དེ་རིང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོ་ནི་རྒྱ་ནག་མི་དམངས་ཀྱི་རླུང་འཕྲིན་ལས་དོན་སྤེལ་བ་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཙུགས་ཏེ་ལོ་འཁོར་ ༧༠ ལོན་པའི་ལོ་རེད་ལ། ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་ཕྱིན་ཏེ། རྩོམ་སྒྲིག་པ་དང་གསར་འགོད་པ། ལས་བྱེད་པ་དང་ལས་བཟོ་བ་བཅས་ལ་འཚམས་འདྲི་བྱས་པ་དང་། ཉན་མཁན་རྣམས་ལ་ཐད་གཏོང་ཁ་པར་ལས་བསམ་ཚུལ་བརྗེ་རེས་བྱས་ཡོད་ཟེར།
གསར་འགྱུར་དེའི་ནང་ད་དུང་། ལོ་འདི་འགའི་རིང་ལ། རང་རྒྱལ་དུ་ཝུན་ཁྲོན་ས་འགུལ་དང་ཡུལ་ཤུལ་ས་འགུལ། འབྲུག་ཆུའི་ཆུ་ལོག་སོགས་རང་བྱུང་གནོད་འཚེ་ཆེན་པོ་མང་པོ་བྱུང་བས། ལོ་སར་ལ་ཉེ་བའི་སྐབས་འདིར་ས་དེ་དག་གི་གནོད་ཐེབས་མང་ཚོགས་ཀྱིས་འཚོ་བ་ཇི་ལྟ་བུ་ཞིག་རོལ་བཞིན་པ་ནི་ཚང་མས་སེམས་ཁུར་བྱེད་པའི་དོན་དག་རེད་ཅེས་དང་། ཝུན་ཅ་པའོ་ཡིས་འབྲུག་ཆུའི་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་རྒྱུན་ཏུ་ཐུགས་ཁུར་གནང་བཞིན་ཡོད། ཁོང་གིས་འབྲུག་ཆུ་ད་ལྟ་དགུན་ཁར་སྡོད་ཁང་དཀོན་པ་དང་། དངོས་གོང་འཕར་བ། ཁང་གླ་མཐོ་དྲགས་པ་བཅས་ཀྱི་དཀའ་ངལ་གསུམ་ལ་འཕྲད་ཡོད།
ཡུལ་ཤུལ་ཆ་ཚང་སློབ་ཆུང་གསུམ་པའི་དགེ་རྒན་ཚེ་སྒྲོན་འཚོ་ཡིས་ཝུན་ཅ་པའོ་ལ་ནམ་ཟླ་འཁྱག་པས་སློབ་གྲྭར་ཟླ་སྔོན་མའི་ནང་དུ་དགུན་གནང་བཏང་བ་ཡིན་ལ། སློབ་གྲྭའི་བྱིས་པ་ཚང་མ་ཧ་ཅང་བཟང་བ་དང་སློབ་སྦྱོང་ལ་སྔར་ལས་ཀྱང་འབད་པ་བྱེད་པའི་གནས་ཚུལ་ཞུས་རྗེས། ཝུན་གྱིས་ཚེ་སྒྲོན་འཚོ་ལ་བྱིས་པ་ཚོར་རང་གི་ལུས་ཕུང་ལ་བདག་སྐྱོང་དང་སློབ་སྦྱོང་ལ་འབད་པ་བྱེད་དགོས་ཚུལ་བཤད་དགོས་པ་དང་། དགུན་ཁར་ལྕགས་ཐབ་བཀོལ་སྐབས་མེ་དགྲ་ལ་ལྷག་ཏུ་མཉམ་འཇོག་དགོས་པའི་མངག་བཅོལ་བྱས་ཡོད་འདུག
ཉིན་དེར་ཝུན་ཅ་པའོ་ཡིས་རླུང་འཕྲིན་ཁང་གི་གསར་འགོད་པ་དང་། རྩོམ་སྒྲིག་པར་འཚམས་འདྲི་བྱས་མ་ཟད། མིང་དུ་གྲགས་པའི་སྙན་སྒྲོན་པ་དང་རྩོམ་སྒྲིག་པ། གསར་འགོད་པ་ཁ་ཤས་དང་བཞུགས་མོལ་བྱས་ཡོད་ཟེར།
གསར་འགོད་པ། ཨ་རིག་འགྱུར་མེད།
སྤྱི་དམངས་ཀྱི་རང་དབང་ལ་འགན་ཁུར་ཚད་ལྡན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཚེ། གསར་འགྱུར་ལས་རིགས་ནི་མེདེ་དུ་མི་རུང་བའི་བརྒྱུད་ལམ་དེ་ཡིན། དེས་ན་གསར་འགྱུར་ལས་རིགས་ལ་ཚད་མཐོའི་འཐོང་ཆེན་བྱ་དགོས་པ་དེའང་འདོར་མེད་ཀྱི་ལས་འགན་ཞིག་ཡིན་པའི་ཆ་ནས་བཤད་ན། གསར་འགྱུར་ལས་རིགས་ཀྱི་སྡེ་ཚན་འདི་ལྟ་བུར་རྒྱལ་ཁབ་རིམ་པའི་དབུ་ཁྲིད་དག་གིས་འཚམས་གཟིགས་དུས་ནས་དུས་སུ་བྱས་པ་དེས་སྤྱི་དམངས་ལ་འགན་ཁུར་དང་གུས་པ་ཆེན་པོ་བྱེད་པའི་མཚོན་རྟགས་ཤིག་ཡིན་མོད། ད་རེས་ཝུན་གྱི་གཟིགས་སྐོར་འདི་ལ་དེ་ལྟ་བུའི་རིན་ཐང་ཡོད་མེད་བརྟག་རྒྱུ་རེད།