མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་དཀའ་ངལ་འགའ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp


སྐབས་བཅོ་ལྔ་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་དོན་དབུ་འཛུགས་གནང་བ་དང་བསྟུན་ཏེ། བདམས་ཐོན་སྤྱི་འཐུས་ཁག་ཅིག་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དཀའ་ངལ་ཆེ་ཤོས་ཁག་ཅིག་ངོས་འཛིན་དང་། དེ་དག་སེལ་ཐབས་སུ་དགོངས་འཆར་གང་འདྲ་ཡོད་མེད་ཐོག་བསམ་ཚུལ་བསྡུས་ཡོད།  

མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་སུ་བཙན་བྱོལ་སྤྱི་ཚོགས་ནང་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལས་མེད་དུ་ལྷག་སྟེ་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་པའི་ཐད་དགོངས་འཆར་ག་རེ་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན། ངའི་བསམ་ཚུལ་ཡིན་ན། ལས་མེད་ཀྱི་དཀའ་ངའ་དེའི་ཐད་གཞུང་དང་གྲོས་ཚོགས་ཀྱི་ངོས་ནས་འདི་བྱ་དགོས་ཀྱི་འདུག་ཅེས་དམིགས་བསལ་ཞུ་ཐུབ་ཀྱི་མི་འདུག ཡིན་ནའང་། ངས་སྔོན་ནས་གཞུང་ངོས་ནས་ཕྱི་རྒྱལ་གྱི་གཞུང་དང་ཚོགས་པ་ཁག བཟོ་གྲྭ་སོགས་ལ་འབྲེལ་བ་བཙུགས་ཏེ་ལས་མེད་ཚོ་གན་རྒྱའི་ལམ་ནས་ལོ་གཅིག་དང་གཉིས། ཡང་ན། ཟླ་ཤས་རིང་ཕྱི་རྒྱལ་ཁག་ཏུ་ལས་ཀར་འགྲོ་ཐུབ་པའི་ལམ་ཁ་ཞིག་བཙལ་བ་ཡིན་ན་ལས་མེད་ཀྱི་དཀའ་ངལ་དེ་སེལ་ཐུབ་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་བའི་རྟེན་གཞི་ཡང་བརྟན་པོ་ཆགས་ཀྱི་རེད་བསམ་ཡོད། ལས་མེད་རིགས་ཀྱི་ཡོང་ཁུངས་མང་ཆེ་བ་འདས་པའི་ལོ་བཅུའི་ནང་མཐོ་སློབ་ནས་སློབ་མཐར་ཕྱིན་པའི་རིགས་ཆགས་འདུག ཁོང་ཚོའི་ཁྲོད་ཀྱི་ཁག་ཅིག་གིས་རྒྱ་གར་གྱི་ཚོགས་སྡེ་ཁག་དང་བཟོ་གྲྭ་སོགས་སུ་ལས་ཀ་བྱེད་ཀྱིན་ཡོད་ཀྱང་། མང་ཆེ་བ་བོད་གཞུང་གི་ལས་བྱེད་ཁྲོད་ས་མིག་ཉུང་བ་དང་ལས་ཀ་གཞན་གོ་སྒྲིག་བྱེད་མ་ཐུབ་པ། གཞུང་གི་ལས་ཀ་དེ་རང་ཉིད་ཀྱིས་སྦྱངས་ཟིན་པའི་ཆེད་ལས་དང་མ་འཚམ་པའམ་ཡང་ན་འདོད་བློ་མ་ཁེངས་པ་སོགས་ལ་བརྟེན་ཏེ་ལས་ཀ་རག་གི་ཡོད་པ་མ་རེད། གནས་སྟངས་འདི་ངོས་ཟིན་པའི་ཐོག་ནས་སྒྲིག་འཛུགས་ཀྱི་ངོས་ནས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱ་སྐྱེད་དང་ཡོར་ཡུག་ངེས་ཅན་ཞིག་བཟོ་ཐུབ་པ་ཡིན་ན། ལས་རིགས་མང་དུ་གཏོང་བའི་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་ཐུབ་ཀྱི་རེད་དྲན་ཡོད། དེ་དང་མཉམ་དུ་དཔལ་འབྱོར་འདུ་འགོད་དང་ལས་རིགས་རྒྱ་སྐྱེད་སོགས་ཀྱི་ལམ་ནས་ལས་མེད་དང་སློབ་ཐོན་སློབ་མ་རྣམས་ཀྱང་། རྒྱ་གར་སྤྱི་ཚོགས་དང་རྒྱ་གར་གྱི་གྲོང་ཁྱེར་ནང་འགྲོ་མི་དགོས་པར་བོད་པ་རང་གིས་མཐུན་རྐྱེན་བསྐྲུན་ཐུབ་རྒྱུ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

 

མདོ་སྟོད་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་སུ་བཙན་བྱོལ་བོད་མིའི་ས་གནས་ཁག་སོ་སོའི་གཞིས་ཆགས་སྲ་བརྟན་དང་མུ་མཐུད་རྒྱུན་གནས་ཡོང་ཐབས་ཀྱི་ཐད་ལ་ཐབས་ལམ་གང་འདྲ་མཐོང་གི་ཡོད་མེད་དྲིས་སྐབས་ཁོང་བརྗོད་དོན། ང་རང་ཤིས་ལོང་ནས་ཡིན་ཞིང་། ང་ཚོའི་གཞིས་ཆགས་ལ་ཞིང་ཁ་མེད་ནའང་། གཞིས་ཆགས་ཁ་ཐོར་དུ་འགྲོ་བའི་ཉེན་ཁ་དེ་ཙམ་ཡོད་པ་མ་རེད། ས་གནས་དེའི་འཚོ་ཐབས་གཙོ་བོ་བལ་གོས་ཀྱི་ཚོང་ལས་ཡིན་དུས་འཚོ་བའི་གནས་སྟངས་གང་འཚམ་ཡག་པོ་ཡོད། མ་འོངས་པར་ཡང་ཚོང་ལས་ཐོག་ཤུགས་རྒྱག་ཐུབ་པ་ཡིན་ན། གཞོན་སྐྱེས་རྣམས་གཞིས་ཆགས་སུ་སྡོད་ཐུབ་རྒྱུར་ཕན་ཐོགས་ཡོང་གི་རེད། ལྷག་པར་དུ། བོད་མིའི་གཞིས་ཆགས་གཞན་ཁག་ལ་མཚོན་ན། སོ་སོའི་ཞིང་ཁ་དེ་རྒྱ་གར་ཡུལ་མིའི་ལག་ཏུ་མི་ཤོར་བ་དང་། བེད་མེད་དུ་མི་འགྲོ་བའི་ཆེད་དུ་གཞོན་སྐྱེས་ཚོས་ཞིང་ལས་རིག་པའི་སློབ་ཚན་ཐོག་རིག་གཅིག་རྐང་འཛིན་བྱས་ཏེ། གཞིས་ཆགས་ཀྱི་ཞིང་ཁ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱ་དགོས་ཀྱི་འདུག དེང་དུས་དང་མཐུན་པའི་ཞིང་ཁ་ཡར་རྒྱས་གཏོང་ཐུབ་པ་ཡིན་ན། གཞིས་མིའི་དཔལ་འབྱོར་རང་བཞིན་གྱིས་ཡར་རྒྱས་འགྲོ་བ་རེད།  སྤྱིར་བཏང་མི་སྒེར་རེ་རེའི་ངོས་ནས་སྤྱི་དོན་ཐོག་ལས་ཀ་བྱ་རྒྱུའི་འདུན་པ་ཞིག་དགོས་པ་རེད། ང་རང་གིས་ད་བར་ཤིས་ལོང་གཞིས་ཆགས་ཀྱི་འཚོ་བའི་ཐོག་ལས་ཀ་ཆུང་ཚགས་རིགས་མང་པོ་བྱས་མྱོང་ཡོད། དཔེར་ན། སྐབས་ཤིག་ལ་ཤིས་ལོང་དགའ་ལྡན་ཆོས་གླིང་དགོན་དུ་ལྕགས་ར་བསྐོར་རྒྱུའི་ལས་མགོ་བཙུགས་སྐབས། རྒྱ་གར་ཡུལ་མི་ཚོས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཏེ་བཀག་འགོག་བྱས་པ་རེད། ཡིན་ནའང་། ས་གནས་ཡུལ་མིའི་རྒྱལ་རྒྱུད་མགོ་ཁྲིད་ཟུར་བ་ངོ་ཤེས་ཤིག་ཡོད་པ་ཁོང་གི་སར་བཅར་ཏེ་དཀའ་ངལ་ཞུས་ཏེ། ལྕགས་ར་བསྐོར་རྒྱུའི་ལས་གཞི་དེ་ལེགས་གྲུབ་བྱུང་བ་རེད། དེ་བཞིན། དགོན་པའི་གྲྭ་བ་དང་ས་གནས་བོད་པ་ཚོར་འཐུང་ཆུའི་དཀའ་ངལ་རིམ་པར་འཕྲད་སྐབས། ང་རང་མངའ་སྡེ་དེའི་བློན་ཆེན་ཞིག་དང་དངོས་སུ་ཐུག་འཕྲད་ཀྱིས་དཀའ་ངལ་དེའི་གནས་སྟངས་སྐོར་བཤད་དེ་འཐུང་ཆུའི་དཀའ་ངལ་ཡང་སེལ་ཐུབ་པ་བྱུང་སོང་། ཞེས་བརྗོད་སོང་།

 

མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་སུ་བོད་རིགས་ན་གཞོན་མང་པོ་ཞིག་གིས་མྱོས་རྫས་རིགས་འདྲ་མིན་སྤྱོད་ཀྱིན་ཡོད་པའི་དཀའ་ངལ་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་དྲིས་པར་ཁོང་གིས་ལན་འདེབས་བྱས་དོན། དཀའ་ངལ་དེའི་འབྱུང་ཁུངས་ཕལ་ཆེར་ཕ་མ་ཚོ་སོ་སོའི་ལས་ཀར་མགོ་འཁོར་བའི་སྟབས་ཀྱིས། སྔོན་ཆད་ཀྱི་མི་རབས་རྒན་པ་ནང་བཞིན་ཕྲུ་གུར་སློབ་གསོ་རྒྱག་ཐུབ་ཀྱི་ཡོད་པ་མ་རེད། བར་ལམ་ཞིག་ནས་ང་ཚོའི་སྤྱི་ཚོགས་ནང་དཔལ་འབྱོར་གྱི་གནས་སྟངས་གང་འཚམ་ཡག་པོ་ཆགས་ཡོད་སྟབས། ཕྲུ་གུ་ཚོའི་ལག་ཏུའང་སྒོར་མོ་མང་པོ་རག་གི་ཡོད་པ་རེད། རྒྱུ་མཚན་དེའི་དབང་གིས། རྒྱབ་ལོགས་ནས་སློབ་གསོ་སྤྲོད་མཁན་མེད་པ་དང་། དེའི་ཐོག་སྤྱི་ཚོགས་ཐོག་བྱ་སྤྱོད་འདྲ་མིན་སྤེལ་རྒྱུའི་དཔེ་བལྟ་ས་མང་པོ་ཡོད་པ། དཔེ་དེ་དག་ལག་ལེན་དུ་འཁེལ་རྒྱུར་དཔལ་འབྱོར་ཡང་འདང་ངེས་ཡོད་པ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། ཕྱོགས་གཞན་ཞིག་ནས་ཕ་མ་འདི་རིགས་ཀྱིས་སྤྱི་ཚོགས་ལ་འགན་འཁྱེར་གྱི་ཡོད་པ་མ་རེད། བྱིས་པ་ནི་མ་འོངས་པའི་སོན་རྩ་ཡིན་པ་དང་། མ་འོངས་པའི་རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་ཀྱི་བདེ་རྩ་སོགས་ནི་ད་ལྟའི་སོ་སོའི་ཕྲུ་གུ་དག་ལ་རག་ལས་ཡོད་པ་རྩ་བ་ནས་དྲན་ཐུབ་ཀྱི་ཡོད་པ་མ་རེད། བརྒྱ་ཆ་མང་ཤོས་ཕ་མ་དང་སྤྱི་ཚོགས་གཉིས་ཀྱིས་སློབ་གྲྭར་འགན་མ་འཁྱེར་བའི་དབང་གིས་དེང་སྐབས་སློབ་ཕྲུག་མང་པོ་ཞིག་གི་སྤྱོད་པ་སྡུག་ཅག་ཆགས་ཏེ། མྱོས་རྫས་འདྲ་མིན་སྤྱོད་མཁན་ཡོང་གི་ཡོད་པ་རེད། ཕྲུ་གུ་དེ་འདྲ་ཞིག་མཐོང་ཡོང་སྐབས་སློབ་གྲྭ་དེའི་ཕྲུ་གུ་སྤྱོད་པ་ངན་པ་བྱེད་ཀྱི་འདུག་ཅེས་སློབ་གྲྭར་ཁ་གཏོང་རྐྱང་བྱེད་ཀྱི་ཡོད། མདོ་བསྡུས་ན་ང་རང་གིས་དཀའ་ངལ་དེ་དག་གི་འབྱུང་ཁུངས་གཙོ་བོ་ཕ་མའི་སློབ་གསོས་མ་འདང་བ་དང་། ཕྲུ་གུར་གཅེས་སྐྱོང་བྱེད་མ་ཤེས་པར། བསམ་མ་ཤེས་སྔོན་ནས་ལག་ཏུ་དངུལ་འབེལ་བོ་བཞག་པ་བཅས་ལ་བརྟེན་ཏེ་ཡོང་གི་འདུག་དྲན་ཡོད། ལྷག་པར་དུ་དེང་སྐབས་སློབ་གསོ་རྒྱག་སྟངས་དེ་ཡང་སྡུག་ཕྱོགས་ནས་རྒྱག་གི་འདུག གྲུང་པོ་བྱོས། མགོ་བདེ་བོ་བྱོས། ཉམ་ཆུང་བྱ་མི་ཉན་ཟེར་གྱི་འདུག སློབ་གསོ་དེ་འདྲ་རྩ་བ་ནས་རྒྱུག་རྒྱུ་ཡོད་པ་མ་རེད། ཅེས་བརྗོད་སོང་།

 

བྱང་ཨ་རི་དང་ཁ་ཎ་ཌའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་སུ་རྒྱ་གར་གཞུང་གིས་སྐྱབས་བཅོལ་བོད་མི་ཚོར་ངོས་ལེན་གནང་མིན་དང་། ལག་འཁྱེར་རིགས་ལ་དཀའ་ངལ་འཕྲད་བཞིན་པའི་ཐོག་དགོངས་འཆར་དྲིས་སྐབས་ཁོང་གིས་བརྗོད་དོན། ང་ཚོ་རྒྱ་གར་དུ་ཡོང་སྟེ་མི་ལོ་ལྔ་བཅུ་ལྷག་འགྲོ་བཞིན་ཡོད་པ་རེད། ཐོག་མ་སྐྱབས་བཅོལ་དུ་ཡོང་མཁན་བོད་པ་ཚོར་སྐྱབས་བཅོལ་བ་ཡིན་པའི་ལག་འཁྱེར་སྤྲོད་རྒྱུ་དེར་རྒྱ་གར་གཞུང་གིས་བཀག་སྡོམ་ཐུབ་ཀྱི་ཡོད་པ་མ་རེད། འདས་པའི་ལོ་བཅུའི་ནང་ལག་འཁྱེར་ཐོག་དམ་དྲག་ཅུང་ཆེ་རུ་ཕྱིན་ཡོད་པ་རེད། གཙོ་བོ་དེ་བོད་པ་ཡིན་མིན་གྱི་སྐད་ཆ་གང་ཡང་བཤད་ཀྱི་ཡོད་པ་མ་རེད། རྒྱ་གར་གཞུང་གིས་བདེ་སྲུང་སྐོར་ལ་དུས་ཡུན་རིང་པོར་ཞིབ་འཇུག་མང་པོ་བྱས་ཏེ། ལག་འཁྱེར་ཐོག་དམ་དུ་བཏང་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་ལ། གནས་སྟངས་དེའི་ཐོག་བཙན་བྱོལ་བོད་གཞུང་དང་བདེ་སྲུང་གི་ངོས་ནས་རྒྱ་གར་གཞུང་ལ་རབ་དང་རིམ་པར་ཞུས་ཡོད་ཀྱང་། རྒྱ་གར་གྱི་སྲིད་དོན་པར་འཕོ་འགྱུར་བྱུང་བའི་སྐབས་སུ་སྲིད་བྱུས་ལ་འགྱུར་བ་ཐེབས་ཀྱི་ཡོད་དུས། ཞིབ་འཇུག་བྱ་རྒྱུའི་དུས་ཡུན་རིང་དུ་ཕྱིན་པ་དེ་དངོས་ཡོད་གནས་ཚུལ་རེད། སྔོན་ཆད་ཙམ་མིན་པར་སྐྱབས་བཅོལ་བ་མང་པོ་ཞིག་ད་ལྟའང་བོད་ནས་སྐྱབས་བཅོལ་དུ་ཕེབས་བཞིན་ཡོད་དུས། ཁོང་ཚོར་སྲིད་བྱུས་གཏན་འབེབས་བྱ་ཕྱོགས་ཐོག་ཅུང་ཁག་པོ་ཡོད་སྲིད་རྒྱུ་རེད། དེ་ཡིན་དུས། ལས་དོན་དེ་ནང་སྲིད་དང་བདེ་སྲུང་གང་གི་ཁོངས་གཏོགས་ཡིན་ཡང་། གནས་ཚུལ་གསལ་པོ་ཞིག་རྒྱ་གར་དབུས་གཞུང་ལ་སྙན་སེང་ཞུ་དགོས་པ་རེད་ལ། ང་ཚོས་མུ་མཐུད་ཤུགས་བརྒྱབ་ན་དཀའ་ངལ་དེ་རིམ་པར་སེལ་ཐུབ་ཀྱི་རེད་བསམ་གྱི་འདུག དེ་ནི་རྒྱ་གར་ལུང་པའི་ཁྲིམས་ལ་བལྟས་ཏེ་ཐག་གཅོད་དགོས་པ་ཞིག་ཡིན་སྟབས། བཙན་བྱོལ་བོད་གཞུང་གིས་ཞུ་སྐུལ་དགོས་པ་ཞིག་ཆགས་ཡོད་པ་རེད། བོད་ནས་ཕེབས་མཁན་མང་དག་ཅིག་ལ་བལ་ཡུལ་རྒྱ་གར་གཞུང་ཚབ་ཁང་གིས་གནས་སྐོར་གྱི་ཡིག་ཆ་སྤྲད་ཡོད་པ་དེར་དཀའ་ངལ་ཆེན་པོ་ཞིག་འཕྲད་རེད། གནད་དོན་དེའི་རིགས་ལ་ང་རང་སྤྱི་འཐུས་སུ་བསླེབས་རྗེས་དམིགས་བསལ་གྱི་ཤུགས་སྣོན་རྒྱག་གི་ཡིན་བསམ་པ་ཞིག་སྔོན་མ་ནས་ཡོད། ཅེས་བརྗོད་སོང་།

 

དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་སུ་བཙན་བྱོལ་བོད་པ་དང་རྒྱ་གར་ཡུལ་མིའི་བར་རྙོག་གླེང་ཕྲན་བུ་སྣ་ཚོགས་འབྱུང་བཞིན་པའི་རིགས་སེལ་ཕྱོགས་ཐོག་དགོངས་འཆར་གང་འདྲ་ཡོད་སྐོར་དྲིས་པར་ཁོང་གིས་བརྗོད་དོན། བཙན་བྱོལ་སྤྱི་ཚོགས་ནང་གི་ས་གནས་ཁག་ཅིག་ནང་བོད་པ་དང་རྒྱ་གར་ཡུལ་མིའི་བར་རྙོག་གླེང་རེ་ཟུང་ཡོང་གི་ཡོད་པ་དེར་རྒྱུ་རྐྱེན་ཁ་ཤས་ཡོད་པ་རེད་བསམ་གྱི་འདུག གཙོ་བོ་གཅིག་དེ་ད་ཆར་བོད་པའི་གཞིས་ཆགས་ཁོངས་སུ་རྒྱ་གར་ཡུལ་མིའི་ཚོང་ལས་ཙག་ཙིག་གཉེར་མཁན་མང་དུ་ཕྱིན་པའི་སྟབས་ཀྱིས། བོད་པ་ཚོས་གནས་སྟངས་དེར་མི་དགའ་བའི་རྣམ་འགྱུར་འདྲ་མིན་སྟོན་པ་དང་། གཞན་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་བཅས་ཀྱིས་ས་གནས་རྒྱ་གར་ཡུལ་མི་ཚོའི་སེམས་ལ་ཕོག་ཐུག་འགྲོ་བཞིན་ཡོད་པ་རེད། རྒྱུ་རྐྱེན་གཞན་ཞིག་ནི། བོད་པའི་ཚོང་ཁང་དང་ཟ་ཁང་། དེ་བཞིན་མི་ཚང་གི་ནང་བཅས་སུ་རྒྱ་གར་བ་གཡོག་པོར་ཉར་གྱི་ཡོད་པ་དེ་རེད། གཡོག་པོ་ཉམས་ཆུང་རིགས་ཀྱི་ཐོག་ལ་བོད་པ་ཚོས་ཚུལ་མིན་སྣ་ཚོགས་བྱས་ཏེ། རྙོག་གླེང་རབ་དང་རིམ་པ་འབྱུང་བཞིན་ཡོད་པ་རེད། ལྷག་པར་དུ་མི་ཚང་རེ་ཟུང་གིས་ནང་གི་ཕྲུ་གུ་གཉོར་མཁན་ལ་རྒྱ་གར་གྱི་བྱིས་པ་ཆུང་ཆུང་རིགས་ཉར་གྱི་ཡོད་པ་དེ་ཁྱོན་ནས་ཡག་པོ་མ་རེད། དེ་ཚོར་སྡུག་པོ་བཏང་བ་ཡིན་ན། ལོ་ཆེན་པོ་ཆགས་ཡོང་སྐབས་བོད་པའི་ཐོག་ལ་ལྟ་སྟངས་ཡག་པོ་མེད་པ་དང་། སྤྱི་ཚོགས་གཉིས་བར་རྙོག་དྲ་སློང་མཁན་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། དེ་བཞིན། མ་འོངས་པར་ང་ཚོ་གཞིས་ཆགས་གང་གི་ཁོངས་སུ་གཏོགས་ཀྱང་། གཞིས་ཆགས་དེའི་ཚོང་ཁང་དང་ཟ་ཁང་གང་ཡོད་པ་རྣམས་བོད་པ་རང་གིས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། དེ་ནི་ཕྱོགས་གཅིག་ནས་བོད་པ་དང་རྒྱ་གར་ཡུལ་མིའི་བར་མཐུན་ལམ་ཡག་པོ་ཡོང་ཆེད་དང་། ཕྱོགས་གཞན་ཞིག་ནས་བོད་པ་རང་གི་དངུལ་འབབ་དེ་བོད་པ་རང་གི་ནང་འཁོར་སྐྱོད་བྱ་ཐུབ་ཀྱི་ཡོད་པ་རེད། ད་ལྟ་ང་ཚོ་རྒྱ་གར་ལུང་པའི་ནང་སོ་སོའི་ཕ་ཡུལ་བཞིན་སྡོད་ཐུབ་པ་འདི། གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ཡིན་པ་དང་། ཁོང་གི་ཞལ་རས་ལ་གཟིགས་ཏེ་ང་ཚོ་ལུང་པ་འདིར་སྐྱིད་པོའི་འཚོ་བ་རོལ་ཐུབ་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

 

མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རེག་དུག་དང་གློ་གཅོང་སོགས་ཀྱི་གཉེན་ནད་རིགས་སྔོན་འགོག་གི་ཐབས་ལམ་ག་འདྲ་མཐོང་གི་ཡོད་མེད་དྲིས་སྐབས་ཁོང་གིས་བརྗོད་དོན། ང་ལ་མཚོན་ན་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་བབ་ཐོག་ལ་ཉམས་ཞིབ་བྱ་རྒྱུའི་གོ་སྐབས་བྱུང་མེད་དུས། འཕྲོད་བསྟེན་གྱི་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད་པ་མ་རེད། ཡིན་ནའང་། ན་ཚ་འདི་དག་གི་འབྱུང་རྐྱེན་ལ་རྒྱུ་མཚན་ཁ་ཤས་ཡོད་པ་རེད་དྲན་ཡོད། གཅིག ངྷ་སའི་སྤྱི་ཚོགས་ལ་མཚོན་ན། འཛམ་གླིང་ཕྱོགས་མཐའ་ཁག་གི་མི་འདྲ་མིན་སྣ་ཚོགས་འཛོམས་ཡོང་གི་ཡོད་པ་རེད། ཁོང་ཚོའི་གྲས་སུ་ན་ཚ་དེའི་རིགས་ཡོད་རབས་འདུག དེ་བཞིན་ངྷ་སར་གནས་སྡོད་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལས་མེད་ཀྱི་གནས་སྟངས་འོག་བསྡད་ཡོད་པ་རེད། ཁོང་ཚོའི་བར་ནམ་རྒྱུན་འབྲེལ་བ་ཡོང་གི་ཡོད་སྟབས་ན་ཚ་དེ་རིགས་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པ་རེད། འདི་ངྷ་ས་ཙམ་མ་རེད་ལྡི་ལི་སོགས་བོད་པའི་སྤྱི་ཚོགས་གཞན་དུ་ཡང་ཡོང་གི་ཡོད་ས་རེད། འདི་ལ་དོ་བདག་སོ་སོའི་ངོས་ནས་བསམ་བློ་གཏོང་རྒྱུ་ལས་ཁྲིམས་དང་སྒྲིག་གཞི་དེ་འདྲ་བཟོ་ཐབས་ཡོད་པ་མ་རེད། གཙོ་བོ་མང་ཚོགས་ཀྱི་གོ་རྟོགས་ལ་ཐུག་ཡོད་པ་རེད། གཉིས་པ། སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགོན་སྡེ་ཁག་གི་གྲྭ་བ་ལོ་ཆུང་མང་དག་ཅིག་ལ་གློ་བའི་ནད་གཞིའི་རིགས་ཡོང་གི་འདུག དེ་ཚོ་གཙོ་བོ་ཁོང་ཚོར་ཟས་བཅུད་ཀྱིས་མ་འདང་བ་དང་། འཕྲོད་བསྟེན་ལ་དོ་སྣང་ཆུང་དྲགས་པ་སོགས་ཀྱི་དབང་གིས་ཡོང་གི་ཡོད་པ་རེད། གསུམ་པ། བོད་པའི་གོམས་གཤིས་ནང་ང་ཚོར་གློ་བུར་དུ་ན་ཡོང་སྐབས། གཞི་ནས་སྨན་ཁང་དུ་འགྲོ་བ་ལས་ན་ཚ་སྔོན་འགོག་བྱ་རྒྱུའི་གོམས་གཤིས་དེ་རྩ་བ་ནས་ཡོད་པ་མ་རེད། ཁྱེད་ཀྱིས་གོང་དུ་བརྗོད་པའི་ནད་རིགས་དེ་དག་ཧ་ཅང་ཉེན་ཁ་ཅན་རེད། མི་སྒེར་སོ་སོ་མི་ཚེ་དང་ཁ་འབྲལ་འགྲོ་བ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་རྩ་སྟོང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་གྲས་རེད། འདིའི་ཐད་གཞུང་དང་ཚོགས་སྒེར་ཁག་གིས་མི་མང་ལ་བརྡ་ལན་ར་སྤྲོད་གསལ་བོ་བྱ་དགོས་པ་རེད། ཅེས་བརྗོད་བྱུང་།

 

གསར་འགོད་པ་དོན་གོ་དང་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 3

  1. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    བཀུར་འོས་རྣམ་པའི་གསུངས་བཞག་པའི་དཀའ་ངལ་རྣམས་དཀའ་ངལ་འདྲ་ཞིག་ལ་བརྩིས་ན་ཆོག་གི་རེད་དེ། དེ་ལས་ཀྱང་དཀའ་རྙོག་ཅིག་ཡོད་པ་ནི། བོད་རྒྱའི་གྲོས་མོལ་གྱི་ཁ་ཕྱོགས་གང་ཞིག་ཏུ་འགྲོ་གི་ཡོད་མེད་དང་། དེས་བསླངས་པའི་ངོས་འཛིན་དང་ཐབས་ལམ་མ་མཐུན་པ་དེ་ནི། ང་ཚོའི་ཆེས་ཆེ་བའི་དཀའ་རྙོག་ཅིག་རེད། དེས་ན། བཀུར་འོས་རྣམ་པའི་གཙོས་རིགས་མཐུན་དྲ་གྲོགས་རྣམས་ཀྱིས། འདིའི་ཕྱོགས་ལ་ཐབས་བྱུས་རེ་དང་རྣམ་དཔྱོད་རེ་བཏོན་ན་བཟང་གི་ཡ། དེ་མིན། གནད་ཀྱི་དོན་པོ་བོར་ནས་ཆུང་ཆུང་ཞིག་ཆེན་པོར་བསྒྱུར་བ་ནི། ཅང་བཟང་རྒྱུ་མེད་ཀི་ཡ།

    Reply
  2. གངས་ཕྲུག says:
    ལོ་ 14 སྔོན།

    སྐུ་ངོ་ཐུབ་བསྟན་ལུང་རིགས་ལགས། དེ་སྔོན་ཁྱོད་ཀྱིས་བཤད་པའི་སྐད་ཆ་འདིར་བཀོད་ཡོད་པའི་ད་ལྟའི་ཁྱོད་ལན་དེ་ཁྱོད་ཀྱིས་ཁྱོད་རང་རྒྱབ་འདུག

    གྲུང་བོ་བྱོས། ཉམས་ཆུང་མ་བྱེད། གྱོང་རག་གི་རེད།
    འདོན་སྤེལ། ༢༠༡༡/༠༡/༠༣
    འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་བརྒྱ་སྐོར་ཞིག་ལ། བཙན་བྱོལ་བོད་མིའི་མང་གཙོ་དང་དང་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད་པའི་མཇུག་བསྡོམས་མཛད་སྒོའི་སྟེང་། ཤེས་རིག་བཀའ་བློན་མཆོག་གིས་ད་ལྟའི་སློབ་ཕྲུག་ཁྱེད་ཅག་མ་འོངས་པར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རླབས་ཆེན་མི་སྣ་ཆགས་དགོས་པའི་ལམ་སྟོན་སློབ་གསོ་གནང་ཡོད།
    ཉིན་འདི་འགར་ངྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་བཙན་བྱོལ་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་བརྒྱ་སྐོར་ཞིག་ལ་༼བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད།༽ ཅེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་ལྟར། དེ་རིང་ཕྱི་དྲོ་ཟབ་སྦྱོང་དེའི་ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་ཐེངས་འདིའི་ཟབ་སྦྱོང་ཐོག་གི་རིག་རྩེད་འགྲན་བསྡུར་ཁག་གི་ཨང་རིམ་དང་པོ་དང་གཉིས་པར་བྱ་དགའ་གསོལ་རས་བསྩལ་བ་དང་སྦྲགས་གསུང་བཤད་གནང་དོན། ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་རེད། ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་གོམ་པ་དང་པོ་ཟེར་ན་འདྲ་ལ་གཞི་རྩ་ཟེར་ནའང་འདྲ། ཚང་མའི་རྨང་གཞི་སློབ་སྦྱོང་བྱ་རྒྱུ་དེ་ཆགས་ཡོད། ང་ཚོ་བཙན་བྱོལ་ལ་འབྱོར་མ་ཐག་རྡོག་བསྒྲིལ་ཏེ། ལས་དོན་མང་པོའི་ཁྲོད་ནས་ཐོག་མར་སློབ་གྲྭ་གསར་འཛུགས་བྱས་ཤིང་། གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་རྒྱུའི་ཐབས་ཤེས་བྱས་པ་རེད།
    སློབ་སྦྱོང་ཡོད་པ་ཡིན་ན། རྩ་དོན་གྱི་ལག་ཆ་སྤུས་དག་པོ་ཞིག་དང་བརྟན་པོ་ཞིག དེ་བཞིན་རྣམ་དཔྱོད་དང་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་ཐུབ་པ་བཅས་ལ་དམིགས་ཏེ། ༧གོང་ས་མཆོག་གིས་སློབ་གྲྭའི་ལས་དོན་ལ་ཤུགས་བརྒྱབ་པ་རེད། གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་རྒྱུའི་དམིགས་ཡུལ་གཙོ་བོ་གང་ཡིན་ཟེར་ན། བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་བྱས་པའི་ཐོག་ནས་དེང་རབས་ཀྱི་རིག་གནས་གསར་བ་སློབ་སྦྱོང་བྱ་རྒྱུ་གནད་ཀྱི་སྙིང་པོར་བཟུང་ཡོད་སྟབས། རིག་གཞུང་བསྟི་གནས་མང་པོ་ཞིག་སྔ་རྗེས་སུ་གསར་རྒྱག་གནང་པ་རེད། འོན་ཀྱང་བར་ལམ་ང་ཚོའི་སྤྱི་ཚོགས་ནང་མི་འབོར་ཇེ་ཉུང་དུ་ཕྱིན་པའམ། ཡང་ན་མང་པོ་ཞིག་རྩྭ་བཟང་ས་ལ་ཕྱིན་པ་གང་ཡིན་ཆ་མ་འཚལ་ཡང་། ཕྲུ་གུ་ཉུང་དུ་ཕྱིན་པའི་དབང་གིས་འཛིན་གྲྭ་སྒོ་རྒྱག་དགོས་བྱུང་བ་དང་སློབ་གྲྭ་ཉུང་དུ་འགྲོ་བའི་གནས་ཚུལ་མང་པོ་བྱུང་ཡོད། ཅེས་ ༡༩༥༩ ལོ་ནས་ད་ལྟའི་བར་གྱི་སློབ་གྲྭ་གསར་འཛུགས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་བྱུང་ལ།

    ཁོང་གིས་མུ་མཐུད་དོན། ད་ལྟའི་ཆར་ང་ཚོའི་སློབ་གྲྭ་ཁག་ཏུ་ནང་སྦྱོང་ guide book ཞེས་པ་དེ་ཧ་ཅང་དར་སྲོལ་ཆེ་རུ་ཕྱིན་ཡོད། དེ་སློབ་མ་ཙམ་དུ་མ་ཟད་དགེ་རྒན་དང་། སློབ་ཕྲུག་གི་ཕ་མ་ཚོའི་ངོས་ནས་ཀྱང་ཆེད་མངགས་བེད་སྤྱོད་གཏོང་དུ་འཇུག་གི་ཡོད་པ་རེད། དེ་ཡག་པོ་མ་རེད། ཡིག་ཚད་གཅིག་པུར་བསམ་བློ་གཏོང་གི་ཡོད་པ་རེད། སྔོན་མ་ང་ཚོས་སྐབས་ལ་ guide book ཟེར་བ་དེ་དགག་བྱ་གཙོ་བོ་ཞིག་རེད། ལྷགས་པ་རྒྱག་པ་ལྟ་བུ་མིན་པར་དངོས་གནས་སློབ་སྦྱོང་བྱ་ཐུབ་མཁན་ཞིག་བྱ་དགོས། ང་ཚོའི་སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་ལྟར་ན། གཞན་ལ་ཐོས་པ་བྱེད་པ་དང་། རང་གིས་བསམ་པ་བྱེད་པ། དེ་བཞིན་སྤྱོད་པ་དང་སྒོམ་པ་བཅས་རིམ་པ་གསུམ་གྱི་ཐོག་ནས་སྦྱོང་སྲོལ་ཡོད་པ་ལྟར། ང་ཚོས་དེ་དག་ཡ་མ་བྲལ་བ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད།
    ཁྱེད་ཚོ་ནི་ང་ཚོའི་མ་འོངས་པ་ཡིན་པར་མ་ཟད། མ་འོངས་པའི་ང་ཚོའི་སྤྱི་ཚོགས་དང་རྒྱལ་ཁབ། མི་རིགས་གང་འདྲ་ཞིག་ཆགས་མིན་དེ་ཁྱེད་རང་ཚོར་རག་ལུས་ཡོད་ལ། ང་ཚོའི་ད་ལྟའི་མི་རབས་དང་མ་འོངས་པའི་མི་རབས་བར་གྱི་མཐུད་མཚམས་དེ་ཡང་ཁྱེད་རང་ཚོས་གནང་དགོས་པ་རེད། མ་འོངས་པའི་རྒྱལ་ཁབ་ཀྱི་འཛིན་སྐྱོང་དང་འཐབ་རྩོད་སོགས་ཕྱོགས་ཡོངས་ནས་ཁྱེད་རང་ཚོས་འགན་འཁུར་དགོས་སྟབས། སློབ་གྲྭའི་དཔེ་དེབ་གཅིག་པུ་མིན་པར་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གཙོ་བྱས་ཏེ། གཞུང་གི་ལྷན་ཁང་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནས་སྟངས། སྤྱི་ཚོགས་ཀྱི་གནས་སྟངས་སོགས་ཕྱོགས་ཡོངས་ལ་དོ་སྣང་བྱས་ཏེ། མ་འོངས་པར་སློབ་སྦྱོང་བྱེད་ཕྱོགས་དང་དམིགས་ཡུལ། སློབ་ཚན་ལེན་སྟངས་སོགས་ལ་ངེས་པར་དུ་དོ་སྣང་བྱ་དགོས་པ་རེད། ཅེས་གསུང་བྱུང་།
    མཐར་ཁོང་གིས་སློབ་ཕྲུག་གི་ཕ་མ་ཚོའི་སློབ་གསོ་སྤྲོད་སྟངས་འགྲིག་གི་མེད་སྐོར་གསུང་དོན། སྔོན་མ་ང་ཚོའི་དུས་སྐབས་སུ་སློབ་གསོ་སྤྲོད་མཁན་མང་ལ། སློབ་གསོ་སྤྲོད་སྟངས་ཀྱང་ཡང་དག་ཅིང་ཚུལ་དང་ལྡན་པ་ཞིག་རེད། ད་ལྟའི་དུས་འདིར་ཕ་མ་མང་པོ་ཞིག་གིས་ཕྲུ་གུར་ “དབྱིན་ཡིག་ལ་ཤུགས་རྒྱག་དགོས་པ་རེད། ཨ་རི་ལ་འགྲོ་དགོས་པ་རེད” “གྲུང་བོ་བྱོས། ཁེ་བཟང་རེད།” “ཉམས་ཆུང་མ་བྱེད། གྱོང་རག་གི་རེད། “ ཅེས་སློབ་གསོ་སྤྲོད་ཀྱི་ཡོད་པ་ལས་༸གོང་ས་མཆོག་ལ་ཞབས་ཞུ་བསྒྲུབ་དགོས་པ་རེད། བོད་གཞུང་ལ་ཞབས་ཞུ་བསྒྲུབ་དགོས་པ་རེད་ཟེར་མཁན་དཀོན་པོ་རེད། སློབ་སྦྱོང་བྱེད་པ་དེ་ལྟོ་གོས་ཁོ་ནའི་ཆེད་ཡིན་པ་ལྟ་བུའི་སློབ་གསོ་གཏོང་གི་ཡོད། དོན་དངོས་ཐོག་ཤེས་ཡོན་སློབ་སྦྱོང་བྱེད་པའི་དགོས་པ་རྒྱུ་མཚན་གཙོ་བོ་མི་ཚེ་དོན་དང་ལྡན་པ་ཞིག་དང་། དེ་ཡང་མི་རིགས་དང་རྒྱལ་ཁབ། འཇིག་རྟེན་ལ་ཕན་ཐོགས་མཁན་ཞིག་ཆགས་རྒྱུ་མ་ཟད། རང་གི་དབུ་ཁྲིད་དང་གཞུང་། སྤྱི་ཚོགས་བཅས་ལ་ཤ་ཞེན་ཡོད་པའི་ཐོག་མི་རིགས་དང་རིག་གཞུང་གི་རྒྱུན་འཛིན་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

    Reply
  3. སངྒེ ། says:
    ལོ་ 14 སྔོན།

    བསམ་ཚུལ་བསྡུ་ལེན་བྱས་པ་ཧ་ཅང་བཟང་གི དུས་ནས་དུས་སུ་གཞི་རིམ་དང་མཐོ་རིམ་མི་སྣ་དོ་སྣང་ཅན་དག་ལ་བཅར་འདྲི་དང་ཁོང་ཅག་གི་བསམ་ཚུལ་ལེན་རྒྱུ་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese