མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་ཡར་རྒྱས་གཏོང་ཐབས་དེ་གལ་ཆེ་ཤོས་སུ་འཇོག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་སྐབས་བཅོ་ལྔ་པའི་བོད་མི་མང་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་གཉིས་དབུ་འཛུགས་གནང་སྟེ། ཚོགས་གཙོ་མཆོག་གིས་མ་འོངས་པར་བཀའ་སྤྱི་གཉིས་ཀྱིས་མཉམ་རུབ་བྱ་དགོས་སྐོར་གསུངས་སོང་ལ། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་མཆོག་གིས་ཀྱང་ཕྱག་རོགས་བཀའ་བློན་དྲུག་བསྐོ་བཞག་གིས་མ་འོངས་པའི་སྲིད་བྱུས་ཁག་ཅིག་ངོ་སྤྲོད་གནང་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོས་དུས་གཉིས་པ་དེ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་ཅིང་། ཚོགས་འདུའི་ཐོག་མར་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་གསལ་བསྒྲགས་གནང་རྗེས། བཀའ་བློན་ཁྲི་པ་དང་སྤྱི་འཐུས་རྣམ་པ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་དང་ཚོགས་གཙོ་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག གཞུང་འབྲེལ་ཐོག་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་རྣམ་གཉིས་ལ་དུས་ཡུན་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུས་པ་མ་ཟད།

 

ཐེངས་འདིའི་ཚོགས་འདུ་དབུ་འཛུགས་གཏམ་བཤད་ནང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐེངས་འདིར་སྤྱི་འཐུས་གཉིས་གཡོལ་ཐབས་མེད་པའི་ལས་དོན་དང་། སྤྱི་འཐུས་གཅིག་ཚོགས་རྒྱུན་ཕྱེད་ཀའི་རིང་དགོངས་ཞུ་གནང་ཡོད་པ་ལས་སྤྱི་འཐུས་གཞན་ཚང་མ་འཛོམས་ཐུབ་པ་བྱུང་བར་བསྔགས་བརྗོད་དང་འབྲེལ། བོད་ནང་རྒྱ་ནག་གི་གདུག་རྩུབ་འོག་ཡོད་པའི་བོད་མི་དང་བཙན་བྱོལ་བོད་མི་ཚང་མར་འཚམ་འདྲི་ཞུས་ཤིང་། བོད་མི་ཚོ་བཙན་བྱོལ་ཏུ་འབྱོར་བ་དང་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༡ འགྲོ་བཞིན་པའི་སྐབས་འདིར། ༸གོང་ས་མཆོག་གིས་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་དགོངས་པ་ཆེར་བཞེས་ཐོག  ཁོང་གི་སྐུ་དབང་གང་ཡོད་པ་དེ་མི་མང་གི་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་བྱས་ཡོད་སྟབས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ལ་སྔར་ལས་ལྷག་པའི་འགན་འཁུར་ཆེན་པོ་ཡོད་པ། བོད་ནང་ལ་མཚོན་ན་ད་ལྟའི་ཆར་ཡང་རྒྱ་ནག་གཞུང་གིས་སྤྱི་ཚོགས་ནང་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་བླ་མ་དང་མཁས་དབང་། རྩོམ་པ་པོ། གཞས་པ་སོགས་ལ་གཉའ་གནོན་བྱས་ཏེ་རང་ཉིད་ཀྱི་བསམ་ཚུལ་འདོན་པའི་གོ་སྐབས་དང་རང་དབང་གང་ཡང་སྤྲོད་ཀྱི་མེད་པ་དང་། ལྷག་པར་དུ་བོད་ཀྱི་འབྲོག་སྡེ་ཁག་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤོར་དང་རྒྱ་རིགས་མང་པོ་བོད་ནང་གནས་སྤོ། རང་བྱུང་ཁོར་ཡུག་གཏོར་བཅོམ་སོགས་བྱས་ཏེ། བོད་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་པའི་ཐད་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་དོ་སྣང་བྱ་དགོས་སྐོར་སོགས་གསུངས་བྱུང་།

 

དེ་བཞིན་ཁོང་གིས། “ད་ལྟའི་རྒྱ་ནག་ནང་ཁུལ་གྱི་གནས་སྟངས་དང་བོད་ནང་གི་གནས་སྟངས་ལ་གཞི་བཅོལ་ཏེ། ང་ཚོ་བཙན་བྱོལ་བོད་མི་ཚོས་ལས་གཞི་གང་བརྩམས་ཀྱང་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་འཁུར་ཏེ་བྱ་རྒྱུ་གལ་ཆེན་པོ་རེད། རང་བཙན་ཡོད་པའི་སྤྱི་འཐུས་ལྷན་ཚོགས་ཤིག་ཡིན་ཚེ། ཁྲིམས་ཏག་ཏག་བཟོས་རྗེས་སོ་སོ་ས་ཁུལ་གང་ནས་ཡོང་བའི་མི་མང་གི་བདེ་སྡུག་ཁོ་ནར་བལྟས་ཆོག་ཀྱང་། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཆགས་ཡོད་སྟབས། ཁྲིམས་བཟོ་རྒྱུ་དང་འཛིན་སྐྱོང་ལ་སྟངས་འཛིན་བྱ་རྒྱུ་ཙམ་མ་ཡིན་པར། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆར་ངོ་སྤྲོད་གནང་རྒྱུ་ལས་འགན་གལ་ཆེན་པོ་ཆགས་ཡོད་སྟབས། མ་འོངས་པར་ང་ཚོའི་ངོས་ནས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་སོགས་ལ་མཇལ་འཕྲད་གནང་ཐུབ་པར་འབད་བརྩོན་བྱ་རྒྱུ་དང་། རྒྱ་ནག་གི་ངོས་ནས་ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཁག་ནང་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་བེད་སྤྱད་དེ། བོད་པར་རྒྱབ་སྐྱོར་ཡོད་རིགས་ལ་ལས་འགུལ་སྤེལ་བར་འགོག་རྐྱེན་བཟོ་བཞིན་པར། ང་ཚོས་མིའི་ནུས་པ་དང་དཔལ་འབྱོར་གྱི་ནུས་པར་གཞི་བཅོལ་ཏེ་གདོང་ལེན་བྱེད་སྟངས་གཞན་དང་མི་འདྲ་བ་ཞིག་བྱ་དགོས་པ་རེད། ” ཅེས་གསུངས་བྱུང་བར་མ་ཟད།  མཐའ་མར་ཁོང་གིས། ཐེངས་འདིའི་གྲོས་ཚོགས་དེ་བཀའ་བློན་ཁྲི་པའི་ཕྱག་རོགས་བཀའ་བློན་བསྐོ་བཞག་གིས་མ་འོངས་ལོ་ལྔའི་འཛིན་སྐྱོང་དང་བོད་བསྟན་སྲིད་ཀྱི་དོན་དུ་ལས་འཁུར་གནང་བའི་མགོ་རྩོམ་པའི་དུས་སྐབས་ཤིག་དང་། ལོ་རྒྱུས་ལྡན་པའི་ཉིན་མོ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་ལ་མཚོན་ནའང་དེ་རིང་གི་ཉིན་མོ་དེ་གལ་ཆེན་པོ་ཞིག་ཏུ་བརྩི་གྱིན་ཡོད་སྟབས། གྲོས་ཚོགས་ཀྱི་ལས་རིམ་དེ་ཕྱི་གསལ་ནང་གསལ་དང་མང་གཙོ་དང་མཐུན་པའི་ལམ་ལུགས་ཐོག་ཕྱིན་སྟེ། ལོ་རྒྱུས་ཀྱི་ཐོག་ནས་དགའ་ལྡན་ཕོ་བྲང་གཞུང་གི་མཇུག་སྐྱོང་མཁན་དམངས་གཙོའི་དབུ་ཁྲིད་དང་མཉམ་རུབ་ཀྱིས། དམངས་གཙོའི་ལྟ་གྲུབ་ཐོག་གི་རང་རང་གི་ས་མཚམས་སྲུང་བའི་ཐོག་ནས་འཛིན་སྐྱོང་ལ་མཐུན་འགྱུར་དང་ནུས་པ་མཉམ་རུབ་བྱ་དགོས་པའི་པའི་རེ་སྐུལ་ཡང་གནང་བྱུང་། 

 

དེའི་རྗེས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཕྱག་རོགས་བཀའ་བློན་དྲུག་གི་མིང་འདོན་དང་། དེ་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་ཐོབ་རྗེས། བཀའ་ཁྲི་མཆོག་གིས་བཀའ་ཤག་གི་གསལ་བཤད་ནང་། སྤྱི་འཐུས་ཚོགས་གཙོ་མཆོག་གཙོས་སྤྱི་འཐུས་རྣམ་པས་ཁོང་གི་བཀའ་བློན་འོས་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གཞིས་བཞུགས་སྤུན་ཟླ་རྣམས་ལ་འཚམས་འདྲི། བོད་མི་ཚོར་༸གོང་ས་མཆོག་གི་དབུ་ཁྲིད་མི་དགོས་པར་རང་ཉིད་ཀྱི་རྐང་པའི་ཐོག་ལངས་ཐུབ་པ་དགོས་པར། བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་ཁྲིམས་ལུགས་དབང་འཛིན། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཅས་ཀྱི་མགོ་ཁྲིད་ཚོས་༸གོང་ས་མཆོག་གི་ཐུགས་དགོངས་ལྟར་ལས་དོན་འགན་འཁུར་ཐུབ་ཐབས་ལ་ཚང་མས་འཕྱར་གྲུ་མཉམ་འདེགས་བྱས་ཏེ་གཞིས་བཞུགས་སྤུན་ཟླ་རྣམས་ལ་ཐུགས་ཕམ་མི་འབྱུང་བ་ཞིག་བྱ་དགོས་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་དུ། བོད་དོན་བདེན་མཐའ་གསལ་ཐབས་ཆེད་རྒྱ་ཆེའི་མང་ཚོགས་དང་གྲོས་ཚོགས་གཉིས་ཀས་ཚད་ མཐོའི་མང་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ མུ་མཐུད་རྒྱུན་འཛིན་གྱིས་ཞི་མོལ་གྱི་ལམ་ནས་བོད་དོན་འགྲིགས་ཆགས་ཡོང་ཐབས་ བྱེད་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་ཞིང༌། 

མ་འོངས་པར་ཁོང་དང་ཁོང་གི་བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་ཆེ་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཙོས། བཀུར་འོས་སྤྱི་འཐུས་རྣམ་པར་མཐུན་འགྱུར་མཉམ་ལས་བྱ་རྒྱུ་དང་། ལྷག་བསམ་དང་ཤེས་འཇོན་ལྡན་པའི་སྲི་ཞུ་བ་ཚོ་དང་མང་ཚོགས་མཉམ་དུ་འཁྲིད་ཐུབ་པ་བྱ་རྒྱུ། ༸གོང་ས་མཆོག་གི་སྐུ་ཕྱཱ་དང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་རྒྱལ་སྤྱིའི་སྒང་ལ་དྲིལ་བསྒྲགས། དེ་བཞིན། ཤེས་ཡོན་ནི་འཕྲལ་ཕུགས་རྒྱང་གསུམ་གང་ནས་བལྟས་ཀྱང་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་སྟབས། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩིས་ཏེ། བཙན་བྱོལ་ནང་ཁྱད་ལས་པ་ཆིག་ཁྲི་དང་བོད་ནང་ཁྱད་ལས་པ་ཆིག་འབུམ་འཐོན་པའི་ཐོག་འབད་བརྩོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་བྱུང་།

 

དེ་བཞིན། ཁོང་གིས་འབྱུང་འགྱུར་ལོ་ལྔ་བཅུའི་འཕྲལ་ཕུགས་ཀྱི་འཆར་སྣང་ཐད། མཁས་པ་དང་ཤེས་ཡོན་ཅན་ཚོའི་ཐབས་བྱུས་དང༌། རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད། བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུ། གཞིས་ཆགས་རེ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་མགོ་སྦྲེལ་གྱི་ལམ་ནས་རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་ཚོའི་དབར་མཐུན་འགྱུར་བྱེད་ཐབས་ཀྱི་འབྲེལ་བ་འཛུགས་རྒྱུ།

བོད་ཀྱི་མཉམ་སྡེབ། ཅེས་པ་བཙུགས་པའི་ལམ་ནས་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཤེས་ཡོན་ཅན་ ཚོའི་ནུས་པ་འགུག་ཐབས་བྱེད་རྒྱུ། དེ་བཞིན་གཞོན་སྐྱེས་ཚོར་ལས་འཚོལ་གྱི་གོ་སྐབས་དང༌། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས། མང་ཚོགས་ཀྱི་འཕྲོད་བསྟེན་གོ་རྟོགས་དང་མཐུན་རྐྱེན་ཡར་རྒྱས་གཏོང་ཐབས་བཅས་ཞུ་རྒྱུ་ཡིན་སྐོར་ཡང་གསུངས་སོང་།

ཐེངས་འདིའི་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་འཐུས་གྲངས་འབོར་ ༤༤ ཡོད་པའི་ཁོངས་ནས་སྤྱི་འཐུས་ ༤༡ འཛོམས་ཡོད་འདུག་ལ། ཚོགས་ཐེངས་འདིར་དགོངས་ཤོག་ཆ་ཚང་ལེན་མཁན་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་གཉིས་དང་། དགེ་ལུགས་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༢ བར་དགོངས་པ་ཞུས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 13

  1. བསོད་ནམས། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གིས་ཤེས་ཡོན་ཤུགས་རྒྱག་རྒྱུ་བདེན་ན། (བོད་ཡིག་བསླབ་སྟངས) ད་ལྟ་འགྲོ་བཞིན་པའི་གཞི་རིམ་སློབ་གྲྭ་ཁག་ལ་ཕན་ཐོགས་ཡོད་ཅིང་དངོས་ཡོད་བདེན་འཚོལ་གྱིས་ལམ་ལུགས་ཤིག་གཏན་འབེབས་བཟོ་དགོས་འདུག ཐོག་མར་བོད་ཕྲུག་རྣམས་བོད་ཡིག་ལ་སྤྲོ་བའི་ཐོག་ནས་སྦྱང་འདུན་ཡོད་པ་བཟོ་ཐབས་ལ་འབད་དགོས། སྔོན་འགྲོ་ནས་བཟུང་བོད་ཡིག་འབྲི་ཀློག་གཏན་འབེབས་གསར་པ་ཞིག་མ་བཟོས་ཚེ་བོད་ཕྲུག་འདི་དག་ལ་བོད་ཡིག་གོམས་འདྲིས་ཟབ་མོ་ཞིག་ཡོང་རྒྱུ་ཁག་པོ་རེད། དེང་དུས་མི་ལ་བྱ་བ་གང་ཞིག་ཡིན་ཀྱང་ལས་སླ་བོའི་ཐོག་ནས་འགྲོ་མ་ཐུབ་ཚེ་དེ་ལ་གྲུབ་འབྲས་ཐོན་ཁག་པོ་རེད། དེ་འདྲ་སོང་ཙང་བོད་ཡིག་སྦྱོང་སྟངས་ལ་སྔ་མོའི་སྡེ་པ་གཞུང་གི་ཡིག་གཟུགས་འདྲ་མིན་ཐོག་ནས་མི་ཚེ་བསྐྱལ་བསྡད་པ་དེར་འགྱུར་བ་ཞིག་མ་ཕྱིན་ཚེ། དེང་དུས་སློབ་ཚན་སྣ་མང་ཅན་གྱི་དུས་འདིར་བོད་ཡིག་གི་རྨང་གཞི་བརྟན་པོ་བཟོ་རྒྱུ་ཁག་པོ་རེད་སྙམ། ངས་འདི་བཤད་ན་མང་པོ་ཞིག་གི་སྣང་ངོར་མི་འགྲོ་བར་ང་ཚོ་བོད་ཀྱི་རིག་གཞུང་རེད། དེ་བདག་པོ་རྒྱག་དགོས་རེད་ལབ་མདོག་ཁ་བོ་རེད། ང་ཚོ་བོད་ཕྲུག་རྣམས་ཀྱིས་སྔོན་འགྲོ་ནས་ལོ་ངོ་དྲུག་ཙམ་རིང་དབུ་མེད་ཡིག་གཟུགས་ཚུགས་རིང་དང་། ཚུགས་ཐུང་། ཡིག་ཆུང་སོགས་མི་ཚེའི་ནང་བེད་སྤྱོད་དེ་ཙམ་མེད་པ་ཞིག་ལ་སྦྱངས་སྦྱངས་ནས་དུས་ཚོད་བསྐྱལ་དགོས་པ་དང་། དེ་ནས་འཛིན་རིམ་བཞི་པ་ནས་དབུ་ཅན་ཀློག་སྟངས་ལ་གོམས་འདྲིས་བྱ་དགོས་ཤིང་། འཛིན་རིམ་དྲུག་པ་ནས་འཁྱག་མ་ཚུགས་འབྲི་འགོ་འཛུགས་དགོས་པས་སློབ་ཕྲུག་རྣམས་ཀྱི་ཀླད་པར་ཡིག་གཟུགས་གཅིག་བརྟན་པོར་གནས་ཐུབ་རྒྱུ་ཁག་པོར་ཆགས་འདུག ཡིག་གཟུགས་ནི་དེ་འདྲ་གལ་ཆེན་པོ་ཡིན་ན་འཛིན་རིམ་བཅུ་པ་བཅུ་གཅིག་ནས་ལག་བདེ་བོ་ཅན་གང་འཚམས་ཤིག་ལ་ཡིག་གཟུགས་ཀྱི་རིགས་གཅིག་རྐང་འཛིན་པ་བཙུག་ན་མི་འགྲིགས་པ་མེད། སྔོན་འགྲོ་ནས་ཀློག་དེ་དབུ་ཅན་ཁོ་ན་དང་། ཡིག་གཟུགས་དེ་འཁྱུག་མ་ཚུགས་འབྲི་བཅུག་ན་དེས་ལོ་མང་རིང་ཕྲུ་གུ་རྣམས་ཀྱི་སེམས་ལ་རི་མོ་གཅིག་ཁོ་ནའི་བག་ཆགས་བརྟན་པོ་འཇོག་ཐུབ་པར་བརྟེན་བོད་ཡིག་ཡག་པོ་ཤེས་པར་ཕན་ཐོགས་ཆེ་ངེས། དེ་མིན་ཡིག་གཟུགས་གཅིག་སེམས་ལ་བརྟན་པོ་མ་ངེས་གོང་ཡིག་གཟུགས་གཞན་ཞིག་བསླབ་དགོས་པས་བོད་ཡིག་འབྲི་ཀློག་བརྟན་པོ་ཞིག་ཡོང་རྒྱུ་དཀའ། བོད་ཡིག་ལ་ཞེན་ཁོག་བྱས་པ་ཙམ་གྱིས་གང་ཡང་མི་ཕན་པར་དེ་བདག་པོ་རྒྱག་སྟངས་ཐད་ཐབས་ལམ་མ་བཙལ་ན་ད་ལྟའི་དུས་འདིར་བོད་ཡིག་བདག་པོ་རྒྱག་རྒྱུ་དཀའ་ལས་ཁག་པོ་རེད་སྙམ། ཚང་མ་བདག་པོ་རྒྱག་གི་ཡིན་ཟེར་ན་དུས་ཀྱི་རྐྱེན་པས་ཁག་པོ་རེད། དེ་ལས་འོ་མ་འདྲ་བོའི་ནང་ནས་མར་དེ་ལེན་ཨེ་ཐུབ་བལྟས་ན་ཁེ་སང་ཆེ་བ་ཡོད་པ་ཤེས་དགོས། ང་ཚོས་དུས་དང་མཐུན་པའི་འགྱུར་བ་གཏང་དགོས། རྙིང་ཞེན་ཁོ་ནས་བོད་ཡིག་བདག་པོ་རྒྱག་མི་ཐུབ་པ་ནི་དུས་ཀྱིས་ང་ཚོར་གསལ་སྟོན་བྱེད་ཡོང་གི་ཡོད།

    Reply
  2. ལུང་རྟོགས། says:
    ལོ་ 14 སྔོན།

    སྐར་ཁྲི་བཙན་དང་གདོང་གཡུ་ལོང་གཉིས་ཀྱི་བསམ་འཆར་ལ་རྒྱ་ཆ རྒྱ་རྒྱབ་སྐྱོར་ཡོད། གལ་ཏེ་བོད་ཡིག་ཡར་རྒྱས་གཏོག་རྒྱུའི་ཆེད་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ནས་ཤེས་ཡོན་སྲིད་ཇུས་ཤིག་གཏན་འབེབས་གནང་བ་དེ་ལ་ངན་ཕྱོགས་ཀྱི་འགྱུར་བ་བཏང་སོང་ན་བཀའ་སྤྱི་གཉིས་ལ་རེ་བ་རྫོགས་སོང་བ་ཡིན།

    Reply
  3. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་གལ་ཆེ་ཤོས་སུ་བཞག་པར་སྙིང་ནས་དགའ་མོས་དང་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག ང་རང་གིས་བསམ་འཆར་ཞིག་བཤད།
    ཤེས་ཡོན་ཡར་རྒྱས་གཏོང་བ་དགོས་པ་དེ་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་ཞིག་རེད།
    ༧གོང་ས་མཆོག་གི་ཐུགས་དགོངས་ཐུགས་མཐར་ཡང་དེ་རེད་་ལ་ང་ཚོའི་བཙལ་བྱོལ་མི་དམངས་ཀྱི་འཕྲལ་ཕུགས་རྒྱང་གསུམ་དམིགས་དབེན་ཡང་དེ་ཁོ་ནར་རེད། ང་ཚོ་བོད་མི་རིགས་རྒུད་ནས་རྒུད་དུ་འགྲིམ་པ་ཡང་ཤེས་ཡོན་ཡར་རྒྱས་མེད་པའི་རྐྱེན་ཀྱི་སོང་བ་ཡིན་པ་དངོས་ཡོད་རེད། དེར་བརྟེན་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་གལ་འགངས་ཆེ་ཤོས་བརྩི་བ་རེད་ལ་བརྩི་དགོས་རྒྱུ་ཡང་རེད། ཤེས་ཡོན་ཡར་རྒྱས་གཏོང་སྟངས་དེ་ཡང་དང་ཐོག་བོད་རང་གི་སྐད་ཡིག་གི་ཤེས་ཡོན་མིང་གཞི་སྲ་བརྟན་དང་ཡར་རྒྱས་འཐུས་ཚང་བཏང་བའི་ཐོག་ནས་མི་རིགས་གཞན་གྱི་སྐད་ཡིག་ཤེས་ཡོན་ཡར་རྒྱས་གཏོང་དགོས་པ་རེད། དེ་ལས་ལྡོག་སྟེ་རང་མི་རིགས་ཀྱི་སྐད་ཡིག་གི་ཤེས་ཡོན་ཀྱི་མིང་གཞི་ཙམ་ཡང་མ་བཏང་བར་གཞན་གྱི་སྐད་ཡིག་གི་ཤེས་ཡོན་ཡར་རྒྱས་གཏོང་གི་ཡིན་ཟེར་ན་ཐ་གཅིག་ཏུ་ངོ་རྒོལ་ཡོད།
    དེའི་ཕྱིར་བོད་རང་གི་སྐད་ཡིག་གི་ཤེས་ཡོན་དང་ཆུ་ཚད་ངེས་པར་ཏུ་མིང་གཞི་སྲ་བརྟན་དང་ཡར་རྒྱས་གོང་འཕེལ་གཏོང་དགོས། ང་ཚོའི་བཙལ་བྱོལ་ནང་དུ་མཚོན་བོད་རང་གི་སྐད་ཡིག་གི་ཤེས་ཚད་ས་མཚམས་གང་ཞིག་ཏུ་སླེབས་མེད་ཡོད་སྲིད་སྐྱོང་བ་མཆོག་གི་ངེས་པར་མཁྱེན་དགོས་པའི་གནས་དོན་གལ་ཞིག་རེད།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    མཐའ་མཐར་བཅོས་པ

    Reply
  5. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ༄༅། དཔལ་སྡན་རང་གཞུང་སྲིད་སྐྱོང་གསར་བ་རྣམ་པའི་ཞབས་པད་མངོན་མཐོའི་དྲུང་དུ།
    གུས་པ་ནས་ཞུ་གསོལ།
    འདས་པའི་བགྲང་བཅུ་ཕྲག་འགའི་རིང་ལ་རྗེ་༸གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་རྒྱལ་གཅེས་ལྷག་བསམ་རྣམ་དག་པ་མི་ཉུང་བ་ཞིག་གིས་ནུས་བ་ཡོད་དགུ་བཏོན་ཅིང་བྱས་འབྲས་མི་དམན་པ་མིག་གི་མངོན་སར་གསལ་བ་དངོས་ཡོད་ཀྱང་། གུས་པ་དང་འདྲ་བ་གྲངས་མེད་ཀྱིས་སྡུག་སྨྲེ་འདྲ་མིན་བཏོན་དང་འདོན་བཞིན་པ་ནི་མི་རིགས་རང་གི་སྐད་དང་ཡི་གེ་ཉམ་དམས་སུ་སོང་དང་འགྲོ་བཞིན་པ་དེ། འདས་པའི་ལོ་ཟླའི་ཁྲོད་ཀྱི་འཐུས་ཤོར་ཚབ་ཆེན་ཞིག་ཏུ་མཐོང་ལ། གལ་སྲིད་སྐད་དང་ཡི་གེ་ཉམས་ན་མི་རིགས་དེའི་རྩ་བ་ཉམས་པ་འཇིག་རྟེན་པའི་ཆོས་ཉིད་ཡིན་པ་མཐོང་བས། ད་ལྟ་བོད་པའི་གཞོན་སྐྱེས་ཚོས་ངག་ཐོག་དང་ཡིག་ཐོག་ནས་བོད་རྒྱ་དབྱིན་གསུམ་བསྲེས་སྐད་སྤྱོད་བཞིན་པ་ཡིད་སྐྱོའི་གནས་སྟངས་འདི་རྩ་མེད་དུ་གཏང་བ་གཞི་རུ་མ་འོངས་བའི་བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་ཚོས་མི་རིགས་རང་གི་སྐད་དང་ཡི་གེའི་སྟེང་རང་སྐྱ་ཐུབ་པ་དང་རང་སྐད་རང་ཡིག་ལ་དུངས་བ་ཟབ་པའི་ལམ་ཆེན་ནམ་ཁོར་ཡུག་གསར་བ་ཞིག་གདོད་པའི་རེ་བ་གྲངས་མེད་དང་བཅས།
    སྤྱི་ལོ ༢༠༡༡ ལོའི ཟླ ༩ བའི་སྐལ་བཟང་ཉིན་ལ།
    མཐའ་ལྡོམ་པ་སྐར་ཁྲི་བཙན་གྱིས་བལ་ཡུལ་ནས

    Reply
  6. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    སྲིད་སྐྱོང་གསར་བ་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་དུ། ཅི་སྟེ། གཅིག་ནས་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱབ་ལྗོངས་ན་ཡིབ་པའི་སྨྲ་ལྕེ་བ་དང་དཀྲུགས་ཤིང་ལ་གོམས་གཤིས་འཇགས་པའི་ངན་འདོན་པ་པོ་ཇི་ལྟར། ཟུར་གནས་པའི་ངག་སྒོ་ཡིན་མིན་ཅི་རིགས་བྱུང་དང་འབྱུང་བཞིན་པ་འདི་དམངས་གཙོ་ཚད་ལྡན་གྱི་བདེན་དཔང་ཡིན་པས། འབྱུང་འགྱུར་དཀའ་གནད་དང་ཛ་དྲག་གི་གཟར་བོའི་རི་བྲག་གང་མང་བརྒྱུད་ཅིང་བདེན་དོན་གྱི་ཡངས་བའི་ཐང་ཆེན་དུ་བསྐྱོད་ཐུབ་པའམ། དུས་རབས་དང་འཐབ་རྩོད་ཀྱི་དགོས་པར་ཡང་དག་པའི་རྨང་གཞི་གསར་བ་ཞིག་གདོད་ཐུབ་པའི་བདེན་དཔང་། མ་འོངས་པའི་པའི་ལོ་རྒྱུས་སུ་གཟི་འོད་ལམ་ལམ་མཆེད་ཀྱིན་པ་མི་རབས་རྗེས་མའི་མིག་མདུན་དུ་ལྷང་བའི་རེ་བ་དང་ཡིད་ཆེས་བརྟན།

    Reply
  7. རྒྱང་མིག says:
    ལོ་ 14 སྔོན།

    འབུར་ཐོན་གྱི་ཤེས་འཇོན་ཅན་གཅིག་ཀྱང་མི་འདུག མི་འཇམ་ཐང་ངེར་སྡོད་མཁན་ཤ་སྟག་རེད། སྲིད་སྐྱོང་བློ་སེང་གིས་སྟངས་འཛིན་བྱེད་བདེ་བོ་ཡོད་ས་རེད།

    Reply
  8. བསྟན་པ། says:
    ལོ་ 14 སྔོན།

    བློ་སེང་གི་ཁོ་རང་ཉིད་བཀའ་ཁྲི་ཐོབ་ཐབས་སུ་རྫུན་ཚིག་མ་གཏོགས་བཤད་མི་འདུག གང་ཡིན་ཞེ་ན་ཁོང་ཐོབ་པ་དང་ཁོ་རང་གི་འགན་ཁུར་གསུམ་པོ་ཡང་ཡང་རྒྱས་དང་སྲོལ་བཏོད་ཚར་འདུག་རྫུན་གཅིག་ལབ་རེད།
    གཉིས་དེ་ཆོལ་ཁ་དང་ཆོས་ལུགས་མཐུན་སྒྲིལ་ཕྱོགས་ལ་བསམ་བློ་གཏོང་རྒྱུའི་ཆེད་དུ་བཀའ་བློན་ཆོལ་ཁ་རེ་རེ་ནས་དང་ཆོལ་ལུགས་ཀྱི་བཀའ་བློན་ཞིག་འཇོག་གི་ཡིན་ཅེས་རྫུན་གཉིས་པ་བཤད་ཡོད་རེད།
    ད་ཐེངས་ཀྱི་བཀའ་བློན་འདི་ཚོ་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐུ་ཚབ་གཅིག་ཀྱང་ཉན་གྱི་མི་འདུག
    གསུམ་པ་དེ་བོད་ཀྱི་སྐད་ཡིག་དམིགས་གསལ་ཡར་རྒྱས་གཏོང་གི་ཡིན་ལབ་རེད། ད་ཁ་སང་ཁོང་ལ་བཅའ་འདྲི་སྐབས་སུ་ཤེས་ཡོན་སྲིད་བྱུས་གསར་བ་དེ་ལག་ལེན་བསྟར་གྱི་མི་འདུག་འདི་རྫུན་ཆེན་གསུམ་ཡིན། མུ་མཐུད་དུ་བཤད་འདོད་ཡོད།
    མཐར་ཐུག་ན་རང་ཕྱོགས་ཁོ་ན་ལས་གཞན་བསམ་མེད་དོ། སྙིང་རྗེ་ལོ་ལྔ་ཇི་ལྟར་བསྐྱལ་རྒྱུ་ཡིན་ནམ། ཧ་ཧཧཧཧཧ

    Reply
  9. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    ངོ་མ་མྱ་ངན་གུས་མཚར་བོ་ཞིག་བྱེད་སོང་ང་རང་གི་ངོས་ནས་ཀྱང་དེ་མ་ཐག་སེམས་ལ་དེ་རིགས་འཁོར་བྱུང་། རང་ལུས་མེ་ལ་བསྒྲོན་ནས་བོད་བསྟན་སྲིད་རྡོ་རིང་བཙུགས་མཁན་ཚོར་མིང་ཙམ་ཡང་མེད་པར་འདི་ལྟར་ལུས་སོང་། ཡིན་ཡང་ཚར་སོང་། གཞན་ཅིག་ཡོད་ནི་བོ་དེ་རིང་བཀའ་ཁྲིས་རིག་པ་རྩལ་འདོན་གྱིས་སྤྱི་འཐུས་ལྷན་ཚོགས་མགོ་འཁོར་བཏང་སོང་ང་། ལྷན་ཁང་ཁག་གི་མིང་མ་སྨྲོས་པར་བཀའ་བློན་བསྐོས་ཡ་ཐབས་ཤེས་བཟང་གི། ལྷན་ཁང་བསྐོ་བྱ་བརྒྱབ་ནས་བསྐོས་ན་དེ་རིང་གླེང་སློང་ངེས་པར་བྱེད་ངེས། དེ་བཞིན་གསར་བཏོད་ཅིག་ཀྱང་རེད་་་་ཡག་གི་གཞན་ཆོལ་ལུགས་སྐུ་ཚབ་མེད་པ་དང་། གསར་འབྱོར་བསྐོས་བཞག་མེད་པ་དེ་རྩ་དམ་བཅའ་གཅིག་དང་འགལ་ཡོད།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་གིས་ཁ་གཡང་འདི་སྒྲོགས་ནས་ལོ་མང་པོ་ཞིག་འདས་ཟིན་པ་རེད། ད་དུང་ཁ་གཡང་དེ་དོན་ཐོག་ཏུ་འཁྱོངས་ཡོད་པ་མ་རེད་་་
    ཟམ་གདོང་ཚང་གིས་འདིའི་སྐོར་ནས་ཁ་གཡང་ཐེངས་མང་པོ་འཐེན་ནས་བོད་པ་ཚོའི་སེམས་ལ་གཡང་དེ་གཟུགས་མེད་ཀྱི་ངང་ནས་འཁོར་དུ་བཅུགས་པ་རེད་་་་་་་ད་ཐེངས་ཡང་བསྐྱར་བཀའ་སྤྱི་གསར་པས་ཁ་གཡང་འདི་གངས་སྐྱིད་ནས་བསྒྲགས་པར་དགའ་བསུ་ཡོད་ལ། མ་འོངས་པར་ཕེབས་རྒྱུའི་བཀའ་སྤྱི་རིམ་པས་ཀྱང་ཁ་གཡང་འདི་འདྲ་མུ་མཐུད་ནས་སྒྲོག་ཐུབ་པའི་རེ་བའངཡོད།

    Reply
  11. ཤེས་རབ་འབྱུང་གནས། says:
    ལོ་ 14 སྔོན།

    གྲོས་ཚོགས་ཀྱིས་བོད་ནང་ནས་བོད་མིའི་བདེ་སྡུག་ཆེད་འཇིག་རྟེན་ན་གཅེས་པའི་ཚེ་སྲོག་གསོན་པོར་མེར་བསྲེགས་བཏང་བའི་དཔའ་བོ་རྣམས་ལ་མྱ་ངན་ཙམ་ཡང་མི་ཞུ་བ་འདི་ངོ་མ་བློ་ཕམ་དགོས་པ་ཞིག་རེད།

    Reply
  12. རང་དབང་ལྷ་མོ། says:
    ལོ་ 14 སྔོན།

    སྤྱིར་ན། རྒྱལ་ཁབ་དང་མི་རིགས། ཚོགས་པ་དང་མི་སྒེར་སུ་ཞིག་ལ་མཚོན་ན་ཡང་། ཤེས་རིག་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དང་དེའི་ཐབས་ལམ་གལ་ཆེན་དོན་ཡིན་པ་སྨྲ་བསམ་བརྗོད་མེད་ཅིག་རེད་དེ། ད་གང་འདྲ་བྱས་ན། བཙལ་བྱོལ་བོད་མིའི་ཤེས་ཡོན་གཏོང་རྒྱུ་ཡིན་ནམ། ལག་ལེན་དང་གྲུབ་འབྲས་སུ་མི་ཕན་པའི་འཆར་གཞི་སྟོང་བཤད་རྐྱང་རྐྱང་གིས་རྩ་ཆེའི་དུས་ཚོད་རྫོགས་ཀ་འཇུག་རྒྱུ་ཡིན་ནམ། འདས་པའི་མི་ལོ་ལྔ་བཅུའི་རིང་ལ་གཙོ་བོའི་ནང་གི་གཙོ་བོ་ཤེས་ཡོན་གྱི་ཕྱོགས་སུ། དཀའ་ལས་བསྐྱོན་ཚུལ་བརྗོད་རྐྱང་ཡིན་མོད། འོན་ཀྱང་ཕྱི་གསལ་ནང་གསལ་གྱི་གྲུབ་འབྲས་ནི། མང་ཆེ་བ་ནི། བོད་རང་གི་སྐད་ཡིག་ལ་སྦྱང་བ་མེད་མཁན་འཚར་ལོངས་བྱུང་དང་འབྱུང་བཞིན་པ་འདི་རེད་ལ། མགོ་བཀའ་ཁྲི་ཡིན་རུང་། བོད་ཡིག་ཅིག་ཀློག་དགོས་རུང་། ད་མ་དིག་ཅིག་ཡིན་པ་འགེབས་ཐབས་མེད་པའི་གནས་ཚུལ་ཡ་ང་བ་འདི་རེད།
    བཀའ་བློན་དང་སྤྱི་འཐུས། ཚོགས་སྡེ་ཁག་གི་འགན་འཛིན་སོགས་ཀྱི་བོད་སྐད་བོད་ཡིག་གི་གནས་ཚད་ལ་ཉམས་ཞིབ་ཅིག་བྱོས་དང་། ངོ་མ་ཐང་ཆད་ནི་རེད།

    Reply
  13. གནས་ཚང་། says:
    ལོ་ 14 སྔོན།

    བོད་ཀྱི་སྤྱི་འཐུས་ཡིན་པ་བདེན་ན་བོད་ནང་རང་ལུས་མེར་བསྲེག་གཏོང་མཁན་གྱི་དཔའ་བོ་རྣམས་ལ་ཅིའི་ཕྱིར་མྱ་ངན་མ་ཞུས་པ་རེད་དམ། དམར་ཤོག་སྤྱི་འཐུས་རེ་བ་རྒྱག་གི་ཡོད་པ་མིན་འགྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese