ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་ཏེ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཉིན་མཐའ་མར་ཚོགས་ཞུགས་པ་ཡོངས་བསྐྱར་དུ་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་ཏུ་འཛོམས་ཏེ། ཚོགས་ཆེན་སྟེང་གི་བསམ་ཚུལ་ཕྱོགས་བསྡོམས་གནང་བ་རེད། ཉིན་དེར་ཚོགས་བཅར་བ་ཡོངས་ལ་བོད་ཁྱིམ་ལག་རྩེད་སྤོ་ལོ་རྩེད་ཐང་དུ་ཉིན་གུང་གསོལ་ཚིགས་གྲ་སྒྲིག་བྱས་འདུག ཉིན་བཞིའི་རིང་གི་ཚོགས་འདུའི་ལས་རིམ་དམ་པོ་ཡིན་པ་དང་གྲོས་གཞིའི་ནང་དོན་གལ་གནད་ཆེ་བས་ཚོགས་བཅར་བ་ཡོངས་ཧ་ཅང་ཐང་ཆད་ཅིང་གཉིད་བྲོ་པའི་རྣམ་པ་ཞིག་མངོན་ཏེ། གཅིག་རྗེས་གཉིས་མཐུད་དུ་ཉིན་གུང་གསོལ་ཚིགས་སྟེང་འཛོམས་སོང་། སྐབས་དེར་སྒྲིག་ཆས་དཀར་གཙང་གྱོན་ཞིང་སྐེད་པར་ཕྱི་རས་ཁྲ་ཁྲ་ཕྱང་ཡོད་པའི་ཕོ་གཞོན་མང་པོ་ཞིག་གི་དེང་རབས་ཟས་སྣ་གཡོ་སྐོལ་གྱི་ལག་རྩལ་དང་། ལག་ཤུབས་དཀར་པོ་གྱོན་ཞིང་སྐེ་འདོག་ནག་པོ་བརྒྱབ་ཡོད་པའི་བུ་མོ་འགའི་སྤྲོ་སེམས་འཁོལ་བའི་ཞབས་ཞུའི་རྣམ་འགྱུར་གྱིས་སྐུ་མགྲོན་ཚོའི་ངལ་དུབ་བསང་བར་བྱས་སོང་།
ནམ་རྒྱུན་མཛད་སྒོ་རིགས་ཀྱི་གསོལ་ཚིགས་སྟེང་སྐུ་མགྲོན་རྣམས་བང་སྒྲིག་སྐབས། ཕན་ཚུན་ལ་ཀུ་རེ་ཅུང་ཙམ་རེ་བྱེད་པ་ལས་སྐད་ཅོར་མང་པོ་མེད་མོད། ཉིན་དེར་སྐུ་མགྲོན་རྣམས་མིག་ཧྲིག་ཧྲིག་གིས་ཡར་ལྟ་མར་ལྟ་བྱེད་བཞིན་ “ན་གཞོན་འདི་དག་སུ་རེད” “ཁོང་ཚོ་བོད་པ་རེད་དམ” “གང་ནས་ཡོང་བ་རེད” ཅེས་ཕན་ཚུན་ལ་སྐད་ཆ་འདྲི་བཞིན་འདུག ངའི་མདུན་གྲལ་དུ་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྒན་པ་ཞིག་གིས་ག་གེ་མོ་ཞེས་སློབ་ཕྲུག་དེ་དག་སྐོར་ལ་འགྲེལ་བཤད་ཅིག་རྒྱག་གི་འདུག་མོད། ངེད་གཉིས་བར་དུ་མི་གསུམ་བཞི་ཞིག་གིས་ཆོད་ཡོད་སྟབས། “བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ལག་ཤེས་སློབ་གྲྭ་གཅིག་པུ་དེ་རེད” ཟེར་བ་ཙམ་ལས་སྐད་ཆ་གཞན་གོ་ཐུབ་མ་སོང་།
ང་ཚོ་བང་བསྒྲིགས་ཏེ་མདུན་ཅོག་གི་སྣེ་རུ་བསླེབས་སྐབས། བུ་མོ་ཆུང་ཆུང་ཞིག་གིས་གུས་ཉམས་དང་བཅས་ང་ལ་སྡེར་མ་ཞིག་སྤྲད་བྱུང་། སྟབས་ལེགས་པ་ཞིག་ལ་མོ་ནི་ང་རང་གི་ངོ་ཤེས་ཤིག་རེད། དེ་སྔ་ཤེས་རབ་དགའ་ཚལ་སློབ་གླིང་དུ་“ཨ་མ་ལ” ཟེར་བའི་སློབ་གྲྭའི་སྤྱི་ཐབ་དང་ཁོར་ཡིག་དོ་དམ་བྱེད་མཁན་བུད་མེད་རྒན་པ་ཞིག་ཡོད་པ་ཁོང་གི་ཚ་མོ་རེད། ངས་མོ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་མཉམ་དུ། ཁྱོད་ཚོ་སློབ་གྲྭ་གང་ནས་ཡིན། འཛིན་གྲྭ་ག་ཚོད་ཡིན། ཞལ་ལག་འདི་དག་ཁྱེད་ཅག་གིས་བཟོས་པ་ཡིན་ནམ་ཞེས་དྲིས་པར་ཁོང་མོས། ཡིན་ལགས། ཞལ་ལག་འདི་དག་ང་ཚོས་བཟོས་པ་ཡིན། ང་སི་ལ་ཀོ་སློབ་གྲྭར་ཡོད། ད་ལོ་འཛིན་གྲྭ་བཅུ་གཉིས་ཡིན། ཞེས་བརྗོད་བྱུང་། ང་ལ་ད་དུང་འདྲི་རྒྱུ་མང་པོ་ཞིག་ཡོད་མོད། རྒྱབ་ཕྱོགས་ནས་ཕུད་རྒྱག་བཏང་སྟེ་རིམ་གྱིས་མོ་དང་བར་ཐག་ཇེ་རིང་དུ་མི་འགྲོ་ག་མེད་བྱུང་།
ངས་བྲེལ་འཚུབ་ཀྱིས་སོ་སོའི་སྡེར་མའི་ནང་ཟས་རིགས་ཉུང་ཙམ་བླངས་ཏེ། ཅོག་ཙེ་གཞན་ཞིག་གི་མཐའ་རུ་བསྡད་སྐབས་ཤེས་རིག་གི་ལས་བྱེད་ཁོང་ཡང་དེར་བསླེབས་སོང་། ཁོང་ལ་ཡང་བསྐྱར་སློབ་གྲྭ་དེའི་སྐོར་འདྲི་མགོ་བརྩམས་ཀྱང་། ཁོང་གིས་མགོ་བོ་ཡར་མི་མགྱོགས་པར། “སི་ལ་ཀོ་སློབ་གྲྭ་ནས་རེད” ཅེས་ལན་མདོ་བསྡུས་ཤིག་བརྒྱབ་རྗེས་བྲེལ་འཚུབ་ངང་ཞལ་ལག་མཆོད་པ་ལས་ངའི་སྐད་ཆར་དོ་སྣང་མི་འདུག སྐབས་དེར་ཨ་མ་རྗེ་བཙུན་པད་མ་མཆོག་གིས་སློབ་ཕྲུག་དེ་དག་དང་ལྷན་དུ་བཀའ་མོལ་གནང་གི་འདུག ངས་ཟ་མ་བཟའ་འཕྲོས་སུ་བཞག་སྟེ་ཁོང་ཅག་གི་གམ་དུ་སོང་བ་ཡིན། ཨ་མ་རྗེ་བཙུན་པད་པ་མཆོག་གིས་སློབ་ཕྲུག་རེ་རེ་བཞིན “མིང་ལ་ཅི་ཟེར། ལོ་ག་ཚད་ཡིན” ཞེས་འདྲི་བཞིན་འདུག སྐབས་དེར་རྒྱབ་ཕྱོགས་ནས་ཕོ་གསར་ཞིག་མདུན་དུ་ཡོང་སྟེ། སྨྲ་དག་ལ་དོན་གསལ་བའི་སྒོ་ནས་ངོ་སྤྲོད་གནང་སོང་། མ་གཞི་ཁོང་ནི་སློབ་ཕྲུག་འདི་དག་གི་སྣེ་འཁྲིད་པ་རེད། མཇུག་ཏུ་ཨ་མ་རྗེ་བཙུན་པད་པ་མཆོག་གིས་སློབ་ཕྲུག་དེ་དག་དང་མཉམ་དུ་སྐུ་པར་ཞིག་ཀྱང་བསྒྲོན་སོང་།
གོ་སྐབས་འདི་དང་བསྟུན་ཏེ་ངས་ཕོ་གསར་དེ་ལོགས་སུ་སྐད་བཏང་སྟེ། ང་བོད་ཀྱི་དུས་བབ་གསར་འགོད་པ་ཡིན། ཁྱེད་ཅག་གི་སྐོར་ལ་བཅར་འདྲི་ཐུང་ཙམ་གནང་ཆོག་གམ་ཞེས་རེ་བ་ཞུས་སྐབས། ཁོང་གིས་དགའ་བཞིན་སྤྲོ་བཞིན་དང་ལེན་གནང་སོང་བ་མ་ཟད། དེ་མ་ཐག་སློབ་གྲྭ་དེའི་ཐོག་མའི་བྱུང་སྟངས་ནས་ངོ་སྤྲོད་གནང་མགོ་བརྩམས་བྱུང་། རྡེ་ར་རྡུན་དུ་ ༢༠༠༠ ལོར་༼ བོད་ཁྱིམ་ལས་རིགས་སློབ་གཉེར་ཁང་༽ཞེས་པ་གསར་འཛུགས་གནང་བ་རེད། ད་ལྟ་སློབ་ཕྲུག་ ༢༢༡ དང་དགེ་ལས་ ༣༨ ཙམ་ཡོད། སློབ་གྲྭ་དེར་སྡེ་ཚན་ ༡༢ ཡོད། དེ་དག་ནི་རླངས་འཁོར་ཞིག་གསོ་དང་གློག་བཟོ། ཤིང་བཟོ། གློག་ཀླད། དྲུང་ཡིག ཟ་ཁང་གི་མགྲོན་པོར་སྣེ་ལེན། སྐྲ་དང་གདོང་པ་མཛེས་བཟོ། ལུས་པོའི་འཕྲོད་བསྟེན་བཀུ་མཉེ། སྤྱིར་བཏང་གི་ཟས་རིགས་གཡོ་སྐོལ། ངར་ཟས་རིགས་བཟོ་སྦྱོར། གསོལ་ཚིགས་འདེགས་འབུལ། མགྲོན་ཁང་གི་ཞབས་ཞུ་བཅས་རེད། ང་ཚོའི་སློབ་གྲྭ་དེ་ནི་བཙན་བྱོལ་ནང་གི་ལག་ཤེས་སློབ་གྲྭ་ཐོག་མ་དེ་ཆགས་ཡོད་ལ། མ་འོངས་པའི་ལོ་གཉིས་ཀྱི་ནང་ཚུད་དུ་བསྒྱུར་བཅོས་ཆེན་པོ་ཞིག་གཏོང་རྒྱུའི་འཆར་གཞི་ཡོད། ཅེས་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ་སློབ་གྲྭ་དེའི་གལ་ཆེའི་རང་བཞིན་སྐོར་བརྗོད་རྒྱུར། སློབ་གྲྭ་སྤྱིའི་འཛིན་སྐྱོང་བོད་ཕྲུག་ཁྱིམ་སྡེའི་འོག་ཡོད་པ་རེད། དེ་རིང་ང་ཚོས་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་གྱི་སྐུ་མགྲོན་རྣམ་པར་ཞལ་ལག་བཟོས་པ་དེ་ཐེངས་གཉིས་པ་དེ་ཡིན། ཐེངས་དང་པོ་སྔོན་མ་དབུ་མའི་ལམ་གྱི་ཚོགས་འདུ་ཞིག་ལའང་ཞལ་ལག་བཟོས་མྱོང་ཡོད། ཐེངས་འདིར་བོད་ཕྲུག་ཁྱིམ་སྡེ་སྤྱི་ཁྱབ་ཡིག་ཚང་གིས་བཀའ་ཕེབས་པ་བཞིན་ང་ཚོའི་སློབ་གྲྭའི་ལས་བྱེད་གསུམ་དང་སློབ་ཕྲུག་ ༣༤ བཅས་ཡོང་ཡོད། དེང་སྐབས་བོད་པའི་སྤྱི་ཚོགས་ནང་མཐོ་སློབ་འཐོན་མཁན་མང་པོ་ཞིག་ཡོང་གི་ཡོད་ཀྱང་། ལས་ཀ་བྱེད་ས་མ་རག་པར་གཞོན་སྐྱེས་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་རེད། ང་ཚོའི་སློབ་གྲྭ་ལྟ་བུ་ཞིག་ནས་འཐོན་པ་ཡིན་ན། ལས་ཀ་མ་རག་པའི་དཀའ་ངལ་ཡོད་པ་མ་རེད་ལ། སོ་སོ་སྒེར་ངོས་ནས་ཀྱང་ཁེ་ལས་གཉེར་ཐུབ་ཀྱི་ཡོད། དེར་བརྟེན་སློབ་གྲྭ་འདི་ཧ་ཅང་གནད་འགག་ཅིག་ཆགས་ཡོད། ཅེས་སྤོབས་པ་གཟེངས་སུ་བཏེགས་ཏེ་བརྗོད་བྱུང་།
སྐབས་དེར་ངས་ཁོ་རང་སྒེར་གྱི་ལོ་རྒྱུས་སྐོར་དྲིས་སྐབས། གད་མོ་དགོད་བཞིན། ངའི་མིང་ལ་ལྷག་པ་དོན་གྲུབ་ཟེར་གྱི་ཡོད། ཕྱི་ལོ་ ༡༩༨༣ ལོར་བོད་ནས་ཡོང་བ་ཡིན། ལོ་ལྔ་ནས་ད་ལྟའི་བར་བོད་ཕྲུག་ཁྱིམ་སྡེའི་འོག་འཚར་ལོངས་བྱུང་བ་ཞིག་ཡིན་ལ། འཛིན་གྲྭ་གསུམ་པའི་བར་བོད་ཕྲུག་ཁྱིམ་སྡེ་དང་། དེ་ནས་འཛིན་གྲྭ་བཅུ་བའི་བར་ངྷ་ཤོད་སློབ་གྲྭ་ནས་བཏོན་པ་ཡིན། འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཚན་རིག་ཐོག་སློབ་སྦྱོང་བྱས་རྗེས། ཅན་ངྷི་སྒར་གྱི་ཟ་ཁང་དུ་ལོ་གཉིས་རིང་ཟ་མ་བཟོ་སྟངས་ཐོག་སློབ་སྦྱོང་བྱས་པ་ཡིན། དེའི་རྗེས་ལྡི་ལིར་སྐར་མ་ལྔ་ཅན་གྱི་ཟ་ཁང་ཞིག་ཏུ་ལོ་ ༢ རིང་ལས་ཀ་བྱས་ཏེ་ཉམས་མྱོང་བསགས་ཤིང་། སྐབས་དེར་དབུས་སྤྱི་ཁྱབ་ཡིག་ཚང་ནས་བཀའ་ཕེབས་ཏེ། ཁྱེད་རང་རྡེ་ར་རྡུན་དུ་ལག་ཤེས་སློབ་གྲྭ་ཞིག་བཙུགས་ཡོད་པ་དེར་དགེ་རྒན་དུ་འགྲོ་དགོས་པ་རེད་གསུངས་སོང་། ༢༠༠༠ ལོ་ནས་བཟུང་སློབ་གྲྭ་དེར་ཞལ་ལག་བཟོ་སྟངས་ཀྱི་དགེ་རྒན་བྱས་ཏེ་ལོ་ ༨ ཙམ་ཕྱིན་སོང་། རྗེས་སུ་སློབ་གྲྭའི་འགན་འཛིན་གྱི་ལས་ཀ་ཡང་ང་རང་གི་སྟེང་དུ་བབས་ཏེ། ད་ཆར་འཛིན་སྐྱོང་འགན་འཛིན་གྱི་ཞོར་དུ་ཞལ་ལག་བཟོ་སྦྱོར་གྱི་སློབ་ཁྲིད་ཀྱང་བྱེད་ཀྱི་ཡོད། སྤྱིར་ང་རང་འཛིན་སྐྱོང་གི་ལས་ཀ་བྱ་རྒྱུ་ལས་སོ་སོའི་ཆེད་ལས་ཟ་མ་བཟོ་སྟངས་ཐོག་སྤྲོ་བ་ཡོད། ཅེས་ངོ་སྤྲོད་གནང་བྱུང་།
ཡང་ཁོང་ལ་སློབ་གྲྭ་དེར་སློབ་ཕྲུག་གསར་འཇུག་བྱེད་ཕྱོགས་དང་སློབ་ཡོན་སྐོར་དྲིས་པར་ཁོང་གིས་གསལ་བཤད་གནང་དོན། སློབ་འཇུག་བྱེད་སྟངས་འདྲ་མིན་ཡོད་པ་རེད། སྤྱིར་བཏང་འཛིན་གྲྭ་བཅུ་བ་འཐོན་མཁན་རིགས་བསྡུ་བཞིན་ཡོད་ཀྱང་། ལག་ཤེས་ཐོག་འདུན་པ་ཆེན་པོ་ཡོད་ན་འཛིན་གྲྭ་བརྒྱད་པ་དང་དགུ་བ་ཡང་བསྡུ་བཞིན་ཡོད། ལོ་རེའི་སློབ་འཇུག་སྐབས་སློབ་ཕྲུག་བརྒྱ་ཆ་ ༦༠ ཙམ་བོད་ཁྱིམ་ཁྱབ་ཁོངས་དང་། བརྒྱ་ཆ་ ༤༠ ཙམ་སློབ་གྲྭ་གཞན་ནས་བསྡུ་བཞིན་ཡོད། སློབ་གྲྭ་འདི་ནས་འཐོན་སྐབས་རྒྱ་གར་གཞུང་གི་ལག་འཁྱེར་སྤྲོད་ཀྱི་ཡོད་པ་རེད། ལོ་ལྟར་ཕྱི་ཟླ་ ༥ ནང་ང་ཚོས་འགེངས་ཤོག་འགྲེམ་བཞིན་ཡོད། ཕྱི་ཟླ་ ༦ ཚེས་ ༢༠ ལ་འགེངས་ཤོག་ཕྱིར་བསྡུས་ཏེ། ཕྱི་ཟླ་ ༧ པའི་ཟླ་མཇུག་བར་སློབ་ཕྲུག་འདེམ་སྒྲུག་བྱས་ཏེ་ས་མིག་གཞིར་བཟུང་རྩེ་བཏོག་བྱེད་ཀྱི་ཡོད། སློབ་གྲྭ་དེར་ཚུད་རྗེས་སློབ་ཡོན་ལོ་གཅིག་ལ་ཧིན་སྒོར་ ༣༡༠༠ རེད། དེ་ལས་ཟླ་རེར་སྒོར་ ༢༠༠ རེ་སློབ་ཕྲུག་ཚོར་ཕྱིར་ལག་དངུལ་དུ་འབུལ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ་སློབ་གྲྭ་དེའི་སློབ་ཡུན་སྐོར་ངོ་སྤྲོད་གནང་དོན། ང་ཚོའི་སློབ་གྲྭའི་ཟ་ཁང་གི་སྡེ་ཚན་ལྟ་བུར་མཚོན་ན། སློབ་འཇུག་གི་ཆ་རྐྱེན་འཛིན་གྲྭ་བརྒྱད་པ་དགུ་བའི་སློབ་ཕྲུག་ཀྱང་བསྡུ་བཞིན་ཡོད། སློབ་སྦྱོང་གི་དུས་ཡུན་ཟླ་བ་ ༢༠ རེད། དེ་ལས་ཟླ་བ་ ༦ ཙམ་ལ་གྲོང་འཁྱེར་གྱི་སྐར་མ་ལྔ་ཅན་གྱི་ཟ་ཁང་ཆེ་ཁག་ཏུ་ཟབ་སྦྱོང་ལ་གཏོང་གི་ཡོད། འཕྲུལ་རིགས་སྡེ་ཚན་གྱི་སློབ་སྦྱོང་དུས་ཡུན་ལོ་གཉིས་རེད། དེའི་ནང་གི་གློག་ཀླད་ལ་མཚོན་ན་ཟླ་བ་ ༢༦ གི་ཚད་གཞི་རེད། སྡེ་ཚན་འདིར་ཉུང་མཐར་འཛིན་གྲྭ་བཅུ་གཉིས་མ་ཐོན་པ་ཡིན་ན་ཚུད་ཁག་པོ་རེད། སྡེ་ཚན་འདི་ནས་འཐོན་མཁན་མང་པོ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་སློབ་གྲྭའི་གློག་ཀླད་དགེ་རྒན་དང་། གཞུང་དང་གཞུང་འབྲེལ་མིན་པའི་ལས་ཁུངས་ཁག་གི་གློག་ཀླད་ཆེད་ལས་པར་འགྲོ་བཞིན་ཡོད། མཛེས་བཟོའི་སྡེ་ཚན་གྱི་སློབ་སྦྱོང་གི་དུས་ཡུན་ལོ་གཅིག་རེད། སྡེ་ཚན་འདི་ནས་ཐོན་མཁན་དག་ཀྱང་རྒྱལ་ས་ཆེ་ཁག་གི་སྐར་ལྔའི་མགྲོན་ཁང་ནང་ལས་ཀ་བྱེད་དུ་གཏོང་གི་ཡོད་ལ། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡང་གཏོང་གི་ཡོད། ད་ལྟའི་ཆར་སློབ་ཕྲུག་ ༥ ཙམ་ཕྱི་རྒྱལ་དུ་བཏང་ཡོད། ཅེས་ངོ་སྤྲོད་གནང་བྱུང་།
ཡང་ཁོང་ལ་སློབ་གྲྭ་འདི་ནས་མཐོན་མཁན་ཚོར་མ་འོངས་པར་ལས་ཀ་རག་མིན་སྐོར་དྲིས་སྐབས་ཁོས་བཤད་རྒྱུར། ང་ཚོའི་སྤྱི་ཚོགས་ནང་ལག་ཤེས་རིགས་ལ་དེ་ཙམ་ལྟ་ལྟངས་ཡག་པོ་ཞིག་འཛིན་གྱི་ཡོད་པ་མ་རེད། དེ་ནོར་འཁྲུལ་ཆེན་པོ་རེད། བག་ཆགས་དེའི་དབང་གིས་བོད་རིགས་གཞོན་སྐྱེས་མང་པོ་ཞིག་སློབ་གྲྭ་འཐོན་ཡོང་སྐབས་ལས་མེད་དུ་ལྷག་གི་ཡོད་པ་རེད། དེང་རབས་ཀྱི་སྤྱི་ཚོགས་ནང་ལ་མཚོན་ན། ལག་ཤེས་ཀྱི་ཉམས་མྱོང་ཞིག་ཡོད་པ་ཡིན་ན། ལས་ཀ་མ་རག་པ་ཟེར་བ་དེ་ཡོང་མི་སྲིད་པ་ཞིག་རེད། ལྷག་པར་དུ་རྒྱལ་ས་ཆེ་ཁག་དང་ཕྱི་རྒྱལ་དུ་འགྲོ་མཁན་ཞིག་ཡིན་ན། སྒེར་ལ་ལག་ཤེས་རང་རྐྱ་ཐུབ་པ་ཞིག་ཡོད་ན། ཕལ་ཆེར་གཞན་གྱི་གཡོག་པོར་རྒྱུག་དགོས་ཀྱི་མེད་པ་ཐག་བཅད་དེ་བཤད་ཐུབ་པ་ཞིག་རེད། ང་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་ཀྱང་། ང་བོད་ནས་ཡོང་བ་ཞིག་ཡིན། སློབ་གྲྭ་ཐོན་རྗེས་ལས་ཀ་མ་རག་པའི་དཀའ་ངལ་རྩ་བ་ནས་འཕྲད་མྱོང་མེད། ཅེས་བརྗོད་བྱུང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ཧ་ཅང་ཐུགས་རྗེ་ཆེ། བྱས་ཙང་བསམ་བློ་སྣ་མང་བཏང་ན་མི་ལས་མེད་ཅིག་ལྷག་ས་འགྲོ་གི་མི་འདུག་ལ། ལས་ཀ་བྱེད་འདོད་མི་འདོད་ཙམ་རེད། ང་ཚོ་སྣ་མང་གི་ཐོག་ལ་ཕྱིན་ན་ལས་ཀ་ཅི་ཡང་བྱེད་ཀྱི་རེག་གི་རེད། མ་འོངས་པར་སྤྱི་ཚོགས་ལ་ཕན་པའི་ལས་དོན་སུས་སྒྲུབ་ན་རྒྱབ་སྐྱོར་བྱེད་རྒྱུ་ཆེན་རེད་ཡཱ།
ལག་ཤེས་ཀྱི་བསྟི་གནས་དགའ་བ་སྐྱེས་འོས་པ་ཞིག་རེད། ལས་སློབ་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
བོད་ཁྱིམ་ལས་རིགས་སློབ་གཉེར་ཁང་གི་དགེ་བསློབ་ཡོངས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ཁྱོད་རྣམས་ཀྱི་མའོངས་བོད་ཀྱི་དོན་དུ་ལས་དོན་ཡག་པོ་ཡོངས་བ་སྨོན།