དེ་རིང་ནས་མགོ་འཛུགས་ཏེ་ཟླ་གཅིག་རིང་ཐེ་ཝན་གྱི་གྲོང་ཁྱེར་ཤིན་ཚུའི་ནང་རྟེན་གཞི་བྱས་པའི་ཅའོ་ཏུང་འགྲིམ་འགྲུལ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་བོད་མཐུན་འབྲེལ་ཚོགས་པ་དང་། ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གཉིས་ཟུང་འབྲེལ་ཐོག་བོད་ཀྱི་རིག་གཞུང་འགྲེམ་སྟོན་ཞིག་གོ་སྒྲིག་བྱེད་བཞིན་པ་དང་། ཐེངས་འདིའི་འགྲེམས་སྟོན་སྐབས་རྒྱ་ཡིག་ཐོག་ཡོད་པའི་༧གོང་ས་མཆོག་དང་བོད་ཀྱི་སྐོར་ལ་དེབ་ ༢༠༠ ཙམ་འགྲེམས་སྟོན་བྱ་རྒྱུ་ཡིན་འདུག
གོང་གསལ་གསར་འགྱུར་ནང་མུ་མཐུད་བཀོད་པ་ལྟར་ན། ༢༠༠༩ ལོའི་ཟླ་ ༧ ནས་ད་བར་ཐེ་ཝན་གྱི་གྲོང་ཁྱེར་ཁག་ལྔའི་ནང་འགྲེམས་སྟོན་འདིའི་རིགས་ཐེངས་དྲུག་ལ་བྱས་པ་དང་། འགྲེམས་སྟོན་ཐེངས་ལྔ་པ་དེ་ཐེ་ཝན་གྲོང་ཁྱེར་ཀའོ་ཤུང་དུ་ ༢༠༡༠ ལོའི་ཟླ་ ༩ ཚེས་ ༢ ནས་ཟླ་གཉིས་རིང་བྱ་རྒྱུའི་འཆར་གཞི་ཡོད་ཀྱང་། མང་ཚོགས་ཀྱིས་དོ་སྣང་ཆེ་རྐྱེན་ཟླ་བ་གཅིག་ཕར་འགྱངས་བྱེད་དགོས་བྱུང་ཡོད། ཐེངས་འདིའི་འགྲེམས་སྟོན་སྐབས་༸གོང་ས་མཆོག་གི་མཛད་རྣམ་དང་འགྲེལ་བའི་སྐུ་པར་ཁག་ཅིག་དང་ནང་ཆོས་སྐོར། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། སྔ་མོའི་བོད་ཀྱི་ཤོག་དངུལ་དང་ཊམ་ཀ སྦྲག་གླའི་ཐེལ་ཤོག་ (postal stamp) རིགས། བཙན་བྱོལ་བོད་མིའི་གནས་སྟངས་དང་བོད་ནང་གི་གནས་སྟངས་བཅས་པར་རིས་ཀྱི་ལམ་ནས་འགྲེམས་སྟོན་ཞུ་བཞིན་ཡོད་སྐོར་གྱི་གནས་ཚུལ་བོད་གཞུང་དྲ་རྒྱའི་སྟེང་སྤེལ་འདུག
འགྲེམས་སྟོན་གནང་བར་ཡག་པོ་རེད། ཡིན་ནའང་རྒྱ་ཡིག་ཆེན་པོ་ཞིག་གང་དུ་བྲིས་ནས་བོད་ཡིག་དེ་འོག་ཏུ་བྲིས་པ་དེ་ཏོག་ཙམ་མ་བདེ་བ་ཞིག་བྱུང་། ལྷག་ཏུ་འདི་བོད་ཀྱི་རིག་གཞུང་གི་འགྲེམས་སྟོན་ཡིན་ཙམ་བོད་ཡིག་དེ་དང་ཐོག་ནས་འབྲི་དགོས་པ་ལྟ་བུ་མངོན་སོང་།