མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་ཟབ་སྦྱོང་ནི་དགེ་འདུན་པ་རྣམས་ཚན་རིག་པ་བཟོ་བའི་ཆེད་དུ་མ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་སློབ་ནང་དུས་ཡུན་ཟླ་གཅིག་རིང་། ནང་ཆོས་ཀྱི་བསླབ་པ་མཐར་སོན་པའི་གྲྭ་བཙུན་ཁག་ཅིག་ལ་དམིགས་བསལ་གྱི་ཚན་རིག་ཟབ་སྦྱོང་འཛིན་གྲྭ་ཞིག་ཚོགས་འདུག

ཕྱི་ལོ་ ༢༠༠༠ ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་ལྟར་དགེ་འདུན་པ་རྣམས་ལ་ཚན་རིག་གི་ཟབ་སྦྱོང་ཞིག་འབུལ་བཞིན་པ་ལྟར།  ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༩ ནས་ཕྱི་ཟླ་ ༡༢ ཚེས་ ༡༩ བར་གྱི་དུས་ཡུན་ཟླ་གཅིག་རིང་ས་རཱ་མཐོ་སློབ་ནང་ཚན་རིག་ཟབ་སྦྱོང་གི་འཛིན་གྲྭ་ཞིག་ཚོགས་འདུག  ཚན་རིག་ཟབ་སྦྱོང་དེར་མཉམ་ཞུགས་གནང་མཁན་དེ་ནི། ས་དགེ་དཀའ་རྙིང་བོན་དང་བཅས་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གི་གྲྭ་བཙུན་ཡིན་ཞིང་། དེ་དག་ཕལ་ཆེ་བ་ནང་ཆོས་སློབ་གཉེར་ཚད་མཐོན་པོར་སོན་ཡོད་པའི་དགེ་བཤེས་དང་མཁན་སྤྲུལ་དག་ཡིན་འདུག ཟབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་མང་ཆེ་བ་ནི་ཨ་རི་ནས་ཕེབས་པའི་ཚན་རིག་ཆེད་མཁས་པ་དང་།  བཙན་བྱོལ་སྤྱི་ཚོགས་ནང་ཚན་རིག་སློབ་སྦྱོང་གི་ཆུ་ཚད་ངེས་ཅན་ཡོད་པའི་དགེ་རྒན་བཅས་ཡིན་པ་དང་། བདུན་ཕྲག་རེའི་ནང་དགེ་རྒན་གསར་པ་གཉིས་རེ་རེས་མོས་ཀྱིས་སློབ་ཁྲིད་དང་དྲི་བ་དྲིས་ལན་གནང་བཞིན་འདུག  གོ་སྒྲིག་པའི་ངོས་ནས་ཐེངས་འདིའི་ཟབ་སྦྱོང་ལ་བསླབ་པ་མཐར་སོན་གྱི་དགེ་འདུན་པ་ ༢༠  ལྷག་གདན་ཞུ་གནང་ཡོད་ཀྱང་། སྒེར་གྱི་ལས་དོན་སོགས་ཀྱི་རྐྱེན་པས་ཐེངས་འདིའི་ཟབ་སྦྱོང་ལ་དངོས་སུ་ཞུགས་མཁན་བླ་སྤྲུལ་དང་དགེ་འདུན་པ་ ༡༨ ཕེབས་ཡོད་ཟེར། 


ཕྱི་ཟླ་
༡༢ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་། བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ་གཉིས་ཀྱི་ཐོག  ནང་ཆོས་དང་ཚན་རིག་གི་རྒྱལ་སྤྱིའི་ཚོགས་འདུ་ཞིག་འཚོགས་རྒྱུ་གཏན་འཁེལ་ཡོད་པ་དང་།  ཚོགས་འདུ་དེའི་ཐོག་ཕྱིའི་གཟུགས་ཕུང་དང་ནང་ཤེས་པའི་ཐོག་ལ་ནང་ཆོས་དང་ཚན་རིག་གཉིས་ཀྱི་ངོས་འཛིན་སྟངས་དང་རིག་པའི་འགྲོ་ལུགས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ཚན་རིག་ཟབ་སྦྱོང་ནི། བོད་ཀྱི་དཔེ་མཛོད་ཁང་གིས་ལོ་ལྟར་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལ་འབུལ་བཞིན་པའི་ནམ་རྒྱུན་གྱི་ཟབ་སྦྱོང་དང་མ་འདྲ་བར།  མ་འོངས་པར་དགོན་སྡེ་ཁག་ནང་ཚན་རིག་ཟབ་སྦྱོང་ཐད་དོ་སྣང་ཤུགས་ཆེ་རུ་ཡོང་ཐབས་ལ་དམིགས་ཏེ།  དགེ་བཤེས་ལྷ་རམས་ཐོན་མཁན་ཁག་ཅིག་ལ་དམིགས་བསལ་གྱིས་ཚན་རིག་ཟབ་སྦྱོང་འདི་གོ་སྒྲིག་གནང་བ་ཞིག་ཡིན་འདུག  བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་ཉི་མ་རྒྱལ་མཚན་ལགས་ཀྱིས།  “ ད་ཐེངས་ཀྱི་ཚན་རིག་ཟབ་སྦྱོང་འཛིན་གྲྭ་འདི་སྔོན་མའི་ཟབ་སྦྱོང་དག་དང་མི་འདྲ་བར།  དམིགས་བསལ་གྱིས་མཁན་པོ་དང་དགེ་བཤེས། བླ་སྤྲུལ་སོགས་ནང་པའི་བསླབ་པ་ཆ་ཚང་ཐོན་ཚར་མཁན་རྐྱང་རྐྱང་ལ་འབུལ་བཞིན་ཡོད།  དམིགས་ཡུལ་གཙོ་བོ་ནི་དགོན་སྡེ་ཁག་ནང་ཁོང་རྣམ་པའི་གསུང་ལ་ཉན་འཇོག་དང་བརྩི་མཐོང་གནང་མཁན་མང་པོ་ཡོད་སྟབས། ཁོང་རྣམ་པ་བརྒྱུད་དེ་དགོན་སྡེ་ཁག་ནང་ཚན་རིག་སློབ་སྦྱོང་ཐད་དོ་སྣང་དང་ཤུགས་རྐྱེན་གང་འཚམ་སྤྲོད་ཐུབ་པར་དམིགས་ཏེ་གོ་སྒྲིག་གནང་བ་རེད། ” ཅེས་བརྗོད་དེ།    ཐེངས་འདིའི་ཚན་རིག་ཟབ་སྦྱོང་འཛིན་གྲྭའི་སྦྱིན་བདག་གཙོ་བོ་ནི་ཇོན་ཐེབས་རྩ་ཚོགས་པ་ (John Templeton Foundation) ཡིས་གནང་ཐོག  ཨ་རིའི་སཱན་ཧྥི་རན་སི་ཀའོ་ (san francisco) རུ་ཡོད་པའི་ཚན་རིག་བཤམ་མཛོད་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། དེ་སྔོན་ཆོས་རིག་ལས་ཁུངས་ཀྱིས་༸གོང་ས་མཆོག་གི་དགོངས་གཞི་ལྟར་དགོན་སྡེ་ཁག་ནང་ཚན་རིག་ཟབ་སྦྱོང་སྤྲོད་དགོས་པའི་གྲོས་ཆོད་མང་པོ་བཞག་ཡོད་ནའང་། ནུས་པ་ཆེན་པོ་ཐོན་མ་ཐུབ་པར་བརྟེན་ཐེངས་འདིར་དགོན་སྡེ་ཁག་གི་དགེ་བཤེས་ཁག་ཅིག་ལ་དམིགས་བསལ་གྱི་ཟབ་སྦྱོང་འདི་གོ་སྒྲིག་གནང་སྐོར་བརྗོད་བྱུང་།  


དགེ་འདུན་པ་ཚོར་ཚན་རིག་གི་རྨང་གཞིའི་ཟབ་སྦྱོང་སྤྲོད་མཁན་སེ་ལ་ཀོལ་བོད་ཁྱིམ་གྱི་སློབ་སྤྱི་དང་ཚན་རིག་དགེ་རྒན་འབྲུག་ཚེ་རིང་ལགས་སུ།  དམིགས་ཡུལ་གང་འདྲ་ཞིག་ཁྱེར་ནས་དགེ་བཤེས་རྣམས་ལ་ཚན་རིག་ཟབ་སྦྱོང་འདི་སྤྲོད་ཀྱི་ཡོད་མེད་དྲིས་པར། ཁོང་གིས་
“ དགེ་བཤེས་རྣམས་འདིར་ཕེབས་ཏེ་ཚན་རིག་ཟབ་སྦྱོང་འབུལ་བཞིན་པ་དེ་ནི་དགེ་འདུན་པ་རྣམས་ཚན་རིག་པ་བཟོ་བའི་ཆེད་མ་རེད།  ༸གོང་ས་མཆོག་གིས་ནམ་རྒྱུན་བཀའ་སློབ་གནང་བཞིན་པ་ལྟར། ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཚན་རིག་ཧ་ཅང་ཡར་རྒྱས་འགྲོ་བཞིན་པ་དང་མཉམ་དུ་འཛམ་གླིང་ཐོག་རྙོག་དྲ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་རེད། སྤྱིར་ཚན་རིག་པ་ཚོར་ནང་སེམས་ཁམས་རིག་པའི་ཐོག་ནས་ང་ཚོའི་ནང་པའི་ཆོས་གཞུང་དུ་ཡོད་པའི་ཞིབ་ཅིང་ཕྲ་བའི་རྟོག་ཞིབ་དེ་འདྲ་ཡོད་པ་མ་རེད།  དགེ་བཤེས་ལྷ་རམས་པ་ཚོས་ཚན་རིག་ཐོག་སློབ་སྦྱོང་དང་ཚན་རིག་པར་བསམ་ཚུལ་བརྗེ་རེས་བྱས་ཏེ། ཁོང་ཚོར་ནང་སེམས་ཀྱི་འགྲོ་སྟངས་ཕྲན་བུ་འགྲེལ་བཤད་རྒྱག་ཐུབ་པ་ཡིན་ན། ཚན་རིག་པ་ཡིན་ནའང་ཚན་རིག་པ་བཟང་པོ་ཞིག་ཆགས་ཐུབ་རྒྱུ་རེད།  ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཚན་རིག་པ་ལ་བརྩི་མཐོང་ཆེན་པོ་ཡོད་སྟབས། རིམ་གྱིས་འཛམ་གླིང་གི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཚོར་ཚན་རིག་གི་ཤེས་ཡོན་སྤྲོད་པ་དང་མཉམ་དུ་ནང་དོན་རིག་པའི་ཐོག་ནས་ནང་སེམས་ལའང་འགྱུར་བ་གཏོང་ཐུབ་པ་ཡིན་ན་དགེ་ཕན་ཆེན་པོ་ཡོད་པ་རེད། ངས་དེ་འདྲ་ཞིག་བསམ་གི་ཡོད། ” ཅེས་བརྗོད་དེ།  དགེ་བཤེས་དེ་དག་གི་ནང་སྔོན་སློབ་གྲྭ་འཛིན་རིམ་ལྔ་བའི་ཡན་ལ་བསྐྱོད་མྱོང་མཁན་མེད་ནའང་། ཁོང་ཚོས་ནང་པའི་ཆོས་ལ་བསླབ་པ་མཐར་སོན་གནང་སྟེ་རིག་པ་རྣོན་པོ་ཆགས་ཡོད་སྟབས།  ཚན་རིག་ཟབ་སྦྱོང་སྐབས་དམིགས་བསལ་ཀྱི་གོ་བརྡ་མ་འཕྲོད་པའི་དཀའ་ངལ་མེད་པ་མ་ཟད།   རྫས་སྦྱོར་རིག་པའི་ཐོག་ནས་རྡུལ་ཕྲན་དང་རིགས་རྫས་སོགས་ག་འདྲ་ཡོད་མེད་དང་། མི་དང་རྩི་ཤིང་གི་ཕྲ་ཕུང་དང་ཕུང་གྲུབ་ཀྱི་འགྲོ་སྟངས་སོགས་ངོ་སྤྲོད་གནང་ཡོང་དུས།  དགེ་འདུན་པ་ཚོར་ཚན་རིག་སློབ་འདོད་ཀྱི་འདུན་པ་ཤུགས་ཆེན་པོ་ཡོང་གི་ཡོད་སྐོར་བརྗོད་སོང་།


བཙུན་མ་བསྟན་འཛིན་ལྷ་སྒྲོན་ལགས་ནི་དྷ་ས་གཙུན་དགོན་འཇམ་དབྱངས་ཆོས་གླིང་ནས་ཡིན་པ་དང་། དེ་སྔོན་ཚན་རིག་ཟབ་སྦྱོང་འཛིན་གྲྭར་སྔ་ཕྱིར་ཐེངས་འགར་ཞུགས་མྱོང་ཡོད་འདུག  ཚན་རིག་ཟབ་སྦྱོང་འཛིན་གྲྭར་ཞུགས་དགོས་པའི་དམིགས་ཡུལ་ག་རེ་ཡིན་མིན་དྲིས་པར། ཁོ་མོས་
“ ཚན་རིག་ཟབ་སྦྱོང་ལ་ཞུགས་དགོས་པ་དེ་ནི་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་གནད་འགག་ཆེན་པོ་ཞིག་མཐོང་གི་འདུག  དེང་སྐབས་འཛམ་གླིང་གང་སར་ཚན་རིག་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་རེད་ལ། མ་འོངས་པར་ཡང་མུ་མཐུད་དུ་ཡར་རྒྱས་འགྲོ་ངེས་རེད། ཚན་རིག་པ་ཚོའི་ངོས་ནས་ཀྱང་ཚན་རིག་ཡར་རྒྱས་གཏོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བདེ་སྐྱིད་ཀྱི་དོན་དུ་ཡིན་ཞེས་ལབ་ཀྱིན་ཡོད་པ་རེད།  མ་གཞི་ཚན་རིག་ནི་ཤེས་བྱའི་རྣམ་གྲངས་ཤིག་རེད། ཡིན་ནའང་། ཤེས་བྱ་དེ་བེད་སྤྱོད་ག་འདྲ་གཏོང་མིན་གྱི་ཐད་ནས་གནས་ཚུལ་འདྲ་མིན་ཡོང་བསྡད་ཡོད་པ་དེ་ང་ཚོའི་མཐོང་ཆོས་སུ་ཡོད་པ་ལྟར་རེད། ཚེ་འདི་ཙམ་ལ་བསམ་བློ་བཏང་བ་ཡིན་ན་ལུས་དང་སེམས་གཉིས་ལ་བདེ་སྐྱིད་འཐོབ་དགོས་པ་དེ་རེད། ལུས་ལ་བདེ་སྐྱིད་ཐོབ་པ་ལ་ཕྱི་དངོས་པོའི་ཐོག་ནས་ཕན་ཐོགས་ཀྱི་ཡོད་པ་དང་། ནང་སེམས་ལ་བདེ་སྐྱིད་འཐོབ་པ་ལ་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་འགྱུར་བ་འགྲོ་བཞིན་ཡོད་པ་དེ་ཚན་རིག་པ་ཁོ་རང་ཚོས་ཀྱང་ར་སྤྲད་ཡོང་གི་ཡོད་པ་རེད། དེ་ཡིན་དུས་གྲྭ་བཙུན་ཚོས་ལོ་མང་རིང་སེམས་ཀྱི་ཞི་བདེ་སྐྲུན་ཕྱོགས་ཀྱི་ཐབས་ལམ་ལ་སྦྱངས་པ་བྱས་ཡོད་སྟབས།  གང་སྦྱངས་པ་དེ་སོ་སོའི་ཉམས་ལེན་གྱི་སྟེང་ནས་ཕར་མང་ཚོགས་ལ་ཕན་ཐོགས་གང་འདྲ་ཞིག་སྒྲུབ་ཐུབ་མིན་དང་།  དེ་བཞིན་ཕར་ཕན་ཐོག་སྒྲུབ་པར་འགྲོ་དུས་ཀྱང་ཆོས་ཁས་ལེན་མཁན་དང་ཁས་མི་ལེན་མཁན་གྱི་སྤྱི་ཚོགས་འདྲ་མིན་ཡོད་སྟབས། དེ་དག་ལ་ཐབས་ལམ་གང་འདྲ་བརྒྱུད་ནས་འགྲེལ་བཤད་རྒྱག་སྟངས་སོགས་ལ་ཉམས་མྱོང་བླངས་ཏེ། སྤྱི་ཚོགས་ལ་ཞབས་ཞུ་འདྲ་བསྒྲུབ་ཐུབ་ན་བསམ་སྟེ་ཟབ་སྦྱོང་འདིར་ཞུགས་པ་ཡིན། ” ཞེས་བརྗོད་སོང་།


དགེ་བཤེས་འཇམ་དབྱངས་བསྟན་དར་ལགས་ནི་ཕྱི་ལོ་ ༢༠༠༨ ལོར་ལྷོ་ཕྱོགས་འབྲས་སྤྲུངས་དགོན་ནས་དགེ་བཤེས་ལྷ་རམས་ཐོན་པ་དང་། སྔ་ཕྱིར་ཐེངས་བཞི་ལ་ཚན་རིག་ཟབ་སྦྱོང་སུ་ཞུགས་མྱོང་འདུག སྤྱིར་བཏང་ཚན་རིག་རིག་གནས་ཀྱི་ཐད་ལ་ལྟ་སྟངས་ག་འདྲ་ཞིག་འཛིན་གྱི་ཡོད་མེད་དྲིས་པར། ཁོང་གིས་
“ སྤྱིའི་ཆ་ནས་ནང་ཆོས་དང་འདྲ་བོ་རེད།  ཚན་རིག་གིས་ཀྱང་བདེན་པ་འཚོལ་གྱིན་འདུག  ཁྱབ་ཁོངས་ཀྱི་ཐད་ནས་ནང་ཆོས་དང་བསྡུར་ན་ཁྱབ་ཆུང་བ་འདུག  ང་ཚོའི་ཆོས་ཀྱི་ནང་དུ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་རྗོད་ཀྱིན་ཡོད་པ་རེད། གཟུགས་མ་ཡིན་པའི་ཤེས་པ་དང་ལྡན་མིན་འདུ་བྱེད་གཉིས་འཇོག་གི་ཡོད་པ་རེད། ཚན་རིག་པ་ཚོས་ཀྱང་ཤེས་པ་ལྟ་བུ་ཞིག་གླེང་གི་འདུག་མོད། གཟུགས་ཀྱི་ནང་ལ་མ་འདུས་པའི་ཤེས་པ་ཞིག་བཤད་ཀྱི་མི་འདུག  དེ་ཡིན་དུས། ཚན་རིག་པས་གཟུགས་ཀྱི་ཁྱབ་ཁོངས་ཞིག་ལ་རྟོག་དཔྱོད་བྱེད་བཞིན་པ་མ་གཏོགས། ཁྱབ་ཁོངས་དེ་ལས་ཕར་བརྒལ་ཐུབ་ཀྱི་མེད་པའི་ཆ་ཞིག་མཐོང་གི་འདུག  ཁ་སང་དེ་རིང་གི་ཟབ་སྦྱོང་འདིའི་ངོས་ཐད་ནས་བཤད་པ་ཡིན་ན། ཁོ་ཚོས་དྲན་པ་ཉེར་བཞག་དང་སྒོམ་ཞེས་ཐ་སྙད་འདྲ་མིན་ཐོག་སྒྱུར་བཞིན་འདུག  གང་ལྟར་ལོ་དུ་མའི་ཡར་སྔོན་ནས་ཚན་རིག་པ་ཚོས་ནང་པའི་སྒོམ་སྒྲུབ་ཀྱི་ཐད་བརྟག་དཔྱད་རིམ་པར་བྱས་ཏེ་གྲུབ་འབྲས་ཞིག་རྙེད་པ་ལ་བརྟེན་ནས།  རིམ་བཞིན་ཚན་རིག་གི་ཁྱབ་ཁོངས་སུ་དྲན་པ་ཉེར་བཞག་དང་ལྷག་མཐོང་། ཞི་གནས་སོགས་ནང་པའི་སྒོམ་གྱི་ཐ་སྙད་རང་ལ་གཞི་བཞག་པའི་ཐོག་ནས།  མི་རྣམས་ལ་དེ་དག་སྒོམ་དུ་བཅུགས་ཏེ་འབྲས་བུ་ག་རེ་ཐོན་གྱིན་ཡོད་མེད་ཐད་ཉམས་ཞིབ་ཀྱི་ཚད་སྔར་ལས་ཡར་རྒྱས་སུ་གཏོང་བཞིན་འདུག  དེ་དག་ལ་བལྟས་ཡོང་ན་ཚན་རིག་པས་ནང་ཆོས་ཀྱི་གཞུང་དུ་ཁོ་ཚོར་ལེགས་ཆ་ཞིག་ལེན་རྒྱུ་འདུག་བསམ་ནས་གོམ་པ་གསར་བ་སྤོ་བཞིན་པ་ཞིག་ལ་མཐོང་སོང ” ཞེས་བརྗོད་སོང་།


དགེ་བཤེས་བསོད་མགོན་པོ་ལགས་ནི་ཕྱི་ལོ་
༢༠༠༩ ལོར་སེ་ར་བྱེས་ནས་ལྷ་རམས་ཐོན་ཡོད་པ་དང་། དེ་སྔོན་ཚན་རིག་ཟབ་སྦྱོང་འཛིན་གྲྭར་ཐེངས་གཅིག་ཞུགས་མྱོང་འདུག  ཚན་རིག་ཟབ་སྦྱོང་སྐབས་ཕན་ཚུན་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ཡོད་མེད་དྲིས་པར། ཁོང་གིས་ “ ང་ཚོས་ཚན་རིག་སྦྱོང་བའི་སྐབས་ལ་དཀའ་ངལ་ཆེ་ཤོས།  དང་པོ་སྐད་ཡིག་གི་དཀའ་ངལ་རེད། ང་ཚོའི་སྐད་ཡིག་ཐོག་ཚན་རིག་གི་སྐོར་ཞེ་དྲག་ཡོད་པ་མ་རེད། གཉིས་པ་ཨང་རྩིས་ཀྱི་དཀའ་ངལ་རེད། དེ་གཉིས་མ་གཏོགས་གཞན་པའི་ཐོག་ནས་དཀའ་ངལ་འཕྲད་ཀྱི་མི་འདུག སྤྱིར་ཚན་རིག་ལ་སྡེ་ཚན་མང་པོ་དབྱེ་རྒྱུ་ཡོད་པ་རེད་དེ།  མིག་གིས་མཐོང་རྒྱུ་ཡོད་པ་རྐྱང་རྐྱང་འགྲེལ་བཤད་རྒྱག་གི་ཡོད་སྟབས་གོ་བ་ལོན་རྒྱུ་ཅུང་ཙམ་ལས་སླ་བོ་འདུག  ཡིན་ནའང་།  མིག་ལ་སྟོན་རྒྱུ་ཡོད་པ་དེའི་མཐའ་མའི་དཔང་རྟགས་ལྟ་བུ་དེ་ཨང་རྩིས་ཀྱི་སྒང་ནས་མར་སྒྲུབ་ཡོང་དགོས་ཀྱི་ཡོད་སྟབས། ཨང་རྩིས་ཀྱི་རྨང་གཞི་ཡག་པོ་ཞིག་མེད་པ་ཡིན་ན་རྩ་བའི་སྒྲོམ་གཞི་ཙམ་ཤེས་ནའང་། ཚན་རིག་པ་ཁོང་ཚོས་རྩད་ཞིབ་བྱས་པ་ནང་བཞིན་རྒྱུ་མཚན་དེ་བཙལ་ནས་འགྲོ་ཐུབ་རྒྱུ་དཀའ་ལས་ཁག་པོ་རེད། དེ་མིན་གཞན་ཕན་ཚུན་བགྲོ་གླེང་སོགས་གནང་ཡོང་དུས་སྔར་དང་མ་འདྲ་བར་སེམས་པ་གུ་དོག་པོ་མེད་པར་རྒྱ་ཆེ་རུ་འགྲོ་བཞིན་འདུག ཐེངས་འདིར་ཚན་རིག་ཟབ་སྦྱོང་ལ་ཞུགས་པའི་གྲུབ་འབྲས་གཅིག་དེ་རེད། ཆོས་ལུགས་པ་དང་ཚན་རིག་པའི་བར་འཐབ་རྩོད་བྱས་བསྡད་ན་འགྲིག་གི་མ་རེད། ཕན་ཚུན་འཆམ་མཐུན་བརྗེ་རེས་ཀྱི་ཐོག་ནས། འཛམ་བུ་གླིང་གི་མི་རབས་རྗེས་མ་རྣམས་ཞི་བདེ་མཉམ་གནས་ཀྱི་ཁ་ཕྱོགས་གཞན་ཞིག་ལ་འཁྲིད་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད། ”  ཅེས་བརྗོད་སོང་།


རྣམ་གྲྭ་མཁན་སྤྲུལ་ལགས་ནི་དགའ་ལྡན་བྱང་རྩེ་དགོན་ནས་ལྷ་རམས་དགེ་བཤེས་ཐོན་པ་དང་། ད་ཐེངས་ཚན་རིག་ཟབ་སྦྱོང་འཛིན་གྲྭར་གསར་དུ་ཞུགས་མཁན་ཞིག་ཡིན་འདུག  ཐོག་དང་པོར་ཚན་རིག་ཟབ་སྦྱོང་ལ་ཞུགས་ཏེ་རང་ཉིད་དམིགས་བསལ་གྱི་ཤེས་བྱ་ག་འདྲ་ཞིག་རག་ཡོད་མེད་དྲིས་པར།  ཁོང་གིས་ “ སོ་སོར་འདུན་པ་ཤུགས་ཆེན་པོ་ཞིག་ཡོད་པའི་ཐོག་ནས་ཚན་རིག་ཟབ་སྦྱོང་དུ་ཞུགས་པ་དེ་འདྲ་མིན། དཔེ་མཛོད་ཁང་གི་གོ་སྒྲིག་འོག་ད་ཐེངས་ཀྱི་ཟབ་སྦྱོང་འདིར་དམིགས་བསལ་གྱིས་དགེ་བཤེས་དང་། ནང་ཆོས་ཀྱི་བསླབ་པ་མཐར་སོན་མཁན་ལོ་གཞོན་པའི་གྲས་ནས་ཚན་རིག་ལ་སྦྱོང་བ་གནང་མཁན་དེ་འདྲ་དགོས་པའི་བཀའ་ཕེབས་པ་ལ་བརྟེན་ནས། གྲྭ་ཚང་གི་ངོས་ནས་དགེ་བཤེས་ལོ་གཞོན་པའི་གྲས་ནས་བདམས་ཏེ་འདིར་བཏང་བ་རེད།  སྤྱིར་བཏང་ཚན་རིག་གིས་འགྲེལ་བཤད་རྒྱག་སྟངས་ཡག་པོ་འདུག
  རྡུལ་ཕྲན་གྱི་སྐོར་ལ་འགྲེལ་བཤད་རྒྱག་སྟངས་ཞིབ་ཚགས་པོ་འདུག  བདུན་ཕྲག་དང་པོའི་ནང་ལ་ཀླད་པའི་ཚན་རིག་གི་སྐོར་རེད། དབང་རྩའི་སྐོར་ལ་རྫས་ཀྱི་སྒོ་ནས་འགྲེལ་བཤད་རྒྱག་སྟངས་ཧ་ཅང་ཞིབ་ཚགས་པོ་འདུག  ཡིན་ནའང་།  ཧང་སངས་དགོས་པའི་ཚོར་བ་དམིགས་བསལ་ཞིག་སླེབས་མ་སོང་། ཁོ་ཚོས་འགྲེལ་བཤད་རྒྱག་སྟངས་དེ་ནང་སེམས་དང་མ་འབྲེལ་བའི་ཐོག་ནས། ཕྱིའི་རྡུལ་ཕྲན་གྱི་འགྱུར་བའི་སྒང་ནས་འགྲེལ་བཤད་རྒྱག་སྟངས་ཤིག་རེད། ང་རང་ཚོས་དང་ཐོག་ལྟ་གྲུབ་སྦྱངས་དུས་ནས་བསམ་པའི་འཆར་སྣང་དེ་གཙོ་བོ་སེམས་ལྟ་བུ་ཞིག་ལ་རྒྱབ་བརྟེན་ཡོད་པ་གཞིར་བཞག་འགྲོ་བཞིན་ཡོད་སྟབས།  གཅིག་ནས་སོ་སོར་གོམས་པའི་དབང་གིས་ཡིན་རྒྱུ་རེད། སྤྱིར་བཏང་མིང་གི་རྣམ་གྲངས་དང་ཐད་སྙད་སོགས་ཀྱི་ཐད་ནས་སོ་སོར་གང་འཚམ་ཕན་ཐོག་བྱུང་སོང་། ” ཅེས་བརྗོད་སོང་།  

གསར་འགོད་པ། ཚེ་རིང་རྒྱལ།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།

མཆན། 9

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཚན་རིག་པར་མིག་ཡ་གཅིག་ལས་མེད་པས་ཡིད་བཞིན་ནོར་བུས་མིག་ཡ་གཅིག་གནང་བ་རེད། ཡིན་ན་ཡང་ང་རང་ཚོས་མིག་ཤེལ་ཞིག་གོན་པ་ཙམ་ལས་ཅི་ཡང་མིན།

    Reply
  2. ཟླ་བ་དབང་ཕྱུག says:
    ལོ་ 13 སྔོན།

    རྟེན་འབྱུང་ནི་ནང་པའི་སྙིང་པོ་རེད། བླ་ན་མེད་པ་རེད། ཡིན་ཡང་རྟེན་འབྱུང་ལག་ཆ་བྱེད་པའི་བླུན་པོ་ཚོས་རྟེན་འབྱུང་ལས་ལྟོས་གྲུབ་ཀྱི་གནས་ལུགས་མ་རྙེད་པར། རྟེན་འབྱུང་གླེང་བཞིན་སྟས་ངན་གྱི་ལམ་དུ་ཁ་ཕྱོགས་པ་རེད། ལམ་ནོར་འདིའི་དབང་གིས་ནང་པ་ཚང་འཛམ་གླིང་ཆོས་ལུགས་ཁྲོད་ཀྱི་གྲངས་ཉུང་མི་རིགས་ཆགས་པ་རེད། རྟེན་འབྱུང་གླེང་མཁན་ཚོ་དེ་རིང་ཁ་རྩང་གི་དྲ་ལམ་གྱི་བརྗོད་དོན་ཆགས་པ་རེད།
    འདི་ཚང་མ་རྟེན་འབྱུང་དང་བསླབ་པ་མཐར་ཕྱིན་རེད་ཟེར་མཁན་ཚོས་བྱས་པའི་མཇུག་འབྲས་རེད།
    མཇུག་འབྲས་འདིའི་འཇིག་ཉེན་མ་བཟོད་པར་༸གོང་ས་མཆོག་གིས་དངོས་ལུགས་ལས་ཁས་མི་ལེན་པའི་ཚན་རིག་པ་ཚོར་ཐབས་མཁས་ཀྱི་ལམ་སྟོན་བྱེད་དགོས་བྱུང་བ་རེད། རེ་བ་ཞིག་བྱེད་དགོས་བྱུང་བ་རེད། རྟེན་འབྱུང་གི་མིང་འཛིན་པ་ཚོར་གནས་ལུགས་བཤད་ན་ཁོང་ཁྲོ་བ་རེད། ཁོང་ཚོའི་ཁོང་ཁྲོ་ནི་ཐར་ལམ་ནས་རྙེད་པའི་ང་རྒྱལ་གྱི་བྲག་རི་རེད།
    འདི་ལྟ་བུའི་རྟེན་འབྱུང་བ་ཚོ་སྟོན་པའི་བསྟན་པ་ལ་རྨ་འབྱིན་མཁན་རེད།

    Reply
  3. རྟེན་འབྱུང་། says:
    ལོ་ 13 སྔོན།

    ཟླ་བ་དབང་ཕྱུག་མིང་ཅན་གྱིས་བསླབ་པ་མཐར་སོན་ཟེར་བ་འགྲིག་མིན་གྱི་སྐད་ངན་ཤོར་འདུག་ཀྱང་དོན་ངོ་མ་ཁྱེད་རང་དོང་ཆུ་ནང་གི་སྤལ་བ་ཡིན་པའི་རང་རྟགས་བསྟན་པ་ཙམ་རེད། བྱ་དངོས་ག་རེ་ཡིན་ན་ཡང་ལྟོས་ས་ལྟོས་འཇོག་གིས་བཞག་དགོས་པ་མི་ཤེས་སམ།
    ནང་པའི་ཆོས་པ་ཚོས་ཚན་རིག་ཟབ་སྦྱོང་གནང་བཞིན་པ་འཕྲལ་ཕུགས་རྒྱངས་གསུམ་ཚང་མར་དགེ་མཚན་ཧ་ཅང་ཆེན་པོ་འདུག་བསམ། མ་འོངས་པར་དཔེ་ང་ཚོ་ལ་ལྟོས་ནས་ཁ་ཆེ་དང་ཡེ་ཤུ་ཧིན་དི་སོགས་ཀྱི་ཆོས་པ་ཡང་ཚན་རིག་ཟབ་སྦྱོང་གནང་རྒྱུའི་རེ་བ་བརྒྱག་ཆོག།་
    ནང་པའི་ལྟ་བ་ནི་རྟེན་འབྱུང་ངམ་རང་བཞིན་གྱིས་མ་གྲུབ་པ་རེད། དེའི་དོན་ནི་བཏགས་དོན་བཙལ་ནས་རྙེད་ཡ་མེད་པར་བདག་གཞི་ཞིག་ལ་ལྟོས་ནས་བཞག་པ་མ་གཏོགས་ཐབས་གཞན་མེད་པ་རེད། དེ་བཞིན་དུ་ཚན་རིག་གི་ལྟ་བ་ཡང་གྲུབ་དོན་ཞིག་གནས་སྐབས་རིང་འདི་རེད་ཟེར་ནས་ཐག་གཅོད་ཡ་ལས་མཐའ་ཅིག་ཏུ་འདི་རེད་ཟེར་ནས་ཐག་གཅོད་ཡ་མེད་པ་ཞིག་ལ་ཚན་རིག་གི་ལྟ་བ་ཞེས་འཇོག་ན་འགྲིག། དེ་ཡིན་ན་མ་འོངས་པ་ད་དུང་ཞིབ་ཚགས་རུ་གཏོང་ཡོང་སྐབས་ལྟ་བ་གཉིས་བབས་ས་གཅིག་ཏུ་ངེས་པ་མཐོང་ཐུབ་བོ།

    Reply
  4. ཟླ་བ་དབང་ཕྱུག says:
    ལོ་ 13 སྔོན།

    ༸གོང་ས་མཆོག་གིས་ཚན་རིག་སློབ་ཁྲིད་དང་། ཚན་རིག་བགྲོ་གླེང་། དེང་དུས་རིག་གནས་སོགས་གལ་ཆེ་དགོངས་པ་རྒྱ་ཆེ་ལ་གཏིང་ཧ་ཅང་ཟབ། ལག་ལེན་བྱེད་མཁན་དང་། གདན་ས་ཁག་གི་ངོས་ནས་ཀྱང་བཀའ་མ་ལྕོག་པ་ཙམ་ལས་དོན་དངོས་ཀྱིས་བདག་སྐྱོང་ཚད་ལྡན་གང་ཡང་བྱས་མེད།
    ཚན་རིག་ཟབ་སྦྱོང་གི་ལག་འཁྱེར་བླངས་མཁན་མང་པོ་ཞིག་གིས་ནང་པའི་ལྟ་གྲུབ་དང་། ཚན་རིག་གི་ལྟ་གྲུབ་སོགས་གང་ལའང་འགྲེལ་བཤད་གསལ་པོ་ཞིག་བསྐྱོན་ཐུབ་ཀྱིན་མེད་པ་གསལ་པོ་ཡིན།
    ཡིན་ནའང་། ༸གོང་ས་མཆོག་གི་བཀའ་འབྲེལ་བཞིན་དཔེ་མཛོད་ཁང་གི་ངོས་ནས་བདག་སྐྱོང་དང་རྒྱུན་འཁྱོངས་གནང་བ་བཀའ་དྲིན་ཆེན་པོ་རེད། ཡིན་ནའང་། བོད་ཀྱི་ཚན་རིག་སྦྱོང་མཁན་ཚོ་ལ་ཞན་ཆ་ཞིག་ཡོད། ནང་དོན་རིག་པའི་གནས་ལ་ཐོས་པ་ཙམ་ཐོབ་ཡོད་ཀྱང་། བསམ་པ་དང་བསྒོམ་པའི་ཕྱོགས་ནས་ཧ་ཅང་ཕོངས་ཡོད། དེ་བཞིན་ཚན་རིག་གི་ལྟ་གྲུབ་ཙམ་ལ་སྦྱངས་ཡོད་ཀྱང་ལག་ལེན་གྱི་ཆ་ནས་ཧ་ཅང་ཕོངས་བཞིན་འདུག
    དོན་དངོས་ཀྱི་ཕོངས་པའི་ཆ་ནས་འུ་ཚང་འཛམ་གླིང་གི་རྗེས་སུ་ལྷག་པ་རེད། གོང་དུ་བསླབ་པ་མཐར་སོན་པ་ཞེས་བྲིས་འདུག་མོད། བོད་ཀྱི་ཐ་སྙད་ཆེན་པོ་དེ་ཚོ་བེད་སྤྱོད་གཏོང་སྟངས་མ་ཤེས་པར་ར་མགོ་ལུག་ལ་སྦྱར་བ་ཆགས་ཀྱིན་འདུག བསླབ་པ་ལ་གསུམ་ཡོད་པ་རེད། དེ་གསུམ་ཆ་མཐར་ཕྱིན་པའི་འབྲས་རྟགས་ག་རེ་ཡོད་པ་རེད། བླུན་པོས་བསྟོད་པ་ལས། མཁས་པས་སྨད་ན་བཟང་ཟེར་སྲོདལ་བཞིན་ངོ་མ་ཡ་མཚར་འདྲ་ཡོང་བཞིན་འདུག

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་པས་ཚན་རིག་སྦྱོང་དོན་ནི་དངུལ་དང་མིང་གི་ཆེད་དུ་མིན་པར་ཁོར་སྲུང་སྐྱོབ་དང་འཛམ་གླིང་བདེ་ཆེད་དུ་དམིགས་འབེན་བཙུག་དགོས་འདུག དཔེར་ན་༸གོང་ས་མཆོག་བཞིན་ནོ། །དགེའོ། དགེའོ། །

    Reply
  6. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    ཧ་ཧ་་ངས་བུད་མེད་ལ་བོད་ཀྱི་རིག་གནས་མི་མཛའ་ཞེས་པ་འདི་རེད། གོང་གི་ཨ་ནི་དེ་ཚན་རིག་ཟབ་སྦྱོང་སྔ་མ་ཁ་ཤས་ལ་ཞུགས་ཡོད་ཚོད་རེད་དེ། ཅི་ཡང་གོ་བརྡ་འཕྲོད་ཀྱི་མེད་པ་དྲིས་ལན་ནང་ན་གསལ་བོ་གསལ་རྐྱང་བྱས་ནས་ཤར་འདུག
    དེ་ལས་དགེ་བཤེས་གསུམ་ནི་ཚན་རིག་ཟབ་སྦྱོང་ལ་ཞུགས་པ་ཐོག་མ་དང་ཐེངས་གཅིག་གཉིས་རེ་ལས་ཞུགས་མེད་ཚོད་རེད་དེ། རྩ་བ་སྔོག་ནས་རྐེད་པའི་བཟུང་ནས་ལན་བརྒྱབ་ཡོད་ཀི། གཞུང་ལུགས་ལ་སྦྱངས་མ་སྦྱངས་ཀྱི་ཁྱད་པར་འདི་རེད་ལ། སྐྱེས་ཐོབ་ཀྱི་ཤེས་རབ་ཀྱི་ཁྱད་པར་ཡང་འདི་རེད།
    བོད་ཀྱི་རིག་གནས་ཞེས་པ་འདི་ལ་ཟབ་མོའི་ཤེས་རབ་མེད་པར་བུད་མེད་ཀྱི་གསལ་བའི་ཤེས་རབ་དང་མྱུར་བའི་ཤེས་རབ་དེས་ས་རྒྱ་མི་ཆོད་ཡ།

    Reply
  7. བརྩོན་རྒྱམ། says:
    ལོ་ 13 སྔོན།

    དུས་རབས་ཀྱི་འགྱུར་བ་དང་མཐུན་པའི་ཚན་རྩལ་འདི་སྤྱང་འབྲས་ཡག་པོ་ཞིག་ཡོང་བའི་སྨོན་འདུག་ཡོད།  མ་ཟད་༧གོང་ས་མཆོག་གི་ཐུགས་དགོངས་རེད།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཚོས་་་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་མ་བསྒྲགས་པར། གསར་པ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་མ་བསམ་པར་དངོས་ཡོད་འཛིན་གྲྭ་ཞིག་འགྲོ་གི་ཡོད་པ་ནི་དགའ་དགོས་པའི་གནད་དོན་གཅིག་ཡིན་པར་འདྲ།

    ཡིན་ནའང་ང་ལ་བསམ་ཚུལ་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད་་་་་བོད་ཁ་བ་རི་པ་ལ་ཧ་ཅང་དགོས་མཁོ་ཡོད་པ་ནི་ཚན་རིག་རེད། ཆོས་ལུགས་ཀྱི་ཐོག་ནས་འཛམ་གླིང་སུ་ལའང་ཧཧཧཧ་་ཁས་ལེན་གྱི་མེད། ཚན་རིག་མཁོ་བ་དེ་ཡང་ལག་ལེན་ཐོག་ཏུ་ཡོད་པའི་ཚན་རིག་དགོས་མཁོ་ཆེན་པོ་འདུག མ་གཏོགས་སྟོང་བསམ་གྱི་ཚན་རིག་པ་ཞིག་དེ་ཙམ་གལ་ཆེན་པོ་ཡིན་པ་གསལ་པོ་ཞིག་ཤེས་ཀྱི་མེད།

    ངས་ཁྱེད་རྣམས་པའི་འདྲ་དཔར་མཐོང་དུས་སུ་གྲྭ་བ་འདི་ཚོ་ལག་པས་གེ་རེ་བྱེད་ཀྱི་རེད་དམ་ཞེས་དྲི་བ་ཞིག་ཁ་ནང་དུ་འཁོར་ཡོང་གི་འདུག ཚན་རིག་གི་ཐོག་ནས་དགོས་མཁོ་གང་དང་གང་སྒྲུབ་ནུས་ས་རེད། ལག་ལེན་ཐོག་ཏུ་སྣ་གཅིག་ཡོང་རྒྱུ་མེད་པར་སྟོང་བསམ་གྱི་ཚན་རིག་པ་ཞིག་ཆགས་པ་ཡིན་ན་ཡག་པོ་མི་འདུག་སྙམ་མོ།།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ད་མགོ་རིལ་དེ་ཚོ་ལ་གང་བསླབས་ཀྱང་རྡོ་ཐོག་ལ་ཆུ་རླུགས་པ་བཞིན་ལོ་ངོ་ཉིས་སྟོང་ལྷག་ནང་ཆོས་ཀྱིས་རློན་མ་ཐུབ་པས་ད་ཚད་རིག་གིས་གང་ཡང་བྱ་རྒྱུ་ཡོད་པ་མ་རེད།
    འདི་ཚོ་བྱིན་པའི་རྩེད་མོ་འདྲ་བོ་ཞིག་རེད་་་་སྤྱི་སྟངས་རྡ་སའི་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་འདི་འདྲ་རང་རེད།
    ཧེ་ཧེ་ཧེ་་་ད་མི་བཤད་མ་གཏོགས་་་་ཡང་རྒྱ་མི་ཉུལ་རེད་ཟེར་ནས་མགོ་ལ་རྡོ་རེག་ཡོང་་་་་་ངོ་མ་བལྟས་ན་དེ་འདྲ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese