བོད་གཞུང་ནང་སྲིད་དྲུང་ཆེ་དང་ཁེ་ན་ཌའི་གཞུང་ཚབ་པ་ཞིག་ཨ་རུ་ན་ཅལ་དུ། ཁེན་ཌེར་བོད་མི་ ༡༠༠༠ ལེན་འཆར་གྱི་བསམ་ཚུལ་བསྡུ་རུ་ཕྱིན་འདུག་ཀྱང་། དེའི་ཐད་བོད་གཞུང་གི་མགྲིན་ཚབ་པ་རྣམས་ཀྱིས་བཀའ་ལན་གནང་སྟངས་སྣ་ཚོགས་ཤིག་འབྱུང་གི་འདུག
སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་ཁེ་ན་ཌའི་མི་སེར་དང་ཡུལ་མི་གནས་སྤོར་ལས་ཁུངས་ཀྱིས་འབྱུང་འགྱུར་ལོ་ལྔའི་ནང་ཁེ་ན་ཌ་གཞུང་གིས་རྒྱ་གར་ཤར་ཕྱོགས་ཀྱི་ཨ་རུ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ སྐྱབས་བཅོལ་དུ་ལེན་རྒྱུ་ཡིན་སྐོར་བཤད་ཡོད་ལ། ད་ལྟའི་བར་ཟླ་གཅིག་ཕྱིན་ཡོད། ཡིན་ནའང་། འདས་པའི་ཟླ་ངོ་གཅིག་རིང་འདིར་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་རྣམས་ཀྱིས་གནས་ཚུལ་འདི་ད་དུང་གཞུང་འབྲེལ་ཆགས་མེད་སྟབས་གསར་འགོད་པའི་དྲི་བར་ལན་འདེབས་བྱ་རྒྱུ་གང་ཡང་མེད་ཅེས་གསུང་གི་ཡོད།
དེའི་སྟེང་ཟླ་སྔོན་མའི་ཚེས་ ༢༨ ཉིན་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། གནས་ཚུལ་འདི་ཕྱི་ལོགས་ནས་གོ་བསྡད་པ་ཙམ་ལས་ད་ལྟའི་ཆར་འདིར་གཞུང་འབྲེལ་ཐོག་འབྱོར་བའི་གནས་ཚུལ་དེ་འདྲ་མ་རེད། དཔེར་ན། ག་འདྲ་བྱས་ཏེ་ལེན་རྒྱུ་དང་གང་ནས་ལེན་རྒྱུ། འགྲོ་ལུགས་འགྲོ་སྟངས། ཆ་རྐྱེན་གང་འདྲ་ཡོད་མེད་སོགས་ཀྱི་གནས་ཚུལ་མང་བོ་ཡོང་སྲིད་ཀྱང་། འདིའི་སྐོར་ལ་ད་དུང་ཞིབ་ཕྲའི་གནས་ཚུལ་གང་ཡང་མེད་པར་བརྟེན། གནས་ཚུལ་འདི་ད་ལྟའི་ཆར་གཞུང་འབྲེལ་ཆགས་མེད་ཅེས་གསུངས་ཡོད་ལ། ཁོང་གི་བཀའ་ལན་ལྟར་ན་གནས་ཚུལ་འདིའི་སྐོར་ལ་ད་སྔ་བོད་གཞུང་ལ་རྒྱུས་མངའ་གང་ཡང་མེད་པ་ལྟར་མངོན།
ཡང་ཚེས་ ༡༣ ཉིན་ནས་ ༢༤ བར་ཉིན་ ༡༢ རིང་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་གཞུང་འབྲེལ་ཐོག་རྒྱ་གར་ཤར་ཕྱོགས་ཨ་རུ་ན་ཅལ་མངའ་སྡེ་ཡི་བོད་མིའི་གཞིས་ཆགས་ཏི་ཛུ་དར་རྒྱས་གླིང་གཙོས་པའི་ས་གནས་ཁག་ཅིག་ནང་ཕེབས་ཡོད་ལ། ཐེངས་འདིར་ཁོང་དང་མཉམ་དུ་ཁེ་ན་ཌའི་གཞུང་ཚབ་མི་སྣ་ཞིག་ཀྱང་རྟོག་ཞིབ་ཏུ་ཕེབས་ཡོད་མོད། དེའི་སྐོར་ལ་གཞུང་གི་མགྲིན་ཚབ་པ་རྣམས་ཀྱིས་བཀའ་ལན་གནང་སྟངས་སྣ་ཚོགས་རེད། དཔེར་ན། ཚེས་ ༡༤ ཉིན་གྱི་སྔ་དྲོར་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར། ཐེངས་འདིར་ནང་སྲིད་དྲུང་ཆེ་མཆོག་ཕར་ཕེབས་དོན། ས་གནས་ས་ཐོག་གི་དཀའ་ངལ་རིགས་ཤིག་སེལ་རྒྱུར་བྱེད་ཐབས་གང་དང་གང་ཡོད་མེད་བཅས་ལ་རྟོག་ཞིབ་གནང་དུ་ཕེབས་པ་ཙམ་ལས། ཁེ་ན་ཌར་བོད་མི་ཆིག་སྟོང་ལེན་འཆར་ཡོད་པའི་སྐོར་ནས་བཀའ་མོལ་གང་ཡང་ཡོང་གི་མ་རེད་ཅེས་གསུངས་སོང་ལ། ཁོང་གི་བཀའ་མོལ་དེའི་ནང་དུ་ཁེ་ན་ཌའི་གཞུང་ཚབ་མི་སྣ་དེ་གསང་རྒྱ་གནང་ཡོད།
ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོར་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་དེའི་སྐོར་ལ་གསུང་མོལ་ཐུང་ངུ་ཞིག་གནང་བའི་ནང་། ཐེངས་འདིར་ནང་སྲིད་དྲུང་ཆེ་ཨ་རུ་ན་ཅལ་ཕྱོགས་སུ་ཕེབས་དོན་ཁེ་ན་ཌའི་གཞུང་ཚབ་ཁང་གི་མི་ཞིག་ཕ་གིར་ལྟ་སྐོར་དུ་ཕེབས་ཡོད་ལ། ཁོང་ལྟ་སྐོར་དུ་ཕེབས་སྐབས་བཙན་བྱོལ་བོད་གཞུང་གི་མི་ཞིག་གིས་རོགས་རམ་གནང་ན་ཡག་པོ་འདུག་ཅེས་འབོད་སྐུལ་ཞུས་པ་ལྟར། ནང་སྲིད་དྲུང་ཆེ་མཆོག་ཕེབས་པ་རེད། དེ་ལས་ལྷག་ཅིག་ད་ལྟའི་ཆར་གཞུང་ལ་གཏན་འབེབས་གང་ཡང་མེད་ལ། ཁོང་ཚོ་ལྟ་སྐོར་དུ་འགྲོ་གི་ཡིན་གསུངས་པ་ལྟར་ནང་སྲིད་དྲུང་ཆེ་མཆོག་ལྟ་སྐོར་རོགས་རམ་དུ་ཕེབས་པ་ཙམ་རེད་ཅེས་གསུངས།
ཡང་ཕྱི་ཚེས་ ༡༩ ཉིན་ཏི་ཛུའི་གཞིས་མགོ་ཕུན་ཚོགས་ཚེ་རིང་ལགས་ཀྱིས། ནང་སྲིད་དྲུང་ཆེ་མཆོག་དེ་གའི་གཞིས་ཆགས་སུ་གཞུང་འབྲེལ་ཐོག་ཆིབས་བསྒྱུར་གནང་སྐབས། ཁེ་ན་ཌའི་སྐུ་ཚབ་ཅིག་ཀྱང་ཁོང་དང་མཉམ་དུ་ཕེབས་ཏེ་གཞིས་ཆགས་ཀྱི་གནས་སྟངས་ལ་རྟོག་ཞིབ་གནང་ཡོད་ནའང་། ཁེ་ན་ཌར་བོད་མི་ཆིག་སྟོང་ལེན་འཆར་གྱི་སྐོར་ལ་ཐེངས་འདིར་བཀའ་མོལ་གང་ཡང་གནང་མེད། གཞན་ནང་སྲིད་དྲུང་ཆེ་མཆོག་གིས་སྔོན་ནས་འགྲོ་བཞིན་པའི་ལས་གཞི་མང་བོ་ཞིག་དང་ལས་གཞི་གསར་བ་ཁག་ཅིག་ལ་ཞིབ་འཇུག་གནང་ཡོད། ཅེས་གསུངས་པ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་གསུངས་མེད།
ཉིན་དེར་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་གཞུང་ནང་སྲིད་ལས་ཁུངས་སུ། ཐེངས་འདིར་ནང་སྲིད་དྲུང་ཆེ་མཉམ་དུ་ཕེབས་པའི་ཁེ་ན་ཌའི་གཞུང་ཚབ་མི་སྣ་དེ་སུ་ཡིན་མིན་དང་། ཁོང་གི་མཚན་གང་ཡིན་སོགས་བཀའ་འདྲི་ཞུས་སྐབས་དེ་ནི་གསང་བ་ཡིན་སྟབས་གསར་འགོད་པར་བཤད་རྒྱུ་མིན་ཟེར། འོན་ཀྱང་། ཚེས་ ༡༩ ཉིན་མིང་བརྗོད་འདོད་མེད་པའི་ས་གནས་བོད་མི་ཞིག་གིས། ཐེངས་འདིར་ནང་སྲིད་དྲུང་ཆེ་དང་ཁེ་ན་ཌའི་གཞུང་ཚབ་མི་སྣ་གཉིས་ས་གནས་སུ་ཕེབས་སྐབས། ཁེ་ན་ཌར་བོད་མི་ལེན་འཆར་གྱི་སྐོར་ལ་རྟོག་ཞིབ་གནང་བར་་མ་ཟད། བོད་མི་ཚོ་ཕར་འགྲོ་འདོད་ཡོད་མེད་དང་། ཕར་སོང་ན་ལས་ཀ་བྱེད་འདོད་ཡོད་མེད་བཅས་ས་གནས་བོད་མི་སྤྱི་བྱིངས་ཀྱི་བསམ་ཚུལ་ཕྱོགས་སྡོམ་བྱས་སོང་ཟེར།
གང་ལྟར་གནས་ཚུལ་འདིའི་ཐད་ནས་ཁེ་ན་ཌར་གནས་བཞུགས་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཁེ་ན་ཌར་བོད་མི་ཆིག་སྟོང་ལེན་རྒྱུའི་འཆར་འགོད་པ་དང་དབུས་གཞུང་དང་ཐད་ཀར་འབྲེལ་བ་གནང་མཁན་གཙོ་བོ་ནོར་བུ་ཚེ་རིང་ལགས་ཀྱིས། དེང་སྐབས་མང་ཚོགས་ཁྲོད་བཙན་བྱོལ་བོད་གཞུང་གིས་གནས་ཚུལ་འདི་ད་དུང་གཞུང་འབྲེལ་ཆགས་མེད་ཅེས་གསུངས་པར་དོགས་གླེང་སྣ་ཚོགས་ཡོང་གི་འདུག་པ་དེ་ནོར་བ་རེད། འཆར་གཞི་དེ་ཁེ་ན་ཌ་གཞུང་གིས་བཟོས་པ་རེད་ལ། མ་འོངས་པར་ལས་གཞི་གང་འདྲ་ཞིག་ཡོང་མིན་དང་། ཐུགས་ཐག་གང་འདྲ་ཞིག་ཆོད་མིན་ཐད་གཞི་ནས་བཀའ་མོལ་ཡོང་གི་རེད། རོབ་རྩིས་འཆར་གཞི་ཙམ་ཞིག་ང་ཚོས་བློན་ཆེན་མཉམ་དུ་ཚོགས་འདུ་འཚོགས་སྐབས་ཞུས་ཡོད་ནའང་། ཞིབ་ཕྲའི་གནས་ཚུལ་ད་དུང་ལྷག་ཡོད། དེར་བརྟེན། ཁེ་ན་ཌ་གཞུང་གིས་ཕར་བོད་གཞུང་ལ་འབྲེལ་བ་གནང་ན་མ་གཏོགས། བོད་གཞུང་གིས་ཚུར་འབྲེལ་བ་གནང་ན་གང་འདྲ་ཡིན་མིན་བཤད་ཤེས་ཀྱི་མི་འདུག་ཅེས་གསུངས།
ཁོང་གིས་ད་དུང་གནས་ཚུལ་འདིའི་ཞིབ་ཕྲ་གསུངས་དོན། གནས་ཚུལ་འདི་ནི་ཕྱི་ལོ་ ༢༠༠༧ ལོར་༧གོང་ས་མཆོག་ཁེ་ན་ཌར་ཆིབས་བསྒྱུར་གནང་སྐབས་སྲིད་བློན་དང་མཇལ་བ་རེད་ལ། སྐབས་དེར་༧གོང་ས་མཆོག་གིས་དམིགས་བསལ་ཀྱིས་རེ་སྐུལ་ཞུས་ཏེ་བོད་མི་ ༢༠༠༠ ཙམ་འཐེན་རོགས་ཞུས་པ་རེད། དེའི་རྗེས་ང་ཚོ་འདིར་ཡོད་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་འདྲ་མཉམ་དུ་ཕྱོགས་ཁག་ཅིག་བཟོས་ནས་གཞུང་དང་མུ་མཐུད་འབྲེལ་བ་བྱས་ཏེ། ལོ་སྔོན་མའི་ཕྱི་ཟླ་བརྒྱད་པ་ཙམ་ལ་མཐའ་མའི་ཐག་གཅོད་བྱུང་སྐབས། གྲོས་ཚོགས་ནས་ལོ་ལྔའི་ནང་དུ་བོད་མི་ཆིག་སྟོང་ ༼ ནང་མི་རེ་ནས་མི་གཅིག ༽ ཙམ་ཚུར་ལེན་ཐུབ་པ་བྱ་རྒྱུ་དེ་རེད། དེ་གྲོས་ཚོགས་ནང་ཚང་མས་མོས་མཐུན་བྱུང་རྗེས་ཟླ་ ༡༢ པའི་ཚེས་ ༩ ཉིན་ཁེ་ན་ཌ་ཊོ་རོན་ཊོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་ཉིན་མོར་བོད་མི་ཉིས་སྟོང་ཙམ་འཛོམས་སར། ཁེ་ན་ཌའི་མི་སེར་དང་ཡུལ་མི་གནས་སྤོར་གྱི་བློན་ཆེན་རྗ་སོན་ཁེན་ཁོང་དངོས་སུ་ཕེབས་ཏེ། ལོ་ལྔའི་ནང་དུ་བོད་མི་ཆིག་སྟོང་ཙམ་ཕར་ལེན་རྒྱུར་ཁེ་ན་ཌ་གཞུང་ནས་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུངས་ཡོད།
བློན་ཆེན་ཁོང་སྔོན་མར་རྒྱ་གར་ནང་བཅར་ཏེ་བོད་མིའི་གནས་སྟངས་མང་བོ་ཞིག་ལ་ཞིབ་འཇུག་གནང་བ་རེད་ལ། སྐབས་དེར་ཨ་རུ་ན་ཅལ་ཕྱོགས་ཀྱི་བོད་མི་མང་བོ་ཞིག་ཉམ་ཐག་ཡིན་པར་གཟིགས་པ་དང་། དེའི་རྗེས་སུ་ལྡི་ལིའི་ཁེ་ན་ཌའི་གཞུང་ཚབ་པ་མཉམ་དུ་ཕེབས་ཏེ་མཐའ་མར་ཨ་རུ་ན་ཅལ་ཕྱོགས་ནས་བོད་མི་ཆིག་སྟོང་ལེན་རྒྱུའི་ཐག་གཅོད་བྱུང་བ་རེད། དེ་ནི་སྔར་དང་མི་འདྲ་བར། ཐེངས་འདིར་ཁེ་ན་ཌ་གཞུང་རང་གིས་དམིགས་བསལ་གྱིས་ཐུགས་ཁུར་ཆེན་པོ་བཞེས་ཏེ་ཉམ་ཐག་རང་ལ་ཐུགས་ཕན་གསོས་ཆེད། ཨ་རུ་ན་ཅལ་ཕྱོགས་ནས་བོད་མི་ཆིག་སྟོང་ལེན་རྒྱུར་ཞལ་བཞེས་བྱུང་བ་རེད།
ལས་དོན་འདིའི་ཆེད་དུ་འདས་པའི་ལོ་གཅིག་ནང་ང་ཚོས་འཆར་གཞི་རིམ་པ་མང་པོ་བསྒྲིགས་པ་དང་། བློན་ཆེན་མཉམ་དུ་ཚོགས་འདུ་མང་བོ་ཚོགས། ཁེ་ན་ཌར་ཡོད་པའི་བོད་རིགས་སྤྱི་འཐུན་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཅས་མཉམ་དུ་འཛོམས་ནས་ཐེངས་འགར་ཚོགས་འདུ་ཚོགས་པ་དང་། དེའི་སྔོན་ཁ་པར་བརྒྱུད་ནས་ཀྱང་ཚོགས་འདུ་ཐེངས་འགར་ཚོགས་ཡོད། དེར་བརྟེན་ཁེ་ན་ཌ་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དཔེར་ན་རྒྱ་གྲམ་དམར་བོ་ལྟ་བུ་དང་མཉམ་འབྲེལ་གྱི་ལས་འགུལ་སྤེལ་རྒྱུའི་གླེང་སློང་ཞིག་ཡོད་ལ། ཡང་བོད་གཞུང་ནང་སྲིད་ལས་ཁུངས་བརྒྱུད་གནང་རྒྱུའི་བཀའ་མོལ་ཞིག་ཀྱང་ཡོད་མོད། ཉེ་ཆར་ཟླ་གཅིག་ཙམ་གྱི་སྔོན་ནས་གསལ་བསྒྲགས་གནང་བ་ཡིན་སྟབས། ད་དུང་གསལ་བཤད་བྱ་རྒྱུ་ཞིག་ལྷག་མེད་འགྲོ་བསམ་པ་ཙམ་ལས། གཞི་རྩའི་ལས་ཀ་ཕལ་ཆེ་བ་ཁེ་ན་ཌ་གཞུང་རང་གིས་བྱ་ངེས་རེད་ཅེས་གསུངས།
གསར་འགོད་པ། ཨ་རིག་འགྱུར་མེད།
ཨ་རུ་ན་ཅལ་ཁུལ་གྱི་བོད་མི་ཉམ་ཐག་རྣམས་ལ་དགོངས་བཞེས་གནང་བ་ལེགས་མོས་ཀྱང༌། རྒྱ་གར་ནང་གི་གཞིས་ཆགས་སྤྱི་དང་མི་འདྲ་བར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་། བོད་མིའི་སྲོལ་རྒྱུན་རིག་གཞུང་དང་འཚོ་བའི་ཁོར་ཡུག་ཟབ་པའི་ཁུལ་དེའི་ཚོའི་ནང་ད་དུང་བོད་མི་གང་མང་གནས་ཐུབ་ན་ཕྱོགས་གཞན་པ་བལྟས་ན་དགེ་མཚན་ཆེར་མངོན་ཡང༌།
ཕྱོགས་གཞན་པ་ཞིག་ནས་བལྟས་ན་ཉམ་ཐག་ཁྱིམ་ཚང་རེར་ནས་ཁྱིམ་མིར་ལྟ་རྟོགས་ཐུབ་པའི་ལས་འགོ་འཕེར་བ་རེར་གཏོང་ཐུབ་ན། གཞིས་ཆགས་ཀྱི་སྤྱི་ཚོགས་ཧྲིལ་པོའི་གནས་སྟངས་ལ་ཕན་རྒྱུ་དེ་ལྟར་ཡིན་ཡང༌། དེ་དག་གཏོང་ཡུལ་རྒྱལ་ཁབ་ཏུ་སྒྲིག་འཛུགས་ལྡན་པའི་འདུ་སྡོད་ཞིག་མ་བྱུང་ན་དེ་ལས་ལྡོག་ཏེ་ཕན་རེ་ལས་གནོད་སྐྱོན་ཆེ་བས་གཞིས་ཆགས་ས྄ྲ་བར྄ྟན་ནི་དེ་བས་དཀའ་བར་སེམས།
ཁྱེད་ཅག་གིས་བཤད་ན་བོད་མི་སྐྱོ་བོ་དག་ཁ་ན་ཌ་ལ་གཡོག་ཏུ་འགྲོ་ཨེ་ཐུབ་བྱས་ན་
ཟེར་གིན་ཡོད་པ་རེད་པ
བོད་མི་ཆིག་སྟོང་ལེན་རྒྱུའི་ས་མིག་ཚང་མ་བོད་མི་སྐྱོ་བོ་ཤ་སྟག་ཚུད་པར་བོད་གཞུང་མང་གཉིས་ནས་འབད་བརྩོན་བྱ་གལ་ཆེ། འདི་ང་ཡང་བཟླས་འདོད་བྱུང་།
་་་་་་་་་་་་་་་་་་་་་་་་་་་་་་་་་རེ་བསྐུལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གོང་གསལ་གནས་དོན་སྐོར་གཤམ་འོག་ལས་བྱེད་ཚོར་བཀའ་མོལ་ཞུས་བསྡད་པ་ལས་༧དཔལ་ལྡན་བཀའ་ཁྲི་རིན་པོ་ཆེར་ཐད་ཀར་བཀའ་དྲི་ཞུས་ཚེས་ཕྱི་གསལ་ནང་གསལ་ཡོང་ངེས་སེམས།
སྤྱིར་ད་བར་གསར་འགོད་པ་སུས་ཀྱང་བོད་མི་ཁེ་ཎ་ཌར་གཏོང་ལེན་སྐོར་བཀའ་ཁྲི་རིན་པོ་ཆེ་བཀའ་དྲི་ཞུས་མ་སོང་སེམས།
བཀའ་ཁྲི་རིན་པོ་ཆེ་མཆོག་གི་དམིགས་གསལ་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས་བཞིན་ཡོད་པར་གལ་གནད་ཆེ་སེམས་སོ།།
བོད་མི་ཆིག་སྟོང་ལེན་རྒྱུའི་ས་མིག་ཚང་མ་བོད་མི་སྐྱོ་བོ་ཤ་སྟག་ཚུད་པར་བོད་གཞུང་མང་གཉིས་ནས་འབད་བརྩོན་བྱ་གལ་ཆེ།
རིན་ཆེན་རིལ་བུས་ཡང་དོན་དག་འདིའི་ཆེད་དུ་སེམས་ཁུར་བྱ་བཞིན་པས་གཉིད་ཡོང་གི་ཡོད་ས་མ་རེད་ད། སྐྱོན་ནི་མ་རེད་གོ་སྐབས་རེག་གི་རེད་སྐད་གྲགས་ཅན་གྱི་མགོ་བདེ་དྲན་འཕྲུལ་ཅན་ཡིན་པས།