ད་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ ༩༠ ལོན་པའི་དུས་དྲན་ལ་ཁེལ་ཡོད་སྟབས། ཉེ་སྔོན་རྒྱ་གཞུང་གི་བརྙན་འཕྲིན་དོ་དམ་སྡེ་ཁག་གིས་རྒྱ་ནག་ནང་ལོགས་ཀྱི་བརྙན་འཕྲིན་ཁང་ཚང་མར་བརྡ་ཁྱབ་བཏང་སྟེ། ཟླ་ ༧ པ་ནས་མགོ་བཙུགས་ཏེ་བརྙན་འཕྲིན་ཁང་དག་གིས་གསང་མྱུལ་གཡུལ་འཁྲུག་དང་། དོགས་ཡོད་ཉེས་དོན། བརྩེ་དུང་སྐོར་གྱི་གློག་བརྙན་སོགས་བསྟན་མི་ཆོག་པར། ཟླ་ ༣ གྱི་རིང་རྒྱ་གཞུང་དམར་ཤོག་ཚོགས་པའི་བརྗོད་བྱ་ཅན་གྱི་གློག་བརྙན་ཁོ་ན་གཏོང་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག
གནས་ཚུལ་དེའི་སྐོར་རྒྱ་ནག་གི་པེ་ཧྭ་དུས་བབ་ཚགས་པར་དང་། ཡཱང་ཙི་དགོང་དྲོའི་ཚགས་པར། ནན་ཧྥང་མཁར་གྲོང་ཚགས་པར་སོགས་སྤེལ་བ་ལྟར་ན། ཉེ་སྔོན་རྒྱ་ནག་ཧའོ་ནན་དང་། ཏུང་ཧྥང་། ཐེན་ཅན། ཀྲེ་ཅང་། ཧྲིན་ཀྲིན་བཅས་ཀྱི་བརྙན་འཕྲིན་ཁང་གཙོ་གྲས་ཁག་ལ་བཀའ་རྒྱ་དེ་འབྱོར་ཡོད་པར་མ་ཟད། རྒྱ་གཞུང་གིས་ཟླ་གསུམ་གྱི་རིང་བརྙན་འཕྲིན་ཁང་དག་གིས་ཆེད་དུ་སྟོན་དགོས་པའི་དམར་ཤོག་སྐོར་གྱི་གློག་བརྙན་ཁག་ ༤༠ ལྷག་གྲ་སྒྲིག་བྱས་ཡོད་སྐོར་བརྗོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
རྒྱ་ནག་དམར་ཤོག་གི་བྱས་རྗེས་སྟེ། འོད་སྟོང་འཕྲོ་བའི་ཉེ་རབས་ལོ་རྒྱུས་ཐོག་བསུབ་ཏུ་མེད་པ་ནི་རིག་གནས་གསར་བརྗེ་ཆེན་པོ་ཡིན་པས་དེའི་སྐོར་གྱི་གློག་བརྙན་སྟོན་ན་ཇི་འདྲའི་གཟི་བརྗིད་ཞིག་རེད་ཨང་།
ཏང་གི་ཚེ་ཐག་འདི་ལྟར་རིང་བོར་གནས་ཐུབ་དོན་ཅི།
ཏང་གི་སྐྱེས་སྐར་འདི་ལྟར་བརྩི་སྲུང་བྱེད་དོན་ཅི།