བ་ནག་པོ་འདིས་ངའི་བསམ་ཚུལ་ཚང་མ་བྲིས་འདུག་ད་དེ་འདྲ་རེད་ཡ།།།།།།།

    Reply
  14. kalsang says:
    ལོ་ 16 སྔོན།

    གྲོས་ཆོད་གྲོས་ཆོད་གྲོས་ཆོད་ཁང་བརྩིགས་ལྟ་བུར་ཞིག་བཞག་སོང་།ཡིན་ནའངལོ་འདི་དག་གི་རིང་ལ་་གྲོས་ཆོད་གཅིག་ཀྱང་ལེགས་འགྲུབ་བྱུང་མེད།ད་དུང་རྨོངས་གཉིད་ལས་མ་སད་པའི་མི་སྐོར་ཞིག་གིས་ཁྱི་རྒས་ཤེས་ནས་ཟུག་ན་ཁྱི་ཕྲུ་མ་ཤེས་པར་ཟུག་ཅེས་པའི་དཔེ་ལྟར་འགྲོ་བཞིན་འདུག།

    Reply
  15. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 16 སྔོན།

    བོད་གཞུང་མང་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་ཆེས་ཕུལ་དུ་འབྱུང་བའི་གཟི་བརྫིད་དང་རིན་ཐང་འདུག རིན་ཐང་དང་གཟི་བརྗིད་འདི་ཤོག་བུའི་ཐོག་གི་གཟི་བརྗིད་དང་རིན་ཐང་ཤིག་མ་ཡིན་རེ་བ་ཡོད།།

    Reply
  16. ཕྱོགས་གླང། says:
    ལོ་ 16 སྔོན།

    གྲོས་ཚོགས་གོང་འོག་སྐོར་གྲོས་བསྡུར་ཐོག་མང་མོས་་བྱུང་བར་དགའ་བསུ་དང་། ཕྱག་ལེན་བསྟར་ཐུབ་པའི་རེ་སྨོན་ཞུ་རྒྱུ།།

    Reply
  17. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    གྲོས་ཆོད་དེ་ཚོ་མི་མང་ལ་དགོས་པ་དང་སྤྱི་ཚོགས་པ་མཁོ་ཏག་ཏག་རེད། འདས་ཟིན་པའི་ཚོགས་འདུ་གང་མང་ཞིག་གི་སྐབས་སུ་ཡང་གྲོས་ཆོད་འདི་འདྲ་མ་བཞག་པའི་ཚོགས་འདུ་གཅིག་ཀྱང་མེད་པར་འདོད།
    འོན་ཀྱང་། གནད་དོན་གཙོ་ལག་ལེན་མ་བྱས་པའམ་ལག་ལེན་དུ་བསྟར་མ་ཐུབ་པ་དེ་རེད། ད་ནི་གཙོ་བོ་ལག་ལེན་གྱི་ཐོག་ནས་མི་མང་ལ་གོ་བརྡ་མ་སྤྲད་ན་མི་མང་ཡང་སྔར་བཞིན་ཡིན་ལ། གཞུང་ཡང་སྔར་བཞིན་གཉིད་མ་སད་ཀྱི་ངང་འགྲོ་གི་རེད།

    Reply
  18. འཇམ་གྲགས says:
    ལོ་ 16 སྔོན།

    ཚོགས་ཆེན་ནང་ཆོས་ལུགས་སྤྱི་འཐུས་དགོས་མིན་སྐོར་ལ་གླེང་སློང་མང་པོ་བྱུང་འདུག ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་མཁན་ཚོའི་དམིགས་ཡུལ་དང་རྒྱབ་ལྗོངས་ག་རེ་ཡིན་ནམ།

    Reply
  19. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    གྲོས་ཆོད་རྡོག་རྡོག་དེ་མི་དམངས་ཀྱི་ལས་འགན་ཚང་མ་གོང་ས་མཆོག་གི་སྐུ་དཔུང་གི་སྟེང་དུ་སྤུངས་དགོས་ཞེས་པ་དེ་རེད་ལ། ད་དུང་གོང་ས་མཆོག་སྐུ་རྒས་མི་ཆོག་སྐུ་ངལ་གསོ་མི་ཆོག་ཅེས་སྐད་ཆ་བསྐོར་ནས་བཤད་འདུག་ག

    Reply
  20. kunsal says:
    ལོ་ 16 སྔོན།

    ཚོགས་ཆེན་གྱི་གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་བྱུང་འདུག ཚོགས་འདུར་ཕེབས་པ་ཚང་མར་ཐུགས་རྗེ་ཆེ་ཞུ།

    Reply
  21. ཤྰ་རིའི་བུ། says:
    ལོ་ 16 སྔོན།

    ཨ་དགེ་ལགས་ཀྱིས་པར་ལ་གསལ་པོ་ཞིག་གཟིགས་འདུག་པའི་ཡག་འདུག་ཀྱང་དམིགས་ཡུལ་ངོ་མ་གཟིགས་མི་འདུག་ག

    Reply
  22. lyonhomme says:
    ལོ་ 16 སྔོན།

    དངོས་ནི་སེམས་དགའ་ནི་ཞིག་རེད་ གྲོས་ཆོད་མང་པོ་དང་ཡག་པོ་བཞག་འདུག ལག་ལེན་ལ་འཁོད་ཐུབ་ན་མ་འོང་པ་ང་ཚོའི་བོད་ལ་རེ་བ་ཞིག་་ཡོད་གུ་བསམས་ རང་ཉིད་ཡིན་ན་འང་གྲོས་ཆོད་་རྣམས་ལག་ལེན་ཡོང་ཐུབ་ལ་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུ་ཡིན།ཐུགས་རྗེ་ཆེའོ།།

    Reply
  23. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ངོ་མ་པར་དང་པོ་དང་གཉིས་པ། བཞི་བ་གསུམ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་འདུག

    དེ་ནས་གནས་ཚུལ་དག་ཁ་ཐུག་བཏང་བ་ཧ་ཅང་བཟང་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese