རྒྱ་གར་ཧ་རི་ཡ་ཎའི་སྙན་གྲགས་ཅན་གྱི་སྐར་ལྔ་ཧྥོར་ཇོན་(fortune hotel)མགྲོན་ཁང་དུ་ཕྱག་ལས་གནང་བཞིན་པའི་སྐུ་ཞབས་ངག་དབང་ལགས་ཀྱིས། ལག་ཤེས་ལས་རིགས་ནི་མཐོང་ཆུང་བྱ་ཡུལ་ཞིག་མིན་པར། བོད་པ་ཚོས་ལག་ཤེས་ལ་དོ་སྣང་མང་ཙམ་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོིད།
སྒོང་ཟས་(Cake)ལས་རིགས་ལ་ཆེད་མཁས་པ་སྐུ་ཞབས་ངག་དབང་ལགས་ནི། ཕྱི་ལོ་ ༡༩༩༩ ལོར་བོིད་ནས་གསར་དུ་འབྱོར་ཞིང་། ༢༠༠༦ ལོར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་གཞི་རིམ་འཛིན་གྲྭ་བཅུ་པ་ཐོན་རྗེས། རྡེ་ར་རྡུན་བོད་མིའི་ལག་ཤེས་སློབ་གྲྭར་འཛུལ་ཞུགས་ཀྱིས། དེ་གར་དུས་ཡུན་ལོ་གཉིས་ཙམ་རིང་སྒོང་ཟས་ལག་ཤེས་ལས་རིགས་ཐོག་སློབ་སྦྱོང་གནང་ཡོད་པ་དང་། ༢༠༠༨ ལོར་སློབ་གྲྭ་ཐོན་རྗེས་སྔ་རྗེས་སུ་རྒྱ་གར་གྲོང་ཁྱེར་འདྲ་མིན་གྱི་བཟོ་གྲྭ་དང་ཟ་ཁང་། མགྲོན་ཁང་བཅས་སུ་ལས་ཀའི་ཉམས་མྱོང་རིམ་བསགས་ཀྱིས། ད་ཆར་རྒྱ་གར་ཧ་རི་ཡ་ཎའི་མངའ་སྡེའི་གྷོར་གྷིན་(Gurgaon)གྲོང་ཁྱེར་དུ་ཡོད་པའི་སྐར་མ་ལྔ་ཅན་གྱི་ཧྥོར་ཇོན་མགྲོན་ཁང་(fortune hotel)ནང་། སྒོང་ཟས་ལས་རིགས་ཐད་ཀྱི་ལས་བྱ་བའི་གཙོ་འགན་འཁུར་བཞིན་ཡོད་པ་རེད།
འདི་གའི་གསར་འགོད་པས་སྐུ་ཞབས་ངག་དབང་ལགས་སུ་ད་ལྟའི་ལས་ཀའི་གནས་སྟངས་སྐོར་བཅར་འདྲི་ཞུས་སྐབས། “ ང་རང་གིས་ཧ་རི་ཡ་ཎར་ཡོད་པའི་སྐར་ལྔ་ཧྥོར་ཇོན་མགྲོན་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ཟླ་རེའི་གླ་ཕོགས་ཧིན་སྒོར་ ༡༣༠༠༠ ཙམ་ཡིན། གནས་སྐབས་གླ་ཕོགས་དེ་ཙམ་མཐོ་རྒྱུ་མེད་ཀྱང་། ཟས་རིན་དང་གྱོན་པ། འཕྲོད་བསྟེན་ལྟ་སྐྱོང་བཅས་ཀྱི་འགན་ཆ་ཚང་མགྲོན་ཁང་འཛིན་སྐྱོང་གིས་འགན་ལེན་གྱི་ཡོད་ཐོག ལོ་ལྟར་ལས་བྱེད་ཚོའི་གླ་ཆ་འཕར་གྱི་ཡོད་སྟབས། ལས་བྱེད་ཚོའི་མ་འོངས་པའི་མདུན་ལམ་ཡག་པོ་འདུག དེ་ལྟ་ནའང་། བོད་པའི་སྤྱི་ཚོགས་ནང་ལག་ཤེས་ལས་རིགས་ནང་འགྲོ་མཁན་ཚོར་མཐོང་ཆུང་དང་། སློབ་སྦྱོང་ཁུངས་མ་འཁྱོལ་བར་ངོས་འཛིན་བྱེད་པ་དེ་ཡག་པོ་མི་འདུག ” ཅེས་བརྗོད་སོང་།
ཡང་ཁོང་ལ་སྐར་ལྔ་མགྲོན་ཁང་དུ་ལས་ཀ་འདི་ཇི་ལྟར་རག་མིན་སྐོར་དྲིས་པར། “ ང་རང་རྡེ་ར་རྡུན་ལག་ཤེས་སློབ་གྲྭ་ཐོན་སྐབས་སློབ་གྲྭ་གཞུང་ལ་ལས་ཀ་འཚོལ་རོགས་ཞུས་ཀྱང་རོགས་རམ་གནང་མ་སོང་། དེ་ནས་རྒྱ་གར་གྲོང་ཁྱེར་བྷིང་ལོར་སོགས་སུ་ཕྱིན་ཏེ། བཟོ་གྲྭ་དང་ཟ་ཁང་ཁག་ཏུ་ལས་ཀ་བྱས་པ་ཡིན། ཐོག་མའི་ཆ་ལ་ཟླ་རེར་ཧིན་སྒོར་ ༣༠༠༠ ཙམ་ལས་རག་གི་མི་འདུག སྐབས་དེར་ཟས་རིན་དང་ཁང་གླའི་དཀའ་ངལ་གྱིས་རྐྱེན་པས་མཚམས་རེར་སེམས་པ་ཧ་ཅང་སྐྱོ་སོང་། རྒྱ་གར་ནང་གཉེན་ཉེ་སྤུན་མཆེད་གང་ཡང་མེད་སྟབས། ལས་ཀའི་ཐོག་སེམས་ཤུགས་མ་ཆག་པར་མུ་མཐུད་ཤུགས་བརྒྱབ་པ་ཡིན། དེའི་རྗེས་རིམ་བཞིན་ཟླ་རེར་ཧིན་སྒོར་ ༥༠༠༠ དང་། དེ་ནས་ ༧༠༠༠། མཐར་ ༩༠༠༠ བཅས་རག་གི་འདུག ༢༠༡༠ ལོར་སློབ་གྲོགས་ཤིག་གིས་ངོ་སྤྲོད་བྱས་པ་ལྟར། ཧ་རི་ཡ་ཎའི་མངའ་སྡེའི་སྐར་ལྔ་ཧྥོར་ཇོན་མགྲོན་ཁང་ལ་ཡིག་རྒྱུགས་བཏང་བ་ཡིན། ཡིག་རྒྱུགས་སྐབས་མི་རེ་ནས་སྒོང་ཟས་རིགས་མི་འདྲ་བ་ ༡༥ རེ་བཟོས་ཏེ་གཏན་འཇགས་ལས་བྱེད་ཁོངས་བདམས་པ་རེད། ” ཅེས་བརྗོད་བྱུང་།
ཁྱེད་རང་ལག་ཤེས་པ་ཞིག་ཡིན་པའི་ཆ་ནས་དེའི་ཐོག་ལྟ་སྟངས་དང་དམིགས་ཡུལ་གང་འདྲ་ཡོད་མེད་དྲིས་པར། “ ང་རང་གིས་འཛིན་རིམ་བཅུ་པའི་བར་བོད་ཁྱིམ་དུ་སློབ་སྦྱོང་བྱས་ཡོད་ལ། ད་བར་ཡིག་རྒྱུགས་མ་འཕྲོད་པ་དེ་འདྲ་གཅིག་ཀྱང་བྱུང་མེད། དེང་སྐབས་རྒྱ་གར་མཐོ་སློབ་ཁག་ནས་ལོ་རེར་བོད་རིགས་སློབ་མ་ ༥༠༠ རེ་སློབ་མཐར་ཕྱིན་གྱི་ཡོད་སྟབས། མཐོ་སློབ་ཏུ་སོང་ནའང་ལས་ཀ་རག་རྒྱུར་ཁག་པོ་ཆགས་ཡོད་པ་རེད། དེ་ཡིན་དུས། རང་ཉིད་ཀྱིས་བསམ་བློ་བཏང་སྟེ་ལག་ཤེས་སློབ་སྦྱོང་གི་ལམ་ཁ་འདི་བདམས་པ་ཡིན། ད་ལྟ་ཕྱིར་བལྟ་བྱས་ཡོང་སྐབས་དེ་སྔོན་རང་གིས་བདམས་པའི་ལམ་ཁ་དེ་ནོར་མི་འདུག་བསམ་གྱི་ཡོད། བོད་རིགས་ན་གཞོན་ཚོས་ཀྱང་ལག་ཤེས་ལས་རིགས་ཐོིག་དོ་སྣང་མང་ཙམ་སྤྲོད་ཐུབ་པ་ཡིན་ན། རྒྱ་གར་གྲོང་ཁྱེར་ཆེ་ཁག་ཏུ་ང་ཚོས་བསྒྲུབ་ཐུབ་པའི་ལས་ཀ་མང་པོ་འདུག ཕྱོགས་གཞན་ཞིག་ནས། ང་རང་གིས་ནུས་པ་དང་ཉམས་མྱོང་གིས་འདང་པ་ཡིན་ན། རྗེས་ཕྱོགས་ང་རང་སྒེར་ངོས་ནས་སྒོང་ཟས་བཟོ་འཚོང་གི་ལས་གནས་ཞིག་གཉེར་བསམ་གྱི་ཡོད། དེ་བཞིན། དབུས་བོད་མིའི་སྒྲིག་མིའི་སྒྲིག་འཛུགས་ཀྱིས་ཀྱང་། བོད་ཀྱི་ལག་ཤེས་ལས་རིགས་པ་ཚོར་བདག་པོ་རྒྱག་ཐུབ་ན། སྤྱི་ཚོགས་ནང་ལག་ཤེས་ཀྱི་ཐོག་ནས་ཞབས་འདེགས་བསྒྲུབ་ཐུབ་མཁན་མང་པོ་ཡོད་པ་རེད། ” ཅེས་བརྗོད་བྱུང་།
གྷོར་གྷིན་གྲོང་ཁྱེར་དུ་ཡོད་པའི་ཧྥོར་ཇོན་མགྲོན་ཁང་ནི་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་སྐར་མ་ལྔ་ཅན་མགྲོན་ཁང་དག་གི་ཁྲོད་སྙན་གྲགས་ཆེ་ཤོས་ཀྱི་མགྲོན་ཁང་ཞིག་ཡིན་ཞིང་། ད་ཆར་མགྲོན་ཁང་ཨ་མ་དེར་ལས་བྱེད་ ༣༠༠ ལྷག་དང་། རྒྱ་གར་གྲོང་ཁྱེར་ཆེ་ཁག་ཏུ་ཡན་ལག་མགྲོན་ཁང་ ༥༢ ཙམ་ཡོད་འདུག མགྲོན་ཁང་གི་ལས་ཀའི་ངོ་བོར་རིགས་ཁ་ཤས་ཡོད་དག་ནི། དོ་དམ་བྱེད་མཁན། ཁ་ལག་བཟོ་མཁན། སྒོང་ཟས་བརྔོ་མཁན། གྱོན་པ་བཀྲུ་མཁན། ཞབས་ཞུ་མ། གཙང་སྦྲ་བྱེད་མཁན། འཕུད་མཉེད་གཏོང་མཁན་བཅས་ཡིན་ཞིང་། དེ་དག་གི་ཟླ་རེའི་གླ་ཕོགས་ཀྱང་མི་འདྲ་བར་ལས་བྱེད་མཐོ་ཤོས་ཤིག་ལ་ཟླ་རེར་གླ་ཕོགས་ཧིན་སྒོར་ཆིག་འབུམ་ ༡༠༠༠༠༠ རེ་དང་། ཉུང་ཤས་ལ་ཟླ་རེར་ཧིན་སྒོར་ལྔ་སྟོང་ ༥༠༠༠ བཅས་ལྷག་རག་གི་ཡོད་འདུག
གསར་འགོད་པ། དཔལ་ལྡན།
༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽
ངོ་མ་ཡིད་སྐྱོ་བའི་གནས་ཚུལ་སྤེལ་འདུག
གསར་འབྱོར་ཞིག་་་་་་་་་་་ལ་རྒྱབ་ལུང་རྒྱབ་ཀྱིས་བྱིའུ་ཆུང་ཁྲ་ཡིས་གཏོར་བ་བཞིན་ཆ་མེད་རྒྱུས་མེད་མི་ཡུལ་ཞིག་ཏུ་སླེབས་དུས་ངོ་མ་ཁག་པོ་ལོས་ཡོད།
རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད། ལས་རིགས་ཅི་ཞིག་ཡིན་ཀྱང་དེ་མཐར་ཕྱིན་པ་ཞིག་བྱུང་ན་གཏན་གཏན་རང་གི་མི་ཚེ་བདེ་སྐྱིད་ངང་འཚོ་ཐུབ་ཀྱི་རེད་བསམ།
བོད་མི་ཚོ་ཁུག་རྟས་གནམ་ཆུ་སྒུགས་པ་བཞིན་ལྡི་ལི་དང་དྷ་ས་སོགས་སུ་ཨ་རིའི་མཐོང་ཆེན་ཐོབ་རྒྱུར་སྒུགས་པ་ནི་་་་་སངས་རྒྱས་འབྱོན་འབྱོན་བྲམ་ཟེར་རྒས།་་་་ཞེས་པ་ལྟར་འབྱུང་བཞིན་འདུག བརྒྱ་ནས་ཉུང་ཤས་ཤིག་ལས་ཐོབ་ཀྱི་མེད། དེས་ན་ལས་རིགས་དེ་རིགས་བྱེད་ཐུབ་ན་དངུལ་བཟོ་ཐུབ་ཀྱི་རེད་བསམ།
ཡག་པོ་རེད། གསར་འབྱོར་བ་ཞིག་གི་ངོས་ནས་རང་གི་རྐང་སྟེང་དུ་ལང་ཨེ་ཐུབ་ཀྱིས་ལས་ཀ་ལ་ཧུར་བརྩོན་གྱིས་རང་ཁ་རང་གསོ་བྱེད་བཞིན་པ་ནི་དཔེ་མཚོན་ཡོད་པའི་བྱ་གཞག་གཅིག་རེད། དེ་མིན་དྷ་ས་དང་དྷི་ལི་སྲང་ལམ་དུ་ཡར་མར་འཁྱམ་མྱུལ་ཤ་སྟག་གིས་མི་ཚེའི་དུས་འདས་ནས་ཅི་ཕན། རང་མི་རིགས་ལ་མི་ཕན་པའི་ཁར་རང་གི་ཕ་མ་ཉེ་འབྲེལ་ལ་ཡང་མི་ཕན། སྤྱིར་བཏང་ལག་ཤེས་ཀྱི་ལས་ཀ་བྱེད་མཁན་རྒྱལ་ས་དྷི་ལི་དང་སྦེང་ལོར་སོགས་སུ་མང་པོ་ཡོད། གསར་འགོད་པ་ཞིག་གི་ངོས་ནས་ལྟ་རྒྱ་མཐོང་རྒྱ་ཆེ་ཙམ་གནང་ན་མང་པོ་མཐོང་རྒྱུ་ཡོད། ཕྱོགས་གཅིག་རྐྱང་རྐྱང་བཙལ་ན་སྤྱི་ཡོངས་ཀྱི་བོད་མིའི་གནས་སྟངས་མཐོང་རྒྱུ་ཁག་པོ་རེད།
རྒྱ་ནག་གི་སྐད་ཡིན་ཡག་པོ་ཤེས་ན་རྒྱ་གར་ནང་ནས་ལས་ཀ་ཡག་པོ་རག་གི་འདུག་ཟླཕོག་ཡང་༣༠༠༠༠ཙམ་ལག་རེད། དཔེར་ན་རྒྱལ་ས་སྡི་ལུ་དང་ལྷོ་ཕྱོགས་བྷང་ལོ།
ང་ཚོས་བོད་རང་དབང་རང་བཙན་གྱི་ཆེད་དུ། <<ང་ཚོ་བོད་པའི་དཀའ་ངལ་སེལ་བ་ལ་ཁྱེད་ཚོས་རྒྱབ་སྐྱོར་གནང་རོགས། ང་ཚོས་ཁྱེད་ཀྱི་འཁོར་ཡུག་ལ་བཙང་སྦྲ་བྱེད་ཡོངས།>>ལྟ་བུའི་སྐད་ངག་གཅིག་དང་འབོད་སྦྲ་གཅིག་གིས་འཁོར་ཡུག་གཙང་སྦྲའི་ལས་འགུལ་ཞིག་བོད་རིགས་དང་བོད་དོན་རྒྱབ་བསྐྱོར་བ་ཚང་མས། འཛམ་གླིང་ཡུལ་གྲུ་གང་ས་ནས་ཉིན་གཅིག་དུས་གཅིག་ལ་སྤེལ་ཐུབ་ན། འཛམ་གླིང་ཡུལ་མི་རྣམས་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་སྤྲོད་ཐུབ་ཀྱི་རེད་སྙམ། དེང་སང་འཛམ་གླིང་ཡུལ་གྲུ་མང་པོ་ནས་ལས་འགུལ་དང་ངོ་རྒོལ་རིགས་སྤེལ་དུས་འཁོར་ཡུག་དང་དཔལ་འབྱོར་ལ་གཏོར་སྐྱོན་གྱོང་གུད་ཚབ་ཆེན་བཏང་བཞིན་ཡོད་པ་མ་ཚད། ཡུལ་མིའི་སེམས་ཁམས་ལ་འཇིགས་སྐྲག་དང་ཕོག་ཐུག་ཚབ་ཆེན་བཏང་བཞིན་ཡོད་པས། འཁོར་ཡུག་བཙང་སྦྲ་ནི་དེ་ལས་བཟློག་ཏེ་ཡུལ་མི་རྣམས་ཀྱི་ལུས་སེམས་ཀྱི་འཕྲོད་བརྟེན་ཡིན་པར་མ་ཟད། དཔལ་འབྱོར་ལ་གྱོང་གུད་མེད་པ། ཡུལ་མི་རྣམས་ལ་འཇིགས་སྐྲག་དང་ཕོག་ཐུག་མི་འགྲོ་བ། ཡུལ་མི་སོ་སོར་ལ་འཁོར་ཡུག་བཙང་སྦྲ་བྱེད་རྒྱུའི་ཡར་བསྐུལ་བྱེད་ཐུབ་པ། བོད་རིགས་དང་ཡུལ་མི་རྣམས་ཀྱི་མཐུན་འབྲེལ་གོང་འཕེལ་ཡོངས་བ་ལ་ཕན་པ། ལས་འགུལ་ནང་ཞུགས་མཁན་ཡུལ་མི་མང་དུ་འགྲོ་སྲིད་པ། འཁོར་ཡུག་བཙང་སྦྲ་ནི་ནང་ཆོས་དང་ཡོངས་སུ་མཐུན་པ། མི་རིགས་སུས་མཐོང་ཐོས་སུ་གྱུར་ན་སེམས་ལ་མི་བདེ་བ་མེད་པ། བོད་དོན་རྒྱབ་བསྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་སྲིད་པ། བོད་རིགས་ཀྱི་བསམ་སྤྱོད་བཟང་པོས་རླབས་ཆེན་གྱི་བྱས་རྒྱས་འཇོག་ཐུབ་སོགས་དགེ་མཚན་མང་པོ་ལྡན། མི་རིགས་དང་ཆོས་ལུགས་གི་དབྱེ་བ་མེད་པར་ཚང་མས་འཁོར་ཡུག་གཙང་སྦྲ་ནི་རྩ་ཆེན་ཞིག་ལ་བརྩི་བཞིན་ཡོད་པས་ང་ཚོ་ལ་རྒྱབ་བསྐྱོར་བྱེད་མཁན་ཡང་མང་ནས་མང་དུ་འགྲོ་བ་ཐེ་ཚོམ་མེད་པ་རེད། གཅིག་བྱས་ན་འཛམ་གླིང་གི་ལས་འགུལ་དང་ངོ་རྒོལ་རིགས་སྤེལ་མཁན་རྣམས་ཀྱིས་འཁོར་ཡུག་དང་དཔལ་འབྱོར་ལ་གཏོར་སྐྱོན་དང་གྱོང་གུད་མི་ཕོག་པ། ཡུལ་མིའི་སེམས་ཁམས་ལ་འཇིགས་སྐྲག་དང་ཕོག་ཐུག་མི་འགྲོ་བའི་ལས་འགུལ་རིགས་སྤེལ་རྒྱུའི་ཀུན་སློང་བཟང་པོ་སྐྱེ་བ་དང་ང་ཚོའི་ལས་འགུལ་དེ་སྔོན་འགྲོ་རུ་འགྱུར་སྲིད་པ་ཞིག་ཀྱང་རེད།
བདེན་པ་རེད། ལག་ཤེས་ཆུང་ཚགས་རིགས་ལ་ཡང་མཐོང་ཆུང་བྱ་རྒྱུ་མེད། ལྷག་པར་ང་རང་ཚོའི་གནས་བབ་དང་འཇོན་ཐང་ལ་བལྟས་ན་ལས་ཀ་དེ་རིགས་བྱེད་དགོས་ངེས་ཤིག་རེད། ང་ཚོས་མགར་བ་ལའང་་མཐོང་ཆུང་བྱས་བྱས་ནས་བཟོ་རིག་ལག་རྩལ་ཐད་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད་ལ། ད་དུང་དེའི་བསམ་བློའི་དུག་རྒྱུན་ཡོད།
གཞོན་སྐྱེས་ཚོས་ལས་རིགས་ལ་མཆོག་དམན་གྱི་དབྱེ་བ་མི་འབྱེད་པར་གོ་སྐབས་གང་རག་དམ་འཛིན་གྱིས་རང་ཁ་རང་གསོ་ཐུབ་པ་བྱེད་དགོས།
ལག་ཤེས་མཁས་པོ་ངག་དབང་། ཇི་གསུངས་མངོན་པར་བསྟོད་དོ།