ཐེངས་འདིར་སྔོན་གླེང་དེ་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བཅུག་ཡོད། དེ་ནི་བོད་གཞུང་དགའ་ལྡན་ཕོ་བྲང་མཚམས་ཆད་ཀྱང་། རྗེས་སུ་གཞུང་ག་འདྲ་ཞིག་བྱུང་ཡང་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཞིག་ཡོང་ཐུབ་པའི་ཆེད་དུ་རེད། སྔོན་གླེང་ལ་ཞིབ་ཏུ་གཟིགས་པ་ཡིན་ན། ཁྲིམས་མཐུན་གྱི་གཞུང་ཡོང་བར་ཁུངས་བསྐྱལ་ཐུབ་པའི་གནས་སྟངས་བཟོས་ཡོད་ཟེར།
དེ་རིང་ཞོགས་པའི་ཆུ་ཆོད་ ༩ པའི་སྟེང་ངྷ་སའི་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ལས་ཁང་དུ་མངའ་རིས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༤ པའི་དབུ་འབྱེད་མཛད་སྒོ་ཚོགས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། གཞན་དབུ་གཙང་སྤྱི་འཐུས་ཁག་ཅིག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན། ངྷ་ས་ཁུལ་གྱི་མངའ་རིས་མང་ཚོགས་བཅས་ཕེབས་འདུག
མཛད་སྒོའི་ཐོག་མར་བོད་མི་མང་སྤྱི་འཐུས་དང་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཅིག་ལྕོག་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་པ་ལྟར་ན། མངའ་རིས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་བ་ཕྱི་ཚེས་ ༡༨ ནས་ཕྱི་ཚེས་ ༢༠ བར་འཚོགས་རྒྱུ་དང་། ཐེངས་འདིར་ས་གནས་ ༢༤ ནས་ཕེབས་པའི་འཐུས་མི་དང་དབུས་སའི་རྒྱུན་ལས་ཟུར་པ་ཁག་ཅིག་བཅས་མཉམ་ཞུགས་གནང་ཡོད་འདུག་ལ། ཚོགས་འདུའི་ནང་དོན་གཙོ་བོ་ “བོད་ཀྱི་རྩ་དོན་སྲ་བརྟན་དང་རྒྱུན་གནས།” ཞེས་པའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཡོད་པའི་ནང་ཁག་ཅིག་གིས་ཆབ་སྲིད་ཀྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཐུབ་ཀྱི་ཡོད་ཀྱང་། ཁག་ཅིག་ལ་མིའི་ནུས་པ་དང་མཐུན་རྐྱེན་འཛོམས་མིན་གྱིས་ལས་འགུལ་རྒྱ་ཆེན་པོ་སྤེལ་ཐུབ་ཀྱི་མེད། ཆབ་སྲིད་ལས་འགུལ་སྤེལ་མ་ཐུབ་ཀྱང་། སོ་སོའི་ཁྱབ་ཁོངས་མི་མང་གི་བདེ་སྡུག་ལ་ལྟ་ཐུབ་པ་ཡིན་ན། དེ་ཡང་གལ་ཆེན་པོར་བརྩི་བཞིན་ཡོད། སྤྱིར་བོད་གཞུང་ཡོད་ཀྱང་། བོད་གཞུང་གི་དཔལ་འབྱོར་མཐུན་རྐྱེན་དེ་ཚང་མས་མཁྱེན་གྱི་ཡོད། ལོ་གཅིག་ལ་ཧིན་སྒོར་ས་ཡ་ཆིག་སྟོང་ཡས་མས་ཀྱི་འགྲོ་སོང་ཡོད། དེས་ཀྱང་མ་འདང་བའི་གནས་སྟངས་ཡོང་གི་ཡོད། དེའི་ཁྲོད་དུ་བོད་མི་རང་གིས་ཕུལ་བ་བྱེ་བ་བརྒྱད་ཙམ་རེད། མ་འོངས་པར་ང་ཚོས་རང་ཁ་རང་གསོ་བྱ་དགོས་ན། དཔལ་འབྱོར་ཡག་པོ་ཡོད་མཁན་ཚོས་སོ་སོའི་གཞུང་ལ་དངུལ་འབུལ་དགོས་པ་རེད། རྗེའོ་མི་རིགས་ཚོས་ཁྱེད་ཅག་བོད་པ་ཚོ་ང་ཚོ་དང་གཅིག་པ་རེད་ཟེར་གྱི་ཡོད་ལ། ༧གོང་ས་མཆོག་གིས་ཀྱང་དུས་རྒྱུན་ང་ཚོས་རྗེའོ་མི་རིགས་ལ་དཔེ་བལྟ་དགོས་གསུང་བསྡད་ཡོད། དེ་འདྲ་ཞིག་ཡོང་བར་མི་མང་རང་ངོས་ནས་སོ་སོའི་གཞུང་ལ་དངུལ་གྱི་མཐུན་འགྱུར་ཞུ་དགོས། ཞེས་དང་།
མངའ་རིས་སྤྱི་མཐུན་ཚོགས་པར་མཚོན་ན། ད་ཆར་ས་གནས་ ༢༤ ཙམ་དུ་མངའ་རིས་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཡོད་པ་རེད། ང་རང་ ༢༠༠༤ ལོར་ལ་དྭགས་ལ་ཐེངས་གཅིག་བཅར་རྒྱུ་བྱུང་སོང་། མི་ཚང་ཁ་ཤས་ཧ་ཅང་སྐྱོ་བོ་རེད། འཛིན་རིམ་བཅུ་བ་དང་བཅུ་གཉིས་སློབ་ཕྲུག་མང་པོ་ཞིག་མ་འོངས་པར་མཐོ་སློབ་ཁག་ཏུ་འགྲོ་རྒྱུར་དཀའ་ངལ་ཆེན་པོ་འདུག འཛམ་གླིང་གང་སར་མངའ་རིས་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཡོད་སྟབས། ཁྱེད་རང་ཚོས་མིའི་ནུས་པ་བེད་སྤྱོད་བཏང་བ་ཡིན་ན། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་པ་དཀའ་ངལ་ཅན་དག་དང་། ལྷག་པར་དུ་མངའ་རིས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པའི་བོད་པ་དག་གི་དཀའ་ངལ་སེལ་ཐབས་ཀྱི་གནས་བབ་བསྐྲུན་ཐུབ་པ་ཡིན་ན། ཚོགས་པའི་གཟི་བརྗིད་དང་གཞུང་ལ་ཕན་ཐོགས་ཡོད་པ་རེད། ཅེས་གསུངས་སོང་།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཆབ་སྲིད་ཀྱི་སྐོར་ནས་གསུངས་དོན། ཚོགས་པ་ཞིག་ལ་མཚོན་ན་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་དེ་གལ་ཆེན་པོ་རེད། མངའ་རིས་སྤྱི་མཐུན་ཚོགས་པར་མཚོན་ན། ད་ལྟའི་བར་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད། ད་ལྟ་ང་ཚོར་འཕོ་འགྱུར་ཆེན་པོ་ཞིག་འགྲོ་བཞིན་ཡོད་པའི་རྐང་མཚམས་ལ་ཡང་། ༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་ལངས་ཕྱོགས་དེ་ཡང་དག་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ལ། དེའི་ཐོག་མུ་མཐུད་ཤར་སྐྱོད་གནང་དགོས་པ་དང་། དབུ་མའི་ལམ་དང་འབྲེལ་བའི་ཐོག་འཁྱོག་བཤད་བྱེད་མཁན་དག་ལ་གསལ་བཤད་བཅས་གནང་ཡོད། དེར་བརྟེན། ཚོགས་པ་འདིས་ཀྱང་སོ་སོའི་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་པ་དེ་བརྟན་བཟུང་ཐོག གང་ཐུབ་ཀྱིས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།
ཚོགས་གཙོ་མཆོག་གིས་མུ་མཐུད་དུ་ཡོང་འཆར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐོར་གསུངས་དོན། དེ་རིང་འདིར་ཕེབས་པ་མང་པོ་ཞིག་རྒྱལ་ཡོངས་ཚོགས་ཆེན་ཐོག་ཞུགས་འཆར་ཡོད་པ་འདྲ། དེར་བརྟེན་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་སྐོར་ནས་རགས་ཙམ་ཞུ་འདོད་བྱུང་། སྔོན་མ་ ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་བྱེད་སྐབས། སྔོན་གླེང་ཞིག་འདུག་ཀྱང་། དེ་ནི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཚུད་མི་འདུག བཅའ་ཁྲིམས་གཏན་འབེབས་བྱས་ཚར་བའི་རྗེས་ལ་གྲོས་ཆོད་ཀྱི་ལམ་ནས་བཟོས་པ་ཞིག་རེད། རྒྱལ་ཁབ་མང་པོའི་བཅའ་ཁྲིམས་ནང་སྔོན་གླེང་དེ་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཚུད་ཡོད་པ་རེད། དེ་ནི་གནད་འགག་ཆེན་པོ་ཞིག་ཡིན་སྟབས། ཐེངས་འདིར་སྔོན་གླེང་དེ་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བཅུག་ཡོད། དེ་ནི་བོད་གཞུང་དགའ་ལྡན་ཕོ་བྲང་མཚམས་ཆད་པ་ཡིན་ཡང་། རྗེས་སུ་གཞུང་གང་འདྲ་ཞིག་བསླེབས་ཀྱང་། བོད་མིའི་ཁྲིམས་མཐུན་གྱི་གཞུང་ཞིག་ཡོང་ཐུབ་པའི་ཆེད་དུ་རེད། སྔོན་གླེང་ལ་ཞིབ་ཏུ་གཟིགས་པ་ཡིན་ན། ཁྲིམས་མཐུན་གྱི་གཞུང་ཡོང་བར་ཁུངས་བསྐྱལ་ཐུབ་པའི་གནས་སྟངས་བཟོས་ཡོད། འདིའི་ཐོག་ཏུ་ཁྱེད་ཅག་ལ་སྣོན་འཕྲི་སྤོར་གཅོག་ག་རེ་ཡོད་ཀྱང་། ཐེངས་འདིར་གོ་བསྡུར་གནང་ཐུབ་པ་ཡིན་ན་ཡག་པོ་རེད། ད་བར་བཀའ་ཤག་དང་སྤྱི་འཐུས་ནང་འབྱོར་བའི་དགོངས་འཆར་དག་ཏུ། སྔོན་གླེང་དང་དོན་ཚན་དང་པོའི་ཐོག་བསམ་ཚུལ་དེ་ཙམ་མི་འདུག ཅེས་གསུངས་སོང་།
ཡང་ཁོང་གིས་བཅའ་ཁྲིམས་བསྐྱར་བཅོས་གནང་སྟངས་སྐོར་གསུངས་དོན། བཅའ་ཁྲིམས་བསྐྱར་བཅོས་ཟིན་ཚོགས་ཆུང་ནང་བཀའ་སྤྱི་གཉིས་དང་། རྒྱ་གར་གྱི་གྲོས་ཚོགས་འོག་མའི་དྲུང་ཆེའི་རྒྱུན་རིང་གནང་མྱོང་མཁན་གྱི་ཁྲིམས་ལུགས་མཁས་དབང་སྭོ་ཝའ་ཞི་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཆེད་མཁས་པ་ཁག་ཅིག་བཅས་ལ་སློབ་སྟོན་གོ་བསྡུར་བྱས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་སྔོན་གླེང་དང་དོན་ཚན་ཁག་ཟིན་བྲིས་སུ་བཏབས་པ་རེད། དོན་ཚན་དང་པོ་དེ། ༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགན་འཁྱེར་མི་དགོས་པ་བཟོ་བཞིན་ཡོད་སྟབས། ༧གོང་ས་མཆོག་དང་བོད་དང་བོད་མི་ཁ་འབྲལ་ཐབས་མེད་པའི་གནས་སྟངས་ལོ་རྒྱུས་ཐོག་རང་ཆས་སུ་ཡོད་སྟབས། ༧གོང་ས་མཆོག་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཀྱི་ངོ་བོའི་སྟེང་ནས་དོན་ཚན་དང་པོ་དེ་བཅུག་པ་རེད། དེ་སྔའི་བཅའ་ཁྲིམས་དོན་ཚན་ ༡༩ པའི་ནང་གི་ཁྲིམས་ཀྱི་ནུས་པ་ལྡན་པའི་དོན་ཚན་ཁག་བཏོན་ཡོད། དེ་༧གོང་ས་མཆོག་གི་དགོངས་པ་དང་མཐུན་པ་ཞིག་ལ་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། སྔོན་གླེང་དང་དོན་ཚན་དང་པོ་གཉིས་གལ་ཆེ་ཤོས་ཆགས་ཡོད། ཅེས་གསུངས་སོང་།
དེ་རིང་ཀུན་གླེང་བལྟས་པ་ཡིན། ཉོབ་བཅུག་གས། བོད་གཞུང་ཞེས་པའི་མིང་མེད་པ་བཟོ་དོན་ནི་རྒྱ་གར་གྱི་ཁྲིམས་ཁང་ལ་དེ་དང་འབྲེལ་བའི་ཁ་མཆུ་གཉིས་ཡོད་ཙང་རེད་ཟེར། འོ་ན་གཅིག་དེ་ཟླ་བ་ཚེ་རིང་གིས་རྒྱ་གར་ཁྲིམས་ཁང་ལ་ཁ་མཆུ་བརྒྱབ་པ་དེ་ཡིན་དང་མ་ཡིན། ཡིན་ན་ཟླ་བ་ཚེ་རིང་བོད་གཞུང་གི་སྤྱི་འཐུས་ནང་ཡོད་པ་དེ་འགྲིགས་དང་མི་འགྲིགས་འདི་ཚོའི་སྐོར་དྲི་བ་གཅིག་ཀྱང་འདྲི་མི་དགོས་པ་ག་རེ་རེད། བརྗོད་གཞི་དང་འབྲེལ་བ་རྩ་ནས་མེད་པའི་ཇོ་ནང་གི་སྐོར་ག་ཚོད་བཤད་བཤད་ཡིན་པ་ག་རེ་རེད། ཁ་ཤས་ཀྱིས་དྲི་བ་གནག་པོ་བྲིས་ཚེ་བརྗོད་གཞི་དང་འབྲེལ་བ་མི་འདུག་ཅེས་ལམ་སང་བཀག་གི་ཡོད་པ། དེ་རིང་ག་རེ་རེད
ཁྲིམས་མཐུན་གྱི་གཞུང་ཞིག་བཟོ་བའི་ཆེད་དུ་རེད་ཅེས་བཀོད་འདུག འདི་གང་འདྲ་གོ་བ་ལེན་དགོས་ན། འཆར་ཟིན་ནང་དུ་བཙན་བྱོལ་བོད་གཞུང་གི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བཀོད་པ་དེའི་དགོས་དམིགས་ལ་གོ་དགོས་སམ། ཡང་ན་གཞན་ཞིག་ལ་གོ་དགོས་མིན་ཤེས་ཀྱིན་མི་འདུག
སྤྱི་མཐུས་ཚོགས་གཙོ་མཆོག་གིས་སྐབས་འདིར་གོ་སྐབས་བཟུང་ནས་ཀརྨ་ཆོས་འཕེལ་སོགས་མངའ་རིས་བ་འགའ་ཞིག་ལ་ཆེད་དུ་དམིགས་ནས་མངའ་རིས་སྤྱི་མཐུན་ཚོགས་པའི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་གསལ་པོ་བཟུང་དགོས་པའི་གསལ་བཤད་བྱེད་པའི་བཟོ་འདྲ་འདུག་སྙམ།