དྲི་བ། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་གསུམ་གྱིས་འོས་བསྡུའི་ལས་རིམ་ཐོག་ལས་འགུལ་སྤེལ་སྟངས་ལ་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། སྤྱིར་བཏང་བཀའ་ཁྲིའི་འོས་མི་གསུམ་མི་མང་གི་མདུན་དུ་ཕེབས་ཏེ། སོ་སོའི་ལྟ་བ་ལངས་ཕྱོགས་གསལ་འདོན་བྱས་པ་དེ་ཡག་པོ་རེད། འདི་འོས་བསྡུ་ལས་ཁུངས་ཀྱི་ཆ་ཤས་དེ་འདྲ་མ་རེད། ཡར་ཐོན་ཅན་གྱི་དམངས་གཙོའི་འགྲོ་སྟངས་དང་མཐུན་པ་ཞིག་ཆགས་ཡོད། འོན་ཀྱང་སྤྱི་ཚོགས་ནང་འདི་ལ་ལྟ་སྟངས་འདྲ་མིན་ཡོང་སྲིད་པ་རེད། དཔེར་ན། བོད་པ་ཚོར་ཡ་རབས་བཟང་སྤྱོད་ཟེར་རྒྱུ་ཞིག་ཡོད། ངས་ཅི་ཡང་མི་ཤེས། ངས་གང་ཡང་མི་འཇོན་ཟེར་ནས་སྡོད་མཁན་ཚོ་ཡག་པོར་བརྩི་བ་རེད། ངས་ཤེས་ངས་འཇོན་ཟེར་ནས་མདུན་ལ་ཡོང་མཁན་དང་། སྤྱི་ཚོགས་ནང་ལས་ཀ་མང་པོ་བྱེད་མཁན་ལ་ལྟ་སྟངས་ཡག་པོ་མེད། འདི་བོད་པ་ཁོ་ནའི་བསམ་བློའི་འཁྱེར་སོ་ཞིག་རེད། ངས་བསམ་ན་འདི་གུ་དོགས་དང་རྗེས་ལུས་ཀྱི་བྱ་སྤྱོད་ཅིག་རེད་དྲན་ཡོད། ལྷག་པར་དུ་བོད་སྤྱི་བའི་དོན་དག་ཡལ་བར་དོར་ཏེ། སོ་སོ་སྒེར་གྱི་ཡ་རབས་སྤྱོད་བཟང་གི་མིང་ཙམ་ཉར་བསྡད་ན། དེ་ཡང་བཟང་སྤྱོད་དང་མཐུན་གྱི་ཡོད་པ་མ་རེད། གཙོ་བོ་མི་དེའི་ཀུན་སློང་དག་གཙང་ཡིན་མིན་ལ་ཐུག་ཡོད་པ་རེད། འོན་ཀྱང་འདིའི་བར་དུ་ཅུང་འགྲིག་གི་མེད་པ་ཞིག་ཡོད་པ་ནི། བཀའ་བློན་ཁྲི་པའི་འོས་མི་དེ་དག་ལ་རྒྱབ་སྐྱོར་བྱེད་མཁན་དང་། ལས་འགུལ་སྣེ་ཁྲིད་མཁན་དག་གི་ཁྲོད་དུ་ཕྱོགས་ཞེན་གྱི་རྣམ་པ་ཡོང་གི་འདུག དེ་ཡག་པོ་མ་རེད། ཆབ་སྲིད་ཚོགས་པ་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ན། སོ་སོའི་འོས་མི་དེ་སོ་སོས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། ང་ཚོར་ཆབ་སྲིད་ཚོགས་པ་མེད་སྟབས་མང་ཚོགས་ཀྱིས་ལས་འགུལ་སྣེ་ཁྲིད་རྒྱུ་གལ་ཆེན་ཡིན། འོན་ཀྱང་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་ཐོག་ནས་རྒྱབ་སྐྱོར་བྱས་པ་ཡིན་ན་ལས་ཀ་དེ་ཆོ་མེད་པ་ཆགས་སོང་བ་རེད།
དྲི་བ། དབུས་འོས་བསྡུ་ལྷན་ཁང་གིས་འདི་ལོའི་འོས་བསྡུ་གོ་སྒྲིག་བྱེད་ཕྱོགས་དང་མང་ཚོགས་ལ་གོ་རྟོགས་སྤེལ་སྟངས། དེ་བཞིན་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞི་བརྩི་སྲུང་བྱེད་སྟངས་ཐོག་དགོངས་ཚུལ་གང་འདྲ་བྱུང་སོང་།
ལན། སྤྱིར་ང་རང་གིས་འོས་བསྡུའི་སྒྲིག་གཞིའི་སྐོར་གསལ་བོ་ཤེས་ཀྱི་མེད་སྟབས། གཞུང་གི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སོགས་ལ་ཁུངས་གཏུགས་ཏེ་དབྱེ་ཞིབ་བྱ་ཤེས་ཀྱི་མེད། ང་རང་འོས་འཕེན་པ་དཀྱུས་མ་ཞིག་གི་མཐོང་ཐོས་སྐོར་ཞུས་ན། ད་ལོའི་སྔོན་འགྲོའི་འོས་བསྡུའི་སྐབས་ནོར་གླིང་ལ་མཚོན་ན། མི་དེ་འདྲ་མང་པོ་ཞིག་གིས་འོས་སྒམ་གཅིག་གི་ནང་འོས་ལྡུག་དགོས་ཀྱི་འདུག དེས་མི་མང་ལ་དཀའ་ལས་ཁག་པོ་དང་དུས་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་གི་འདུག་ལ། མི་མང་གིས་འཚང་ཁ་རྒྱག་པ་དང་བང་བསྒྲིག་དགོས་པ་སོགས་ཀྱི་དབང་གིས་ཟ་ངེ་ཟེང་ངེ་ཆགས་ཡོང་གི་འདུག སྔོན་མ་ཡིན་ན་འོས་སྒམ་མང་པོ་ཡོད་པ་རེད། འོས་བསྡུ་ཟ་ངེ་ཟེང་ངེ་བྱས་པའི་དབང་གིས་ད་ལོ་བལ་ཡུལ་ནས་ཀྱང་ལམ་ལྷོངས་བྱུང་ཡོད་པ་མ་རེད། གཉིས་པ། འོས་བླུག་ཏུ་འགྲོ་སྐབས་ལམ་ཁ་དང་། ལྷག་པར་དུ་འོས་ལྡུག་ཡུལ་རང་དུ་བང་སྒྲིག་སྐབས། མི་འགའ་རེ་ཡིས་ཤོག་བུ་འདྲ་མིན་བཀྲམས་ཀྱི་འདུག འོས་བསྡུ་ལྷན་ཁང་གི་ལས་བྱེད་ཚོས་མཐོང་བཞིན་དུ་སྣང་མེད་བྱེད་ཀྱི་འདུག དེ་ཁྱོན་ནས་ཡག་པོ་མ་རེད། ནོར་གླིང་ཙམ་མ་རེད། རྒྱ་གར་ལྷོ་ཕྱོགས་སོགས་ས་གནས་གཞན་དུ་ཡང་དེ་འདྲ་མང་པོ་བྱུང་འདུག འདི་དག་འོས་བསྡུ་ལྷན་ཁང་གི་ཕྱག་ལས་ཚགས་ཚུད་མ་བྱུང་བ་རེད། གསུམ་པ། བཀའ་བློན་ཁྲི་པའི་འོས་དང་སྤྱི་འཐུས་ཀྱི་འོས་གཉིས་ཁ་ཁ་བྱ་དགོས་ཀྱི་འདུག གང་ཡིན་ཟེར་ན། མི་ཚང་མས་བཀའ་བློན་ཁྲི་པའི་འོས་ཤོག་ལ་དོ་སྣང་ཆེན་པོ་བྱས་ཏེ། སྤྱི་འཐུས་ཀྱི་འོས་དེ་ཞོར་ལས་ལྟ་བུར་བཞག་འདུག འདི་གཉིས་ཁ་ཁ་བྱས་ཏེ་སྤྱི་འཐུས་ཀྱི་འོས་དེ་སྔོན་ལ་བཞག་པ་ཡིན་ན། མི་མང་གིས་སྤྱི་འཐུས་ཀྱི་འོས་བསྡུ་ལ་དོ་སྣང་ཡོང་གི་རེད།
དྲི་བ། ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་ཀྱིས་ཁོང་གི་མ་འོངས་པའི་སྲིད་བྱུས་སྤྱིའི་རྩ་དོན་ལ། ཆིག་སྒྲིལ་དང་གསར་གཏོད་དང་། རང་མགོ་རང་ཐོན་གསུམ་ཡིན་སྐོར་གསུང་གི་ཡོད་པ་དེ་ལག་ལེན་ལ་ཁེལ་ཐུབ་པ་ཞིག་ཏུ་མཐོང་གི་ཡོད་དམ།
ལན། གསར་གཏོད་ཞེས་པ་དེ་ཡར་རྒྱས་ཀྱི་ལམ་ཁ་ཆེ་ཤོས་ཤིག་རེད། སྔོན་ཆད་འདི་མི་འདུག མ་འོངས་པར་འདི་གསར་གཏོད་བྱ་རྒྱུ་ཡིན་ཟེར་ནས་བཤད་རྒྱུ་ཡོད་ན། གཞི་འཛིན་ས་ཞིག་ཡོད་པ་རེད། དེ་ལེགས་འགྲུབ་ཡོང་དང་མི་ཡོང་གནས་ཚུལ་གཞན་ཞིག་རེད། རང་མགོ་རང་ཐོན་ཟེར་བ་དེ་ཡང་གལ་ཆེ་ཤོས་ཤིག་རེད། ༧གོང་ས་མཆོག་སྐྱབས་བཅོལ་དུ་འབྱོར་ཏེ་ལོ་ངོ་ལྔ་བཅུ་ལྷག་ལ་རང་མགོ་རང་ཐོན་ཡོང་རྒྱུར་ཤུགས་བརྒྱབ་པ་རེད། འོན་ཀྱང་། ང་ཚོ་མིའི་ལུང་པར་བསྡད་ཡོད་སྟབས་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་སོགས་ཕྱོགས་ཡོངས་ནས་རང་མགོ་རང་ཐོན་བྱ་རྒྱུ་ཡིན་ཟེར་ན། ཇི་སྲིད་རང་གི་ལུང་པ་མ་ཐོབ་པ་དེ་སྲིད་རང་མགོ་རང་ཐོན་ཁག་པོ་ཡིན་རྒྱུ་རེད། ཆིག་སྒྲིལ་ཟེར་བ་དེ་བོད་པ་སྐྱབས་བཅོལ་དུ་འབྱོར་ནས་ད་བར་ཆོལ་ཁ་གསུམ་དང་། ཆོས་ལུགས་ཆོས་བརྒྱུད་ཚང་མས་མ་ཎྀ་བཞིན་བགྲང་གི་ཡོད་ལ། ༡༩༦༠ ལོར་རྡོ་རྗེ་གདན་ནས་ཆིག་སྒྲིལ་ཐོག་མནའ་མཐུ་བོ་ཆེ་བསྐྱལ་བ་རེད། འོན་ཀྱང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མང་པོ་བྱུང་བ་རེད། ངས་དྲི་བ་ཆུང་ཆུང་ཞིག་འདོན་རྒྱུ་ཡིན། ཆིག་སྒྲིལ་གྱི་ཐོག་ལ་གསར་གཏོད་གང་ཞིག་གྲ་སྒྲིག་ཡིན། རང་མགོ་རང་ཐོན་གྱི་ཐད་དུ་གསར་གཏོད་ག་རེ་བྱ་འཆར་ཡོད། འདི་ལ་ངེས་པར་དུ་ལན་ཞིག་དགོས་པ་རེད།
དྲི་བ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། བོད་པའི་རྩ་དོན་ཐད་དབུ་མའི་ལམ་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེན་ཡིན་ཡང་། ད་བར་རྒྱ་ཕྱོགས་ནས་ངོས་ལེན་བྱས་མེད་སྟབས། ང་ཚོས་མ་གོ་མདོག་མདོག་གིས་བསྡད་ན་མི་འགྲིག་པར་སྤྱི་འཐུས་གྲོས་ཚོགས་ཀྱིས་བསྐྱར་དུ་དགོངས་པ་བཞེས་དགོས་སྐོར་གསུང་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། ངས་སྔོན་མ་ནས་བཀའ་ཤག་གིས་རྒྱ་ནག་ལ་བསྐྱར་བཤད་ཡང་བཤད་བྱེད་ཀྱི་ཡོད་པ་དེ་འགྲིག་གི་མི་འདུག་ཟེར་གྱི་ཡོད་། སྐད་ཆ་འདི་ཚོགས་ས་འདུ་ས་ནས་བཤད་ཀྱི་ཡོད་ལ་བཀའ་ཤག་ལ་ཡང་བཤད་ཡོད། རྒྱ་ནག་གི་རྣམ་འགྱུར་གསལ་བོ་རེད། དེ་མ་མཐོང་མདོག་མདོག་བྱས་ན་རང་མགོ་རང་གིས་བསྐོར་བ་རེད། དེ་ལས་ང་ཚོས་བསམ་བློ་འདྲ་མིན་བཏང་ཆོག་གི་རེད། གཞུང་གི་ལངས་ཕྱོགས་དབུ་མའི་ལམ་རེད། སྤྱི་ཚོགས་ནང་གཞུང་གི་ལངས་ཕྱོགས་ཐོག་བསམ་ཚུལ་སྣ་ཚོགས་ཡོང་གི་ཡོད། ད་ཆར་གྲོས་ཚོགས་ཀྱིས་དགོངས་པ་གསར་པ་བཞེས་དགོས་པ་རེད་དྲན་ཡོད། འོན་ཀྱང་། ང་ཚོས་ཤེས་དགོས་པ་ཞིག་ལ། དབུ་མའི་ལམ་ཟེར་བ་འདི་༧གོང་ས་མཆོག་གི་དགོངས་པ་ཡིན་ལ། དེ་ལ་མང་ཚོགས་ཀྱིས་རྒྱབ་སྐྱོར་ཚད་ཧ་ཅང་མཐོ་བོ་ཐོབ་ཡོད་པ་ཞིག་རེད། དབུ་མའི་ལམ་༧རྒྱལ་བ་རིན་པོ་ཆེ་དགོངས་པ་རེད། ང་ཚོས་ངེས་པར་དུ་དབུ་མའི་ལམ་རྒྱུན་འཁྱོངས་བྱ་དགོས་ཟེར་ན་ཏག་ཏག་བསྡད་ཡོད་པ་མ་རེད། གནས་ལུགས་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ཏེ་༧གོང་ས་མཆོག་དང་མང་ཚོགས་ཀྱི་དགོངས་པ་གཅིག་ཏུ་བབས་པ་རེད། དེ་ལ་ཡང་བསྐྱར་བསམ་བློ་བཏང་སྟེ་འགྱུར་བ་གཏོང་བསམ་ན་ཡང་། མང་ཚོགས་ཀྱི་ལག་ཏུ་ཡོད་ཡོད་པ་རེད།
དྲི་བ། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་གལ་སྲིད་ཁོང་ལ་བཀའ་ཁྲི་ཐོབ་ཀྱང་། སྤྱིར་བཀའ་བློན་ཁྲི་པ་ཁོ་ནར་གསར་གཏོད་དང་བཅོས་བསྒྱུར་གྱི་དབང་ཚད་དང་ནུས་པ་ཞེ་དྲག་མེད་སྐོར་བཤད་ཀྱི་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། འདི་ལ་རིགས་ཁ་ཤས་ཡོད་པ་རེད། བཙན་བྱོལ་བོད་གཞུང་འདི་རྒྱལ་ཁབ་གཞན་ཞིག་གི་འོག་ཏུ་ཡོད་སྟབས། གནས་ཚང་རྒྱལ་ཁབ་ལ་བརྟེན་དགོས་པའི་ལས་དོན་ཁག་ཅིག་དང་། བཙན་བྱོལ་བོད་གཞུང་འདི་གྲོས་ཚོགས་རང་བཞིན་གྱི་དམངས་གཙོའི་གཞུང་ཞིག་ཡིན་སྟབས། གྲོས་ཚོགས་ཀྱིས་བཀའ་འཁྲོལ་འོག་ནས་འགྲོ་དགོས་པའི་ལས་དོན་རིགས་ཤིག བཀའ་བློན་ཁྲི་པ་རང་གིས་ཐག་གཅོད་ལག་བསྟར་བྱ་ཆོག་པ་སྐོར་ཞིག་བཅས་ཡོད། སྤྱིར་བཀའ་བློན་ཁྲི་པར་བསམ་བློ་དང་འཐབ་ཇུས་ཡང་དག་པ་དེ་འདྲ་ཡོད་ན། དེ་ལ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་འཐོབ་ཡོང་གི་རེད། དེ་བཞིན། སྔོན་མའི་བཀའ་བློན་ཁྲི་པ་དང་ད་ལྟའི་ཁ་བློན་ཁྲི་པ་གཉིས་བསྡུར་ན། ད་ལྟའི་བཀའ་བློན་ཁྲི་པར་དབང་ཚད་དང་ནུས་པ་ཆེན་པོ་རེད། སྔོན་མ་ནང་སྲིད་བཀའ་བློན་མོས་མཐུན་མེད་ན། བཀའ་ཁྲི་གཅིག་པུས་ནང་སྲིད་ཀྱི་ལས་དོན་ལ་འགྱུར་བ་གཏོང་རྒྱུའི་ནུས་པ་མེད། ད་ཆར་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིའི་རིང་དཔལ་འབྱོར་གྱི་ལམ་ལུགས་དང་ཤེས་ཡོན་སྲིད་བྱུས། ནང་སྲིད་ཀྱི་ཞིང་ཁ་འདེབས་ལས་སོགས་ལ་གསར་གཏོད་ཆེན་པོ་གནང་བ་རེད།
དྲི་བ། ད་ལྟའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དེར་ཆ་རྐྱེན་དང་། ཁྱད་ཡོན་གང་འདྲ་ཞིག་ཚང་དགོས་པར་མཐོང་གི་ཡོད་པ་དང་། སྐུ་ཉིད་སྔར་བཀའ་ཁྲིའི་སྐབས་ཀྱི་ཉམས་མྱོང་འདྲ་གསུང་རྒྱུ་ཡོད་དམ།
ལན། བཀའ་བློན་ཁྲི་པ་དེ་ལ་བོད་སྤྱི་བའི་དོན་དུ་ཤ་ཚ་དང་ལྷག་བསམ་ཆེན་པོ་ཡོད་པ། ༧གོང་ས་མཆོག་གི་ལམ་སྟོན་ལ་ཡིད་ཆེས་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་མཁན། སྐབས་བབ་བོད་རྒྱའི་གནད་དོན་དང་མི་མང་གི་བདེ་སྡུག་ལ་འགན་འཁུར་མཁན། བློ་ཁོག་དང་རྣམ་དཔྱོད་གཉིས་ལྡན་ཞིག་དགོས་པ་རེད། བཀའ་བློན་ཁྲི་པར་མཁས་དབང་ཞིག་དགོས་པ་རེད་ཟེར་གྱི་མེད་མོད། དེང་དུས་ཀྱི་གནས་ཚུལ་ཆ་ཚང་མགོ་འཚོས་པོ་ཞིག་དང་། ལྷག་པར་དུ་རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་ཕྱོགས་དང་བསྟུན་ཏེ་འགྲོ་ཐུབ་མཁན་ཞིག་ཡིན་དགོས་པ་རེད། སྔོན་ཆད་ང་རང་གི་ཉམས་མྱོང་ཞུས་པ་ཡིན་ན། གཞུང་ལ་ལྟོས་མེད་ཐོག་ཚོགས་པ་སྐྱིད་སྡུག་གི་མིང་ཁྱེར་ནས་ལས་ཀ་འདྲ་མིན་བྱེད་མཁན་བྱུང་སོང་། དེ་དག་ཕལ་ཆེ་བ་ཞིག་གི་མཐར་ཐུག་གི་དམིགས་ཡུལ་དེ་ཆོལ་ཁའི་དོན་དུ་མ་རེད་ལ་ཆོས་ལུགས་ཀྱི་དོན་དག་ཀྱང་མ་རེད། མི་སྒེར་སོ་སོའི་ལྟོ་གོས་གཏམ་གྱི་ཆེད་དུ་རེད། འོན་ཀྱང་མང་ཚོགས་མང་པོ་ཞིག་མགོ་བསྐོར་ཏེ་གནས་ཚུལ་འདྲ་མིན་བྱུང་བ་རེད། དེ་འདྲའི་བྱེད་སྟངས་ད་ལྟ་ཡང་སྤྱི་ཚོགས་ནང་མཐོང་གི་འདུག
དྲི་བ། སྐུ་ཉིད་ཀྱིས་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་ཞན་ཆ་ཆེ་ཤོས་དང་། ཁྱད་ཡོན་གཙོ་བོ་གང་དག་གཟིགས་ཀྱི་ཡོད་དམ།
ལན། དྲང་མོར་ཞུས་ན། ང་རང་གིས་བཀྲ་ཤིས་དབང་འདུས་ཀྱི་ཐོག་ནས་ཞན་ཆ་འདི་རེད་ཟེར་བ་ཞིག་དྲན་གྱི་མི་འདུག མི་ཡ་རབས་ཉམས་ཆུང་། དྲང་ཚིག་ལྡན་པ་ཞིག་ཡོད་པ་རེད། མི་མཐོ་དམན་བར་གསུམ་ལ་ཧ་ཅང་འཆམ་པོ་བྱེད་མཁན་ཞིག་ཡིན། ལས་ཀའི་ཐད་ལ་ཡང་ལོ་ངོ་ ༤༠ ལྷག་རིང་ལྷག་བསམ་རྣམ་དག་དང་། འབད་བརྩོན་ཧུར་སྐྱེད་ཀྱིས་ཕྱག་ལས་གནང་མཁན་ཞིག་རེད། ཐོག་མར་སྤྱི་ཚོགས་ནང་ཁོང་བཀའ་བློན་ཁྲི་པར་ཡག་པོ་ཡོད་རབས་བཤད་ཡོང་སྐབས། ངས་ཁོང་བཞེང་གི་མ་རེད་བསམ་སོང་། འོན་ཀྱང་། ཁོང་བཀའ་བློན་ཁྲི་པར་བཞེངས་སྟངས་དེ་ཡག་པོ་ཆགས་མ་སོང་། དང་པོ་མང་པོ་ཞིག་གིས་ཁོང་ལ་འབོད་སྐུལ་ཞུས་སྐབས་ལུས་སེམས་གཉིས་ཀའི་མི་ལྕོག་རབས་བཤད་པ་རེད། རྗེས་སུ་རྐང་མཚམས་ལ་བསླེབ་ཡོང་དུས་རྒྱུ་མཚན་གཞན་པ་བགྲང་ཏེ་ལུས་སེམས་གཉིས་ཀས་འཇོན་རབས་བཤད་ཀྱི་འདུག
དྲི་བ། སྐུ་ཉིད་ཀྱིས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ཞན་ཆ་དང་། ཁྱད་ཡོན་གཙོ་བོ་གང་དག་མཐོང་གི་ཡོད་དམ།
ལན། བཀྲས་མཐོང་ལགས་དང་ངེད་གཉིས་ ༡༩༧༣ བར་ལས་ཀ་མཉམ་དུ་བྱས་པ་རེད། ངས་ཁོང་གི་ཞན་ཆ་གང་ཞིག་མཐོང་གི་ཡོད་ཟེར་ན། ལས་དོན་ཆེ་ཕྲ་གང་ཞིག་ཡིན་རུང་ལམ་སང་དུས་ཐོག་ལ་མི་བསྒྲུབ་པ་དང་། ཐག་གཅོད་ཅིག་བྱ་དགོས་ཀྱང་ངང་རྒྱུད་རིང་པོ་ཆགས་འགྲོ་བ་ཞིག་ཡོང་གི་ཡོད། བཟང་ཆའི་ཐད་ནས་མང་པོ་ཡོད་པ་རེད་དེ། གཙོ་ཆེ་ཤོས་མི་བརྟན་པོ་ཡོད་པ་རེད། དེ་ནས་ཆབ་སྲིད་ཀྱི་གནས་ཚད་ཧ་ཅང་མཐོ་བོ་རེད།
དྲི་བ། སྐུ་ཉིད་ཀྱིས་ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་ཀྱི་ཞན་ཆ་དང་། ཁྱད་ཡོན་གང་དག་མཐོང་གི་ཡོད་དམ།
ལན། ངས་བློ་བཟང་སེང་གེ་ལ་ཞན་ཆ་འདི་འདུག་ཟེར་བ་ཞིག་ཤེས་ཀྱི་མེད། ངེད་གཉིས་ལོ་ཚོད་དང་ལས་ཀ་བྱས་ཡུལ་སོགས་མི་འདྲ་བ་རེད། འོན་ཀྱང་། ཁོང་བཀའ་བློན་ཁྲི་པར་འདུག་རྒྱུ་ཡིན་ཟེར་ན་ཅུང་སྔ་དྲག་མེད་འགྲོ་དྲན་གྱི་འདུག དེ་ལ་ཡང་རྒྱུ་མཚན་གཞན་མེད། གཙོ་བོ་ཉམས་མྱོང་གིས་འདང་མིན་ཡོང་གི་རེད་བསམ་ཡོད། ངེད་གཉིས་གྲོགས་པོ་ཡིན། ཁོང་གིས་ཐོག་མར་ང་ལ་མང་ཚོགས་ནང་ང་བཀའ་བློན་ཁྲི་པར་ལངས་དགོས་རབས་བཤད་ཀྱི་འདུག དེར་ཁྱེད་ལ་བསམ་ཚུལ་གང་འདྲ་ཡོད་ཟེར་ནས་སྐད་ཆ་དྲིས་སོང་། ངས་ཁོང་ལ་བཀའ་བློན་ཁྲི་པའི་འགན་དེ་ལས་སླ་བོ་ཞིག་མ་རེད། ཕྱོགས་མང་པོར་བསམ་བློ་གཏོང་དགོས་པ་རེད་ཅེས་ལབ་པ་ཡིན།
སྤྱིར་བློ་བཟང་སེང་གེ་ལགས་ལ་ཤེས་ཡོན་དང་ལྷག་བསམ། སྙིང་སྟོབས་སོགས་ཀྱི་ཐད་བརྒྱ་ཆའི་བརྒྱ་ཡིད་ཆེས་ཡོད། ལྷག་པར་དུ་ཤེས་ཡོན་ཡོད་པ་ཙམ་དུ་མ་ཟད། སྤྱི་ཚོགས་ནང་དངོས་སུ་ལས་ཀ་བྱས་ཏེ་སྤྱི་བའི་ལས་དོན་ཕྲག་ཏུ་ལེན་མཁན་ཞིག་རེད། ཤེས་ཡོན་དང་དཔལ་འབྱོར་གཉིས་ཀ་ཡོད་པའི་གཞོན་སྐྱེས་མང་པོ་ཡོད་ཀྱང་། སྤྱི་བའི་དོན་ལ་ལས་ཀ་ཕར་ཞོག ཐ་ན་དོ་སྣང་ཙམ་ཡང་མེད་མཁན་མང་པོ་རེད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
བཀའ་ཟུར་བསོད་ནམས་སྟོབས་རྒྱལ་གྱི་གསུངས་ལས་ང་ཚོར་བརྡ་ཞིག་བྱིན་པ་ནི།ཉམས་མྱོང་ཅན་ཞེས་གྲགས་པའི་འཀའ་ཟུར་འདི་ཚོ་ལ་ཁྲིམས་ཀྱི་འདུ་ཤེས་ཇི་འདྲ་ཞིག་ཡོད་པ་དེ་རེད།
འོས་བསྡུའི་སྒྲིག་གཞི་ཙམ་མི་ཤིས་པར་མ་ཟད།ཕྱོགས་གཅིག་ནས་དབུ་མའི་ལམ་ལ་བཟོ་བཅོས་རྒྱག་དགོས་རབས་དང་།ཡང་ཕྱོགས་གཅིག་ནས་༧གོང་ས་མཆོག་གི་བཀའ་བཞིན་སྒྲུབ་དགོས་ཞེས་པ་ལ་སོགས་ཚིག་སྔ་ཕྱི་འགལ་བ་དང་།བཀྲ་ཤིས་དབང་འདུས་ལ་བསྟོད་བ་བྱེད་ཞོར་ལ་རྨད་པ་བྱེད་ལུགས་ལ་བལྟས་ན།ཉམས་མྱོང་ཅན་དུ་གྲགས་པའི་བཀའ་ཟུར་འདི་ཚོས་ཁྲིམས་མི་ཤིས་པར་མ་ཚད་མི་ལུགས་ཀུན་སྤྱོད་ཀྱང་ཡག་པོ་མེད་པ་གསལ་བོར་མཐོང།
གོང་གི་ཉམས་མྱོང་རྒན་པོའི་འབེབ་གཏམ་ལས་ང་ལ་བསམ་བློ་འདི་འཁོར་བྱུང་།ད་ལྟའི་གནས་སྐབས་སུ་ང་ཚོ་ལ་དགོས་ངེས་དང་འོས་འཚམ་གྱི་བཀའ་ཁྲི་ནི་བཀའ་ཟུར་བཀྲ་ཤིས་དབང་འདུས་རང་རེད་བསམས།ངས་བསམ་པར་མང་པོ་ཞིག་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་སྟངས་ནི་གཅིག་་་་བཀྲས་མཐོང་སྐུ་སྒེར་དྲུང་ཆེའི་སྤུན་མཆེད་དང་གཉིས་་་་དེ་རྒྱབ་ལོག་ཏུ་གངས་སྐྱིད་ཀྱི་ཆབ་སྲིད་པ་སྐོར་ཅིག་ནས་ཤུགས་རྒྱག་གི་འདུག་སྙམ།བཀྲས་མཐོང་ལོ་ངོ་མང་པོ་ག་རེ་བྱས་པ་རེད།གློ་བུར་དུ་སྐབས་འདིར་ག་བ་ནས་སླེབས་པ་རེད།ཁོང་གི་ལོ་རྒྱུས་དངོས་གནས་ནས་ཁོང་ལ་བཀའ་ཁྲི་རྐུབ་སྟེགས་ཁྱོན་ནས་མི་ཐོབ་བར་སྙམ།
སྤྱིར་ང་རང་གིས་འོས་བསྡུའི་སྒྲིག་གཞིའི་སྐོར་གསལ་བོ་ཤེས་ཀྱི་མེད་སྟབས། ཅེས་པའི་གཏམ་འདི་ལ་ང་ཡང་ཞེན་པ་གཏིང་ནས་ལོག་སོང་། བཀའ་བློན་གྲས་པོ་ཞིག་གི་མི་ཚེ་རྫོགས་ལ་ཉེ་བའི་གཏམ་འདི་ལ་ཡ་མཚན། ང་ཚོ་བོད་པའི་བཀའ་བློན་གྱི་གནས་ཚད་འདི་རེད། སྐྱོ་ལ་ཨང་།
ལས་ཀ་དུས་ཐོག་ལ་བྱེད་མི་ཐུབ་པ་ཞིག
ཐག་གཅོད་དུས་ཐོག་ལ་བྱེད་མི་ཐུབ་པའི་བཀའ་ཁྲི་ཞིག་ང་ཚོ་ལ་དགོས་སམ།
བཀའ་ཟུར་བསོད་སྟོབ་ཀྱིས་སྐད་ཆ་དྲང་མོ་བཤད་འདུག
མི་རྒན་འཁོགས་ལོ་དྲུག་ཅུ་རེ་གསུམ་ལ་བསླེབས་ཚར་དུས་ལས་དབང་དང་རླུང་རྟ་ཡོད་ཚད་མར་ཉམས་ཟིན་པས་ལས་ཀ་དུས་ཐོག་ལ་བྱེད་མི་ཐུབ་པ་དངོས་བདེན་རེད།
བོད་རྒྱ་ཆེ་མི་མང་གི་རྩ་དོན་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་ན་བཀའ་ཁྲི་སུ་ཞི་གདམ་དགོས་་་མུ་མཐུད་ནས་ཁ་ཇེ་གསལ་ལ་འགྲོ་བཞིན་འདུག་ག་་་་་་་་
བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཐའ་གཅིག་ཏུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རྒྱབ་སྐྱོར་བྱས་ཡོད་ཀྱང་།
ཁོང་གིས་བཀྲས་མཐོང་གི་མི་ཚེའི་བརྒྱུད་རིམ་ཡོངས་རྫོགས་ལ་རྒྱུས་ལོན་བྱས་མྱོང་བའི་མཐའ་མའི་སྡོམ་ཚིག་དེ་ཁོང་ནི་ལས་ཀ་དུས་ཐོག་ལ་མི་བྱ་མཁན་ཞིག་དང་ཐག་གཅོད་དུས་ཐོག་ལ་མི་བྱེད་མཁན་ཞིག་རེད་གསུང་འདུག
དྲི་བ་དང་ལན་གཉིས་ཀ་ཡག་པོ་འདུག་བློ་བབས་སོང་ཐུགས་རྗེ་ཆེ།
དེའི་ནང་ནས་ཀྱང་འོས་བསྡུ་ལས་ཁུང་གི་འོས་སྒམ་ཉུང་བ་དང་འོས་བལྡུག་སའི་ལམ་བར་ནས་ཁྱོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཅན་ཁ་ཤས་ཀྱི་མི་འདི་དང་འདིའི་འཇོན་རབ་དང་མི་འདི་ལ་ལྷག་བསམ་ཡོད་རབ་ཟེར་ནས་མི་མང་པོ་མགོ་རྨོང་བྱེད་ཀྱིས་ཤོག་སླེ་མང་པོ་སྤྲད་འདུག་ལ། ས་གནས་འོས་བསྡུ་ལས་ཁུང་གིས་སྣང་མེད་བྱེད་ཀི་འདུག རྗེས་ཕྱོགས་འདིའི་རིགས་ལ་གཟབ་དགོས་པས་དེའི་སྐོར་ལ་གསུངས་བཤད་གནང་བར་བཀའ་དྲིན་ཆེ་ཞུ།
གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལ་དྲི་བ་གནད་ལ་འཁེལ་བ་ཁ་ཤས་བཅར་འདྲི་བྱས་པར་རང་ཉིད་དགའ་པོ་བྱུང་།
བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས་སྔོན་བཙན་བྱོལ་བོད་གཞུང་བཀའ་བློན་གྱི་དུས་ཡུན་ཆ་ཚང་གཞུང་ལ་ཞབས་འདེགས་ཞུས་པར་ཁྱེད་ཀྱི་གཟི་བརྗིད་ཡིན་ལ་ངས་ཀྱང་ད་དུང་ཁྱེད་ལ་གུས་བཀུར་ཡོད།
ཡིན་ནའང་། བཀའ་ཟུར་ཞིག་ཡིན་པས་ཆ་ནས་སྤྱིར་ང་རང་གིས་འོས་བསྡུའི་སྒྲིག་གཞིའི་སྐོར་གསལ་པོ་ཤེས་ཀྱི་མེད་སྟབས། གཞུང་གི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་སོགས་ལ་ཁུངས་གཏུགས་ཏེ་དབྱེ་ཞིབ་བྱ་ཤེས་མེད་གསུངས་པར་འདི་བཀའ་བློན་ངོས་ནས་གཞུང་གི་སྒྲིག་གཞི་དང་འཛིན་སྐྱོང་འགྲོ་སྟངས་ཧ་མ་གོ་ན་མི་དམངས་ཚོ་དེ་བས་ག་ལ་ཤེས་དེར་བློ་ཕམ་སྐྱེས་དགོས་པ་ཞིག་རེད།