ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་ཆེན་གྱི་རྒྱ་རིགས་མཁས་དབང་ཡཱང་ཅིན་ལི་གཙོས་པའི་ཤེས་ཡོན་པ་སྐོར་ཞིག་གིས་བོད་དོན་ཡིག་ཆ་འགྲེམས་སྤེལ་དང་ས་རྟགས་བསྡུ་རུབ་བྱེད་ཀྱིན་ཡོད་འདུག
ཨ་རིའི་ནེའུ་ཡོག་གྲོང་ཁྱེར་སྤྱི་ཚོགས་དམངས་གཙོ་ཚོགས་པ་དང་། རྒྱ་ནག་དམངས་གཙོ་ཚོགས་པ། འཇར་མན་དམངས་གཙོའི་རྒྱ་ནག ཡུ་རོབ་བོད་རྒྱ་མཐུན་ཚོགས་བཅས་མཉམ་རུབ་ཐོག ཟླ་བ་འདིའི་ནང་རྒྱ་ནག་དམངས་གཙོ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོའམ་ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་རིགས་མཁས་དབང་ཡཱང་ཅིན་ལི་ཡིས་སྣེ་ཁྲིད་དེ། ཕྱི་སྡོད་རྒྱ་རིགས་ཤེས་ཡོན་ཅན་སྐོར་ཞིག་གིས་ད་ལོར་བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ། འདས་གྲོངས་སུ་ཕྱིན་པའི་བོད་མི་ཚོར་རྒྱབ་སྐྱོར་མཚོན་ཆེད། ཨ་རི་དང་ཁེ་ན་ཌ། ཡུ་རོབ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྡོད་རྒྱ་རིགས་ཚོའི་ཁྲོད། བོད་དོན་ཡིག་ཆ་ཞིག་འགྲེམས་སྤེལ་དང་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག ཚེས་ ༢༩ བར་ཡིག་ཆ་དེར་ས་རྟགས་འགོད་མཁན་ ༢༠༠ ཙམ་བྱུང་ཡོད་པ་དག་གི་ཁྲོད། རྒྱ་རིགས་རྩོམ་པ་པོ་དང་ཉམས་ཞིབ་པ། གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་སོགས་ཡོད་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་ཤེས་ཡོན་ཅན་ཁག་གཅིག་ཀྱང་ཡོད་འདུག མ་འོངས་པར་ཡིག་ཆ་དེ་དག་དབྱིན་ཡིག་ཐོག་བསྒྱུར་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་གྲོས་ཚོགས། དམངས་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་འབུལ་འཆར་ཡོད་འདུག
འདིའི་སྐོར་བོད་གཞུང་དྲ་བར་བཀོད་པ་ལྟར་ན། རྒྱ་རིགས་དེ་དག་གིས་བཀྲམས་པའི་ཡིག་ཆར་དོན་ཚན་ ༡༡ ཡོད་པ་ལས་དང་པོ། བོད་ནང་གི་གྲྭ་བཙུན་ཚོས་རྒྱ་ནག་དབང་འཛིན་པར་ངོ་རྒོལ་བྱས་པར། རྒྱ་ནག་སྲིད་དབང་སྒེར་གཅོད་པས་གདུག་རྩུབ་བྱ་སྤྱོད་སྤེལ་པ་དེར་བོད་མི་ཙམ་མ་ཟད། རྒྱ་རིགས་ཚོས་ཀྱང་སྐྱོན་བརྗོད་དང་ཁོང་ཁྲོ་བྱེད་ཀྱི་ཡོད། གཉིས། ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་འདས་པོའི་མཆོད་འབུལ་སྨོན་ལམ་སྟེང་ཕེབས་ཏེ། ཟས་བཅད་སྨྱུང་གནས་གནང་བ་དེས་བོད་ས་ཡོངས་ལ་གཡོ་འགུལ་བཏང་ཡོད་པ་མ་ཟད། རྒྱ་རིགས་མི་དམངས་ཚུད་པའི་འཛམ་གླིང་ཧྲིལ་པོར་ཡང་གཡོ་འགུལ་བཏང་ཡོད། གསུམ། བོད་མིས་ཞི་བའི་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་ལ་རྒྱ་གཞུང་གིས་སྙིང་རྗེ་མེད་པར་དྲག་གནོན་བྱེད་ཀྱི་ཡོད་སྟབས། བོད་མི་ཚོས་ཨུ་ཐུག་གིིས་རང་ལུས་མེར་བསྲེགས་གཏོང་གི་ཡོད་ཅིང་། དེའི་ཐོག་ནས་རྒྱ་དམར་དབང་སྒྱུར་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་གཏོར་བཤིག་གཏོང་བཞིན་པ་གསལ་པོ་མཚོན་ཡོད། བཞི། ང་ཚོས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་རང་ལུས་མེར་བསྲེགས་དོན་རྐྱེན་དེའི་རྒྱབ་ལྗོངས་ལ་ཞིབ་རྩད་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། རྒྱ་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་བརྩི་བཀུར་དགོས་རྒྱུ། བོད་རྒྱ་མི་རིགས་གཉིས་ཞི་བདེ་མཉམ་གནས་ཐུབ་པའི་མི་རིགས་སྲིད་བྱུས་མིང་དོན་མཚུངས་པ་ཞིག་ངེས་པར་ལག་བསྟར་དགོས་རྒྱུ།
ལྔ། རྒྱ་གཞུང་གིས་དགོན་སྡེ་གྲྭ་ཚང་ཁག་ལ་དམ་དྲག་དང་གྲྭ་བཙུན་ཚོར་བསུན་གཙེར་བཟོ་བཞིན་ཡོད་སྟབས། བོད་མིའི་ཆོས་དང་རིག་གཞུང་ཉམ་ཉེས་འགྲོ་བའི་དཀའ་ངལ་བསྟུད་མར་འཕྲད་ཀྱི་ཡོད་པས། བོད་མིའི་རང་ཉིད་ཀྱི་ཉིན་རེའི་ཆོས་ལུགས་ཆོ་ག་བསྒྲུབ་རྒྱུར་ཡང་འཇིགས་སྣང་བྱེད་ཀྱི་ཡོད། གྲྭ་བཙུན་ཚོས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཕྲན་བུ་བསྟན་ཚེ། ཉེས་ཆད་གཏོང་པ་དང་དགོན་པར་དམ་དྲག་སོགས་བྱེད་ཀྱི་ཡོད་པས། གྲྭ་བཙུན་ཚོས་འུ་ཐུག་ཐབས་ཟད་ཐོག་རང་ལུས་མེར་སྲེག་གི་ཡོད། དྲུག རྒྱ་ནག་སྲིད་དབང་ནི་མིས་སྐྱོང་པའི་སྲིད་དབང་ཞིག་མིན་སྟབས། རང་དང་ཤ་ཁྲག་གཅིག་པའི་རྒྱ་རིགས་མི་དམངས་ཚོར་ཡང་ཐབས་ལམ་སྣ་ཚོགས་ཐོག་བསུན་གཙེར་དང་། སྙིང་རྗེ་མེད་པར་སྡུག་སྦྱོང་གཏོང་གི་ཡོད། གྲྭ་བཙུན་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་ཡིན་སྟབས། ད་ལྟའི་དུས་སྐབས་འདིར་དཀའ་སྡུག་ཁྱད་བསད་ཀྱིས་རང་གི་རྩ་ཆེའི་ལུས་སྲོག་གཅེས་སྤྲས་གནང་དགོས། བདུན། བོད་མིའི་རང་དབང་ལས་འགུལ་དང་། རྒྱ་མིའི་དམངས་གཙོའི་ལས་འགུལ་གཉིས་འཐབ་ཕྱོགས་གཅིག་གྱུར་ཆགས་ཡོད། ཁྱེད་ཚོའི་སྡུག་བསྔལ་ནི་ང་ཚོའི་སྡུག་བསྔལ་ཡིན་ལ། ཁྱེད་ཚོའི་རེ་བ་ནི་ང་ཚོའི་རེ་བའང་ཡིན། བོད་མིའི་རང་ལུས་མེར་བསྲེགས་ཀྱི་སྐྱོ་གནས་མུ་མཐུད་མི་ཡོང་བ་དང་རྒྱ་གཞུང་གིས་མུ་མཐུད་སྡིག་ཉེས་མི་གསོག་ཆེད། རྒྱ་གཞུང་གིས་དྲག་སྤྱོད་མཚམས་འཇོག་གིས་བོད་རིགས་སྤུན་ཟླ་དང་མཉམ་དུ་གྲོས་མོལ་མགོ་འཛུགས་བྱ་དགོས།
བརྒྱད། གྲྭ་བཙུན་གྱི་ཚེ་སྲོག་རེ་རེ་བཞིན་ཤོར་བའི་སྐྱོ་གནས་གཅིག་རྗེས་གཉིས་མཐུད་ཡོང་གི་ཡོད་ཀྱང་། རྒྱ་དམར་གྱིས་སྣང་ཆུང་བཏང་སྟེ། ལམ་ལུགས་དང་སྲིད་བྱུས་ཐོག་གི་དཀའ་ངལ་གྱི་འབྱུང་རྩ་མ་བཙལ་བའི་བྱེད་སྟངས་ལ་སྐྱོན་བརྗོད་བྱ་རྒྱུ་ཡིན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རང་ལུས་མེར་བསྲེགས་དོན་རྐྱེན་དེ་ཏཱ་ལའི་བླ་མའི་རྗེས་འབྲང་པས་བཟོས་པ་རེད་ཅེས་བཤད་འདུག གལ་ཏེ་དེ་ལྟར་ཡིན་ན། རྒྱ་ནག་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མང་པོ་ཡོང་གི་ཡོད་པས་དེ་སུ་ལ་ངན་ཁག་དཀྲི་རྒྱུ་ཡིན་ནམ། དགུ། ང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་དམངས་ཀྱི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། རྒྱ་གཞུང་གིས་བོད་ཐོག་འཛིན་བཞིན་པའི་མཁྲེགས་འཛིན་སྲིད་བྱུས་དོར་ཏེ། བོད་མིའི་འདོད་བློ་དང་མཐུན་ཞིང་བོད་རྒྱ་མི་རིགས་གཉིས་ལ་ཕན་པའི་སྲིད་བྱུས་ཤིག་གཏན་འབེབས་དགོས་པའི་རེ་འདུན་འདོན་རྒྱུ་ཡིན།
བཅུ། ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་སྐུ་ཞབས་ཡང་ཅན་ལི་ཡིས་སྣེ་ཁྲིད་འོག རྒྱ་རིགས་ཤེས་ཡོན་ཅན་ཚོས་བོད་མིར་རྒྱབ་སྐྱོར་ས་རྟགས་བསྡུ་རུབ་བྱེད་བཞིན་པ་འདིར་ཐོག་མའི་ཆར་ཤེས་ཡོན་ཅན་དང་རྩོམ་པ་པོ། ཉམས་ཞིབ་པ། གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་མི་ ༢༠༠ ལྷག་གིས་མཚན་རྟགས་བརྒྱབ་ཡོད་ལ། དེའི་ནང་རྒྱ་ནག་སྐམ་ས་ཆེན་མོའི་མཁས་དབང་ཁག་ཅིག་ཀྱང་ཚུད་ཡོད། ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་མཇུག་བསྒྲིལ་རྗེས། ཞུ་ཡིག་དེ་དབྱིན་ཡིག་ནང་བསྒྱུར་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་གྲོས་ཚོགས། དེ་བཞིན་དམངས་གཙོའི་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོར་འབུལ་རྒྱུ་ཡིན་ཞེས་འཁོད་འདུག
གསར་འགོད་པ། དཔལ་ལྡན།
རྒྱ་རིགས་གྲོགས་པོ་ཡོངས་ཀྱིས་རྒྱབ་ཀྱི་རྩོམ་ཡིག་བྲིས་པ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
འགྲོ་བ་མི་ཞིག་འགའ་སྐྱོས་གནས་ཚུལ་ལ་ཞིབ་འཇུག་བྱས་ནས་བསམ་བློ་དྲང་ཞིག་བཏང་འདི་ཡང་ཁྱེད་ཚོའི་གཟི་བརྗིད་རེད་ཡག་པོ་འདུག
རྒྱ་རིགས་རྣམས་ལ་ཐུགས་རྗེ་ཆེ་ཞུ
བོད་རྒྱ་གཉིས་ཀྱི་མི་མང་རྣམས་དམར་པོའི་སྲིད་གཞུང་འོག་རང་དབང་མེད་པའི་སྡུག་བསྔལ་མྱོང་བ་གཅིག་གྱུར་ཡིན་པས་གཡས་གཞོག་གཡོན་འདེགས་བྱེད་རྒྱུ་གལ་ཆེ། ལས་འགུལ་སྤེལ་མཁན་རྒྱ་རིགས་རྣམས་ལ་ཐུགས་རྗེ་ཆེ་ཞུ།
འབྲེལ་ཡོད་འགན་ཁུར་བ་ཚང་མར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། ང་ཚོའི་གཞུང་སྒེར་ཚང་མས་ཕྱི་སྡོད་རྒྱ་རིགས་གང་མང་ལ་མཐུན་ལམ་ཤུགས་ཆེར་བཏང་ནས་གཞི་རྒྱ་ཆེ་བའི་ལས་གཞི་ཞིག་སྤེལ་རྒྱུའི་དུས་ལ་བབ་འདུག ལས་འགུལ་འདི་རིགས་ཚང་མ་བདེན་པའི་རྒྱབ་ལངས་ཡིན། བདེན་པའི་ནུས་པ་མཉམ་སྤུངས་བྱས་ན་བདེན་པ་ཉིད་རྣམ་པར་རྒྱལ་ངེས་ཡིན།
རྒྱབ་སྐྱོར་གནང་མཁན་རྒྱ་རིགས་སྤུན་ཟླ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། གནས་ཚུལ་འདི་ང་ཚོ་བོད་པ་ལ་མཚོན་ནའང་རྒྱ་མི་རིགས་ལ་འབྲེལ་བ་བྱེད་རྒྱུའི་གོ་སྐབས་ཡག་པོ་ཞིག་རེད་འདོད། བཀའ་སྤྱི་གཉིས་ནས་ཀང་ངེས་པར་དུ་གོང་གསལ་རྒྱ་རིགས་ཚོར་ཡིག་ངག་གཉིས་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་བརྗེད་ཅེས་རེ་སྐུལ་ཞུ་རྒྱུ་ཡིན།
སྐབས་བཅོ་ལྔ་བའི་བཀའ་ཤག་གསར་པའི་སྐབས་འདི་ནས་སྔོན་མ་དང་མི་འདྲ་བར་རྒྱལ་སྤྱིའི་ཐོག་ལས་འགུལ་འདྲ་མིན་སྤེལ་གྱིན་པའི་རྣམ་པ་ཇེ་མང་ཇེ་མང་ནས་ཇེ་མང་རེད།
ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་ཆེན་གྱི་རྒྱ་རིགས་མཁས་དབང་ཡཱང་ཅིན་ལི་གཙོས་པའི་ཤེས་ཡོན་པ་རང་རེའི་བཀའ་ཁྲི་བློ་བཟང་སེང་གེའི་སློབ་གྲོགས་སྐོར་ཞིག་གིས་བོད་དོན་ཡིག་ཆ་འགྲེམས་སྤེལ་དང་ས་རྟགས་བསྡུ་རུབ་བྱེད་ཀྱིན་ཡོད་འདུག བོད་ཕྱི་ནང་གཉིས་ནས་ནུས་པ་མཉམ་རུབ་གནང་བའི་རྒྱལ་ཁ་ཐོབ་ངེས་རེད།
བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་དོན་ཚན་དེ་དག་བཀོད་པ་ལ་དམིགས་བསལ་ཡི་རངས་དང་
བསྔགས་བརྗོད་ཡོད།
ཧ་ཝ་མཐོ་སློབ་ཀྱི་མཁས་དབང་དག་གི་བོད་མའི་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
འདིར་བོད་ཡིག་ལ་བསྒྱུར་བར་གསར་འགོད་པ་དཔལ་ལྡན་ལ་ཐུགས་རྗེ་ཆེ།