བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་ལྷོ་ཨ་ཧྥི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གིས་ད་ཆར་བཀའ་དྲུང་གསར་པ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་བཀའ་དྲུང་གི་ལས་དོན་རྩིས་སྤྲོད་རྩིས་ལེན་གནང་གི་ཡོད་པ་ལྟར། གསར་འགོད་པས་འདས་པའི་བཀའ་དྲུང་གི་ལས་དོན་དང་ལྷོ་ཨ་ཧྥི་རི་ཀར་གནས་སྤོར་བཅས་ཀྱི་ཐད་ཁོང་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཐོག་མར་བཀའ་དྲུང་མཆོག་གིས་རང་ཉིད་ཀྱིས་བཙན་བྱོལ་སྒྲིག་འཛུགས་ནང་ཞབས་ཞུ་སྒྲུབ་པའི་ལོ་རྒྱུས་མདོར་བསྡུས་ཤིག་གསུང་རོགས།
ལན། ང་རང་ཕྱི་ལོ་ ༡༩༧༥ མཇུག་ལ་དར་རྒྱས་གླིང་མཐོ་རིམ་སློབ་གྲྭ་ནས་ཐོན་རྗེས། སྐབས་དེའི་དཔལ་འབྱོར་བཀའ་བློན་ཚེ་དབང་རྟ་མགྲིན་ལགས་ཀྱིས་ཕྱག་ཡིག་ཅིག་ཕེབས་པ་ལྟར། ཕྱི་ལོ་ ༡༩༧༦ དཔལ་འབྱོར་ལུས་ཁུངས་ནང་ལས་ཀ་བྱས་པ་ཡིན། སྐབས་དེར་རྒན་དྲུང་གི་གོ་གནས་རེད། ཕྱི་ལོ་ ༡༩༧༨ ལོར་མེ་སོར་ལུགས་བསམ་གཞིས་ཆགས་ཀྱི་དབྱིན་དྲུང་ལ་བཏང་པ་ལྟར་དེ་གར་ལོ་ ༣ རིང་དབྱིན་དྲུང་གི་ཞབས་ཞུ་བསྒྲུབས་པ་ཡིན། ཕྱི་ལོ་ ༡༩༨༡ ནས་ ༡༩༨༥ བར་ལ་དྭགས་བྱང་ཐང་གི་གཞིས་མགོ་དང་། དེའི་རྗེས་ལོ་ ༡ རིང་ལ་དྭགས་ལྷོ་གཞིས་སུ་བསྡད་པ་ཡིན། ༡༩༨༦ ལོའི་ཕྱི་ཟླ་ ༡༠ ནས་བཟུང་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེའི་ལས་འགན་བསྒྲུབས་པ་དང་། ༡༩༩༡ ལོ་མཇུག་ནས་ལྡི་ལི་དོན་གཅོད་ལ་བསྐོ་བཞག་གིས་ལོ་ ༣ ལྷག་ལས་འགན་ཁུར་པ་ཡིན། ༡༩༩༤ ལོར་བཀའ་དྲུང་ཡིག་ཚང་དུ་བཀའ་དྲུང་དང་ཆབ་སྲིད་དྲུང་ཆེ་ཡི་ལས་འགན་གནང་བ་རེད། ༡༩༩༧ ལོར་དབྱིན་ལན་དུ་བྱང་ཡུ་རོབ་དོན་གཅོད་ཀྱི་ལས་ཁུར་དང་། དེ་རྗེས་བྷེལ་ཇམ་གྱི་རྒྱལ་ས་བྷར་སིལ་གྱི་ཡུ་རོབ་དོན་གཅོད་ཁང་དུ་ལོ་ ༣ ལྷག་རིང་ལས་ཁུངས་དེའི་འགན་ཆ་ཚང་ཁུར་པ་ཡིན། འོན་ཀྱང་། སྐབས་དེར་གནས་ཚུལ་རེ་འགའི་རྐྱེན་པས་ང་སྐུ་ཚབ་དོན་གཅོད་ཀྱི་མིང་ཐོག་ལ་ཕྱིན་ཡོད་པ་མ་རེད། དེ་རྗེས་ ༢༠༠༥ ལོའི་ཕྱི་ཟླ་ ༩ པའི་ནང་བཀའ་དྲུང་གི་ལས་འགན་རྩིས་ལེན་གནང་སྟེ། ད་བར་བཀའ་དྲུང་གི་ལས་གནས་ཐོག་བསྡད་དེ་སྔ་ཕྱིར་བཀའ་ཤག་རིམ་པ་བཞི་ཕྱིན་ཡོད་པ་རེད། ད་ལྟ་བཀའ་ཤག་གསར་པས་ལྷོ་ཨ་ཧྥུ་རི་ཀའི་སྐུ་ཚབ་དོན་གཅོད་ཏུ་བསྐོ་བཞག་གནང་བ་རེད།
དྲི་བ། བཀའ་ཤག་གསར་རྙིང་འཕོ་འགྱུར་སྐབས་སྒྲིག་འཛུགས་ནང་ཁུལ་གྱི་ལས་དོན་བྱེད་ཕྱོགས་ཐད་འགྱུར་བ་གང་དག་ཕྱིན་ཡོད་དམ།
ལན། འགྱུར་བ་ཆེ་ཤོས་གཅིག་དེ། ༸གོང་ས་མཆོག་གིས་སྲིད་ཕྱོགས་ཀྱི་དབུ་ཁྲིད་གནང་གི་མེད་པར། སྲིད་ཕྱོགས་ཀྱི་དབུ་ཁྲིད་དེ་བཀའ་བློན་ཁྲི་པ་ཆགས་བསྡད་ཡོད་པ་རེད། དེ་གཅིག་རེད། གཞན། ད་ལྟ་བཀའ་ཤག་གསར་བ་ཕེབས་ཏེ་ཟླ་འགའ་ཤས་ལས་ཕྱིན་ཡོད་པ་མ་རེད། བཀའ་ཤག་སྔ་མའི་སྐབས་གཏན་འབེབས་བྱས་པ་དང་། གྲོས་ཚོགས་ནང་གཏན་འབེབས་བྱས་པ་གང་ཡོད་པ་དེ་ག་རང་གི་ཐོག་ལ་འགྲོ་བསྡད་ཡོད་པ་རེད། འགྱུར་བ་ཕྱིན་ཡོད་པ་མ་རེད། ཡིན་ནའང་། དེ་དག་ལ་བཀའ་ཤག་གསར་པའི་འགྱུར་བ་གཏོང་ཆོག་གི་རེད། གྲོས་ཚོགས་ལ་འགྲོ་མི་དགོས་པའི་རིགས་ཁག་ཅིག་ལ་བཀའ་ཤག་ལྷན་རྒྱས་ནས་འགྱུར་བ་བཏང་ཆོག་གི་རེད། རིགས་ཁག་ཅིག་བཀའ་ཤག་གི་སྐུ་དབང་རེད། ཡིན་ནའང་། གསར་བ་ཞིག་གཏན་འབེབས་མ་བྱས་པའི་བར་དུ་རྙིང་པ་གང་ཡོད་པ་དེའི་ཐོག་འགྲོ་དགོས་པ་རེད། ད་ལྟ་དེ་ལྟར་འགྲོ་བསྡད་ཡོད་པ་རེད། འོན་ཀྱང་ལས་དོན་རིགས་ཁ་ཤས་ཐོག་ད་ལྟ་དགོངས་པ་བཞེས་མུས་རེད། དེ་དག་གཏན་འབེབས་མ་ཐོན་པའི་སྔོན་ལ་ཚོད་དཔག་བྱས་ལབ་བསྡད་ན་ཡག་པོ་ཡོད་པ་མ་རེད། ཏན་ཏན་ལས་དོན་རིགས་ཁ་ཤས་ལ་འགྱུར་བ་འགྲོ་རྒྱུ་རེད་བསམ་གྱི་འདུག འོན་ཀྱང་སྡེབ་གཅིག་ལ་མང་པོར་འགྱུར་བ་འགྲོ་བའི་གནས་བབས་དེ་འདྲ་ཡོང་གི་མ་རེད།
དྲི་བ། བཀའ་ཤག་གསར་པས་སྲི་ཞུ་ལས་བྱེད་ཚོས་སོ་སོས་ལས་གནས་གང་བདམས་པ་ལྟར། ལས་བྱེད་འདེམ་སྒྲིག་བྱ་རྒྱུའི་དགོངས་གཞི་ཞིག་ཡོད་པ་དེ་ད་ལྟའི་ཆར་གནས་སྟངས་ག་འདྲ་ཆགས་ཡོད་དམ།
ལན། དེ་ཚོའི་སྐོར་ལ་བཀའ་སྡུར་འགྲོ་མུས་རེད། ལས་བྱེད་བྱེ་བྲག་གཅིག་གི་ཤེས་ཡོན་རྒྱབ་ལྗོངས་གནས་བབ་དང་ལོ་ཡུན། ས་གནས་གང་ནས་ཡོང་མིན་སོགས་ལ་གཟིགས་ཏེ། སྲི་ཞུ་ལས་བྱེད་པ་རྣམས་ལ་གདམ་ཀ་མང་པོ་ཞིག་ཕུལ་ཡོད། ཡིན་ནའང་། གདམ་ཀ་ཡོད་པ་མཐའ་དག་འཛིན་སྐྱོང་གཅིག་གིས་ངོས་བཞེས་གནང་ཐུབ་ཐབས་ཡོད་པ་མ་རེད། གང་ལྟར་ལས་བྱེད་པའི་བདེ་བ་སྡུག་བསྔལ་སེལ་ཐབས་ལ་རྩ་བའི་དགོངས་གཞི་ཤུགས་ཆེན་པོ་འདུག བཀའ་ཤག་གི་ཐུགས་གཏན་གཙང་མ་འཁེལ་ཏེ་མ་བསླེབ་བར་དུ། བཀའ་དྲུང་གིས་ཚང་མ་ཤེས་ཀྱི་ཡོད་ནའང་དེ་ལབ་ན་འགྲིག་གི་མ་རེད།
དྲི་བ། བཀའ་ཤག་གསར་པའི་འོག་སྲི་ཞུ་ལས་བྱེད་པ་རྣམས་ཀྱིས་ལས་དོན་སྒྲུབ་སྟངས་ཐད་བསམ་ཚུལ་ག་འདྲ་འདུག་གམ།
ལན། ད་ལྟའི་བཀའ་བློན་ཁྲི་པ་ནི་རྒྱ་ཆེའི་མང་ཚོགས་ཀྱི་བདམས་པའི་མང་བཀུར་གྱི་མི་ཞིག་ཆགས་བསྡད་ཡོད། ཁོང་གིས་བདམས་བདམས་དཀྲིག་དཀྲིག་གནང་བཞག་པ་དེ་བཀའ་ཤག་རེད། དེའི་འོག་ཞབས་ཞུ་སྒྲུབ་མཁན་དག་ནི་གཞུང་ཞབས་ལས་བྱེད་རྣམས་ཆགས་ཡོད། དེར་བརྟེན། བཀའ་བློན་ཁྲི་པ་གཙོས་པའི་བཀའ་ཤག་ལྷན་རྒྱས་ནི་བཙན་བྱོལ་སྒྲིག་འཛུགས་ཙམ་དུ་མ་ཟད། བོད་ཕྱི་ནང་གཉིས་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་སྒྲུབ་མཁན་ཆགས་བསྡད་ཡོད་ལ། དེ་ལ་འབབ་པའི་འགན་ཞིག་ཀྱང་འཁུར་དགོས་ཀྱི་ཡོད་པ་རེད། སྲིད་ཞུ་ལས་བྱེད་པའི་འགན་གཙོ་བོའང་མང་གཙོའི་བརྒྱུད་ལམ་ནས་བདམས་པའི་བཀའ་ཤག་གི་གཏན་འབེབས་སྲིད་བྱུས་གང་ཡོད་པ་རྣམས་ལག་བསྟར་དོན་འཁྱོལ་ཡོང་བར་འཕྱར་གྲུ་མཉམ་འདེགས་བྱ་དགོས་པ་དེ་རེད། ལས་བྱེད་རྒན་པ་དག་གིས་དགོངས་འཆར་དེ་འདྲ་འབུལ་ཆོག་གི་རེད་མ་གཏོགས། གཞི་རྩའི་བཀའ་ཤག་གི་མཛད་བྱུས་དག་གཏན་འབེབས་གནང་རྒྱུའི་སྐུ་དབང་དེ་བཀའ་ཤག་ལ་བརྒྱ་ཆ་བརྒྱ་ཡོད། མཛད་བྱུས་དེ་དག་དངོས་སུ་ལག་ལེན་དོན་འཁྱོལ་ཡོང་བར་སྲི་ཞུ་བ་རྣམས་མེད་ཐབས་མེད་པ་ཆགས་ཡོད་སྟབས། སྲི་ཞུ་ལས་བྱེད་རྣམས་འཛིན་སྐྱོང་ཞིག་གི་སྒལ་ཚིགས་ལྟ་བུ་རེད། བཀའ་ཤག་གི་གཏན་འབེབས་བྱས་པའི་སྲིད་བྱུས་དེ་དག་དངོས་སུ་ལག་ལེན་བསྟར་ཡོང་བར་འབད་བརྩོན་གནང་དགོས་པ་དེ་ང་ཚོའི་ལས་འགན་རེད། གལ་སྲིད་དེ་ལྟར་བྱེད་འདུན་མེད་པ་དང་། བཀའ་ཤག་སྐབས་བྱེ་བྲག་པ་ཞིག་གི་སྲིད་བྱུས་ལ་མོས་མཐུན་མེད་པ་ཡིན་ན། དེའི་ནང་བསྡད་ན་གང་ཟག་སོ་སོར་མཚོན་ནའང་དཀའ་ངལ་རེད། དེ་བས་སོ་སོའི་ངོས་ནས་དགོངས་པ་ཞུས་ན་ཡག་གི་རེད་ཅེས་ལབ་མྱོང་།
དྲི་བ། འདས་པའི་ལོ་ཕྱེད་ལྷག་རིང་བཀའ་ཤག་གསར་པའི་ལས་དོན་ཁྲོད་ཆེས་གཟེངས་སུ་ཐོན་པ་དེ་གང་ལ་ངོས་འཛིན་གནང་གི་ཡོད་དམ།
ལན། དེ་བཀའ་ཤག་ལ་སྐད་ཆ་འདྲི་དགོས་པ་རེད་མ་གཏོགས། ངས་ལན་རྒྱག་ཐུབ་པ་ཞིག་མ་རེད། ད་བར་དུ་ང་ལ་ཚོར་སྣང་ག་རེ་བྱུང་ཟེར་ན། བཀའ་ཤག་གསར་པའི་ངོས་ནས་སྲི་ཞུ་ལས་བྱེད་ཚོར་གཞི་རིམ་གྱི་ཆེ་མཐོང་སྤྲོད་བཞིན་པ་དེ་ཡག་པོ་རེད་བསམ་སོང་། མི་སུ་འདྲ་ཞིག་ཡིན་ནའང་ཆེ་མཐོང་དགོས་པ་རེད། ཆེ་མཐོང་སྤྲད་ན་སེམས་ཤུགས་སླེབས་ཡོང་གི་རེད། སེམས་ཤུགས་དང་ལྷན་དུ་གུས་བརྩི་ཡང་སླེབས་ཡོང་གི་རེད། གུས་བརྩི་སླེབས་པ་ཡིན་ན་ཕྱོགས་ཡོངས་ནས་ལས་དོན་མང་པོ་ཞིག་འགྲུབ་ཡོང་གི་རེད།
དྲི་བ། བཀའ་དྲུང་གི་འགན་དབང་རྩིས་སྤྲོད་རྩིས་ལེན་དང་ལྷོ་ཨ་ཧྥི་རི་ཀར་དོན་གཅོད་དུ་ཕེབས་རྒྱུའི་ཡིག་ཆ་སོགས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་དམ།
ལན། ཡིག་ཆ་དེ་ཚོ་ཕལ་ཆེར་མ་འགྲིག་པ་གང་ཡང་མི་འདུག ཡིན་ནའང་། དུས་ཚོད་ཀྱི་གནས་སྟངས་ཤིག་ཆགས་ཀྱི་རེད་བསམ་གྱི་འདུག ཨ་ཧྥི་རི་ཀའི་དོན་གཅོད་ཐད་ཨ་ཧྥི་རི་ཀའི་ནང་སྲིད་ལས་ཁུངས་ནས་ང་ཚོར་ཆགས་ཡང་གཏོང་དགོས་པ་ཁ་ཤས་བཏང་ཚར་བ་རེད། ལས་ཀ་བྱེད་ཆོག་པའི་ཆོག་མཆན་དང་ཐོངས་མཆན་དེ་དག་ཨ་ཧྥི་རི་ཀའི་གཞུང་ཚབ་ནས་གནང་རྒྱུ་རེད། དེའི་ཐད་ང་ཚོའི་ལྡི་ལི་དོན་གཅོད་ཁང་བརྒྱུད་དེ་ཕར་བཀའ་མོལ་གནང་ཚར་འདུག ཁོ་ཚོའི་ངོས་ནས་ཕྱི་ཟླ་ ༢ པའི་བདུན་ཕྲག་དང་པོ་གཉིས་པའི་ནང་ལ་གསལ་བཤད་གནང་གི་ཡིན་ཞེས་གསུངས་འདུག གསལ་བཤད་གནང་ཚར་ན་གཞན་དམིགས་བསལ་འགག་བྱ་གང་ཡང་ཡོང་གི་མ་རེད། ཡིག་ཆ་རྣམས་ཏག་ཏག་འགྲིག་པ་ཡིན་ན། ང་རང་གང་མགྱོགས་འཐོན་རྩིས་ཡོད། དེ་བཞིན། བཀའ་དྲུང་ཡིག་ཚང་གི་ལས་ཀ་ཡོང་རྫོགས། ད་ལྟའི་ཤེས་རིག་དྲུང་ཆེ་ཟུར་པའམ་བཀའ་དྲུང་གསར་པ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ལ་རྩིས་སྤྲོད་རྩིས་ལེན་ཡོངས་རྫོགས་གྲུབ་ཚར་བ་ཡིན།
དྲི་བ། ཐེངས་འདིར་བཀའ་དྲུང་མཆོག་ལྷོ་ཨ་ཧྥི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་པའི་ཐད་དགོངས་ཚུལ་ག་རེ་འདུག
ལན། ཁ་སྔོན་ང་ལ་བཀའ་དྲུང་ཡིག་ཚང་གིས་ཕེབས་སྐྱེལ་གྱི་གསོལ་སྟོན་ཞིག་གནང་སོང་། དེའི་སྐབས་ལའང་ཞུ་རྒྱུ་བྱུང་། བཀའ་ཤག་གསར་པའི་སྐབས་ཟླ་བ་དྲུག་ལ་མ་གཏོགས་ཞབས་ཞུ་ཞུས་ཡོད་པ་མ་རེད། ད་ལྟའི་བཀའ་ཤག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཞིག་ནི། ངས་རྒྱུན་རིང་པོ་ཞིག་ལ་བསམ་བློ་འཁོར་བསྡད་པ་དེ་བཀའ་ཤག་སྐབས་བཅུ་བཞི་པའི་ཕྱག་ལེན་འཁེལ་བ་གནང་སོང་། དེ་ལ་ང་རང་སྒེར་གྱི་ངོས་ནས་ཞེ་དྲག་དགའ་བོ་བྱུང་། འཛམ་གླིང་སྤྱིའི་འགྲོ་སྟངས་ལ་གཞིགས་ནའང་། བཀའ་དྲུང་ནི་བཀའ་ཤག་གི་དྲུང་ཡིག་ཆེན་མོ་ཡིན་སྟབས། གཞུང་ཞབས་བསླབ་པ་རྒན་ཤོས་ཤིག་གིས་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་། གནད་འགག་མང་པོ་ཞིག་ལ་བརྟེན་ནས་ལག་ལེན་འཁེལ་བ་ཞིག་བྱུང་མ་སོང་། ད་རེས་དེ་ལག་ལེན་འཁེལ་ཡོད་པ་རེད། ངས་བཀའ་དྲུང་རྩིས་འབུལ་ཞུ་ས་དེ་ང་ལས་བསླབ་པ་རྒན་པ་ཆགས་བསྡད་ཡོད་པ་རེད་ལ། ད་ལྟ་ང་ཚོའི་གངས་ཅན་སྐྱིད་གཤོངས་ཀྱི་དཀྱིལ་འཁོར་འདིའི་ནང་བསླབ་པ་རྒན་ཤོས་ཆགས་ཡོད། བསླབ་པ་རྒན་ཤོས་ཤིག་ལ་རྩིས་འབུལ་རྒྱུ་བྱུང་བ་དེ་ཡག་པོ་འདུག་བསམ་གྱི་ཡོད། བཀའ་དྲུང་ཆགས་ཚར་རྗེས་གཞན་པའི་དྲུང་ཆེ་དེ་འདྲར་ཕེབས་བསྡད་པ་ཡིན་ན། འཛམ་གླིང་རྒྱལ་ཁབ་གཞན་པའི་ནང་དུའང་གཏོང་སྲོལ་མེད་པ་ལྟར། ད་རེས་བཀའ་ཤག་གིས་ཀྱང་དེ་ལྟར་དགོངས་བཞེས་ཀྱིས་ཕྱག་ལེན་གནང་བར་བཀའ་ཤག་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། བཀའ་དྲུང་གསར་བ་ཕེབས་ཏེ་བཀའ་དྲུང་ཕྱག་ལས་གནང་སྟེ་ལོ་ཚད་ལོངས་ཡོང་དུས་ཀྱང་། གང་ཟག་བྱེ་བྲག་པ་དེ་ད་དུང་མུ་མཐུད་གཞུང་ལ་མཁོ་གལ་ཡོད་ཚེ། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འགྲོ་ས་མང་པོ་ཡོད་པ་ལྟར། སྐུ་ཚབ་དོན་གཅོད་ཁག་ལ་གཏོང་བ་སོགས་གནང་ན་ལན་པོ་ཡོད་པ་རེད་ཅེས་ངས་ཁ་སྔོན་ཞུ་རྒྱུ་བྱུང་།
དྲི་བ། ད་ལྟ་བཀའ་དྲུང་མཆོག་ལྷོ་ཨ་ཧྥི་རི་ཀའི་དོན་གཅོད་ལ་ཕེབས་དགོས་སྟབས། མ་འོངས་པའི་ལས་དོན་སྒྲུབ་ཕྱོགས་ཐད་སེམས་ཚོར་ག་རེ་འདུག
ལན། དེ་སྔ་ལྷོ་ཨ་ཧྥི་རི་ཀའི་ནང་ཁྱོན་ནས་འགྲོ་མྱོང་མེད། ད་ལྟ་ཨ་ཧྥི་རི་ཀའི་ནང་འགྲོ་རྒྱུ་བྱུང་བ་དེ་ནི་ངའི་མི་ཚེ་ནང་ཉམས་མྱོང་གསར་པ་ཞིག་ཡིན་བསམ་བསྡད་ཡོད། ཨ་ཧྥི་རི་ཀའི་གནས་སྟངས་དེ་འཛམ་གླིང་གླིང་ཕྲན་གཞན་དང་བསྡུར་ན་གླིང་ཕྲན་སྐྱོ་ཤོས་དང་དམ་དྲག་ཆེ་ཤོས་འདྲ་བོ་ཞིག་རེད། དེ་འདྲ་ཞིག་གི་ནང་ནུས་པ་ག་ཚོད་ཅིག་འཐོན་ཐུབ་མིན་ཞུ་ཐུབ་རྒྱུ་ཁག་པོ་རེད། ཁྱི་ལ་སེངྒེ་མིང་ཞིག་བཏགས་ཏེ་འགྲོ་བའི་སྐབས་ལ། སོ་སོའི་ངོས་ནས་ལྷག་བསམ་རྣམ་དང་གང་ཐུབ་ཞུ་རྒྱུ་ཡིན། སྤྱིར་འཛམ་བུ་གླིང་ནང་བོད་པའི་རྩ་དོན་གྱི་བརྒྱུད་ལམ་ཤུགས་ཆེ་ཤོས་ཤིག་ཆོས་དང་རིག་གཞུང་ཆགས་བསྡད་ཡོད། ༸གོང་ས་མཆོག་གི་བཀའ་སློབ་སྔ་རྗེས་ནང་ཆོས་དང་རིག་གཞུང་རྩ་ཆེན་པོ་ཡིན་པ་གསུངས་ཡོད་ལ། གཞུང་གི་ལམ་སྲོལ་ཡང་དེ་ག་རང་རེད། འགྲོ་བ་མི་སྤྱི་ལ་ཕན་བདེ་སྒྲུབ་ཐུབ་མཁན་གྱི་ཆོས་དང་རིག་གཞུང་དེ་འགྲོ་བ་མིའི་སྤྱི་ཚོགས་གང་ཡིན་ནའང་མཁོ་གལ་ཆེན་པོ་ཡོད་པ་རེད། དང་ཐོག་ལྷོ་ཨ་ཧྥི་རི་ཀའི་ནང་སྐུ་ཚབ་དོན་གཅོད་འཛུགས་སྐབས་དེར་ཆོས་དགེ་ཞིག་ཡོད་པ་རེད། ནང་ཆོས་ཀྱི་ལྟ་གྲུབ་ལ་དོན་གཉེར་ཅན་དག་ལ་ནང་ཆོས་ངོ་སྤྲོད་སོགས་ཆོས་ཕྱོགས་ཀྱི་འགན་ཆོས་དགེ་ཡིས་ཁུར་གྱི་ཡོད་པ་རེད། བར་སྐབས་ཤིག་ནས་གནས་ཚུལ་ཅི་ཞིག་གི་རྐྱེན་པས་ཡིན་མིན་མ་ཤེས་ཀྱང་། གང་ལྟར་ཏག་ཏག་ཅིག་མ་བྱུང་བར་ཆོས་དགེ་དེ་ཕེབས་ཐུབ་ཡོད་པ་མ་རེད། སྤྱིར་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་གནང་ཕྱོགས་ཐད། རིག་གཞུང་གི་འབྲེལ་ལམ་དང་དཔལ་འབྱོར་གྱི་འབྲེལ་ལམ་སོགས་མང་པོ་ཡོད་པ་རེད། དེང་སྐབས་འཛམ་གླིང་ཁྱོན་ཡོངས་ནང་དཔལ་འབྱོར་གྱི་འབྲེལ་ལམ་གཙོ་བོ་ཆགས་བསྡད་ཡོད། ང་ཚོར་དཔལ་འབྱོར་གང་ཡང་ཡོད་པ་མ་རེད། ང་ཚོར་ཡོད་པའི་མ་རྩ་ནི་ཆོས་དང་རིག་གཞུང་རེད། ལྷོ་ཨ་ཧྥི་རི་ཀའི་ནང་དུའང་ཆོས་དང་རིག་གཞུང་གི་བརྒྱུད་ལམ་དེ་འདྲ་ཞིག་ཡོང་ཐུབ་མིན་ཐད་རེ་བ་ཡོད་པ་རེད། ད་ལྟའི་ཆར་དེའི་ཐད་འཆར་སྒོར་གསར་པ་གང་ཡང་མེད། གཉིས་ནས། དོན་གཅོད་རྙིང་པས་ལས་འགན་རྩིས་སྤྲོད་རྩིས་ལེན་སྐབས་གནས་སྟངས་ཁག་གོ་བསྡུར་ཡོང་གི་རེད། དེ་བཞིན། དེ་སྔ་ཡུ་རོབ་དང་ལྡི་ལི་སོགས་སུ་སྐུ་ཚབ་དོན་གཅོད་ལ་བསྡད་པའི་ཉམས་མྱོང་ཐོག་བསམ་བློ་གསར་བ་འདྲ་གཏོང་རྒྱུ་མེད་འགྲོ་བསམ་གྱི་འདུག
དྲི་བ། ཨ་ཧྥི་རི་ཀའི་ནང་བོད་དོན་རྒྱབ་སྐྱོར་གྱི་གནས་སྟངས་ཚད་ག་འདྲ་ཞིག་ལ་སླེབས་ཡོད་དམ།
ལན། མ་གཞི་ལྷོ་ཨ་ཧྥི་རི་ཀ་ནང་༸གོང་ས་མཆོག་ལ་ཐུགས་འདྲིས་ཞེ་དྲག་ཡོད་པའི་ཌེ་སི་མན་ཊའུ་ཊའུ་དང་། ནན་སེ་མན་ཌེ་ལ་རྣམ་གཉིས་གཙོས་ང་ཚོའི་གྲོགས་པོ་མི་སྣ་རླབས་ཆེན་དེ་འདྲ་ཡོད་ཀྱང་། ལོ་སྔོན་མའི་ནང་༸གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀའི་ནང་ཆིབས་བསྒྱུར་གནང་རྒྱུར་དཀའ་ངལ་ཏོག་ཙམ་འཕྲད་པ་རེད། དེ་དག་ཏན་ཏན་རྒྱ་གཞུང་གིས་དཔལ་འབྱོར་གནོན་ཤུགས་ཡིན་རྒྱུ་རེད། སྤྱིར་ལྷོ་ཨ་ཧྥི་རི་ཀའི་ནང་བོད་དོན་ཐད་རྒྱལ་ཁབ་གཞན་དག་དང་མཉམ་པ་ཡོད་པ་རེད་ལབ་རྒྱུ་ཁག་པོ་རེད། ཡིན་ནའང་། བོད་པའི་ཐོག་རྒྱབ་སྐྱོར་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་པ་རེད། མ་གཞི་བོད་དོན་རྒྱལ་སྤྱིའི་སྡིངས་ཆའི་སྒང་སླེབས་པར་གཞི་རིམ་མང་ཚོགས་ཀྱི་རྒྱབ་སྐྱོར་གཙང་མ་དགོས་རྒྱུ་གལ་ཆེན་པོ་རེད། ཆབ་སྲིད་པ་དག་གིས་སྐབས་བབས་དང་སོ་སོར་ཆབ་སྲིད་རྐུབ་སྟེགས་འཐོབ་ཆེད་རྒྱབ་སྐྱོར་ལ་འགྱུར་བ་གཏོང་སྲིད་པ་རེད། གཞི་རྩའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་དག་ནི་གཞི་རིམ་མི་སྣ་ཆགས་ཡོད། གཞི་རིམ་མང་ཚོགས་ཀྱི་རྒྱབ་སྐྱོར་དེ་ཆབ་སྲིད་གནས་བབ་ལ་འགྱུར་བ་ག་འདྲ་ཕྱིན་ཡང་སྔར་བཞིན་སྡོད་ཀྱི་རེད། གཞི་རིམ་མང་ཚོགས་ཀྱི་རྒྱབ་སྐྱོར་དེ་ཞེ་དྲག་རྩ་ཆེན་པོ་རེད། མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཆབ་སྲིད་ལ་ཁ་ལོ་བསྒྱུར་ཐུབ་ཀྱི་རེད། ད་ལྟ་ལྷོ་ཨ་ཧྥི་རི་ཀའི་ནང་དཔལ་འབྱོར་གནས་བབ་ཐད་གཞན་གྱིས་གནོན་ཤུགས་སྤྲོད་པ་སོགས་ཀྱི་དཀའ་ངལ་ཏན་ཏན་ཡོད་པ་རེད། ཡིན་ནའང་། ད་ལྟ་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་པའི་གནས་སྟངས་ཐད། ཚོར་བ་ཤུགས་ཆེ་ཤོས་དེ་ལྷོ་ཨ་ཧྥི་རི་ཀའི་མི་རིགས་ལ་སླེབས་དགོས་པ་རེད་བསམ་གྱི་འདུག རྒྱུ་མཚན་ནི་ཁོང་ཚོ་མི་རིགས་དབྱེ་འབྱེད་སྲིད་ཇུས་ཀྱི་དཀའ་སྡུག་ཆེན་པོའི་འོག་ཐར་ཏེ་ལོ་བཅུ་གྲངས་ཤིག་ལས་ཕྱིན་ཡོད་པ་མ་རེད། གང་ལྟར། ལྷོ་ཨ་ཧྥི་རི་ཁའི་ནང་འགྲེལ་བཤད་མང་པོ་རྒྱག་མ་དགོས་པར་བོད་མིའི་དཀའ་སྡུག་ཚོར་ཐུབ་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད།
དྲི་བ། ད་ལྟའི་ཆར་ལྷོ་ཨ་ཧྥི་རི་ཀར་ནང་པའི་ཆོས་ཚོགས་ག་ཚོད་ཅིག་ཡོད་པ་དང་། མ་འོངས་པར་ཆོས་ཚོགས་གསར་འཛུགས་ཀྱི་དགོངས་འཆར་དེ་འདྲ་ཡོད་དམ།
ལན། ཨ་ཧྥི་རི་ཀའི་ནང་བོད་པའི་ཆོས་ཚོགས་ཡོད་པའི་སྐད་ཆ་ཁྱོན་ནས་གོ་མ་སོང་། ཨ་ཧྥི་རི་ཀའི་ལུང་པ་གཞན་དག་ནང་ཡོང་ཐབས་ཡོད་པ་མ་རེད། གལ་སྲིད་ཡོད་ན་ལྷོ་ཨ་ཧྥི་རི་ཀའི་ནང་ཡོད་དགོས་པ་རེད། ལྷོ་ཨ་ཧྥི་རི་ཀ་དེ་རྒྱ་གར་ལྟ་བུ་ཞིག་ཡོད་པ་རེད། ཡོད་མཁན་དེ་ཞེ་དྲག་སྤུས་དག་པོ་དང་། མེད་མཁན་དེ་སྐྱོ་བོ་ཡོད་པ་རེད། ལྷོ་ཨ་ཧྥི་རི་ཀ་ཨ་ཧྥི་རི་ཀའི་རྒྱལ་ཁབ་གཞན་དག་དང་བསྡུར་ན་ཁྲིམས་དང་སྒྲིག་གཞི་ཡག་ཤོས་དང་། སྤྱིར་བཏང་གི་དཔལ་འབྱོར་གནས་བབ་ཚད་མཐོ་བོར་བརྩི་བཞིན་ཡོད། ཆོས་ཚོགས་འཛུགས་ཐུབ་མིན་ལྟ་རྒྱུ་ཡོད་པ་རེད་བསམ་གྱི་འདུག ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཡོད་ན། ང་ཚོས་དེའི་ཐོག་ཏན་ཏན་ལངས་ཕྱོགས་ཤིག་འཛིན་དགོས་པ་རེད། ལྷག་པར་དུ། ཨ་ཧྥི་རི་ཀའི་མི་མང་ཚོ་སྲོལ་རྒྱུན་སྨན་བཅོས་ལ་དགའ་བོ་ཞེ་དྲག་ཡོད་པ་རེད་ཟེར། དེ་ཡིན་དུས་ང་ཚོའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་སྨན་རྩིས་ཐོག་འབྲེལ་ལམ་འཛུགས་རྒྱུར་ཐབས་ཤེས་འཐེན་རྒྱུའི་ལམ་ཁ་ཞིག་ཡོད་པ་རེད། ད་ལྟ་དེ་གར་ལས་བྱེད་གཉིས་མ་གཏོགས་མེད་སྟབས། ལས་དོན་ག་འདྲ་ཞིག་བྱེད་ཐུབ་མིན་ལབ་ཁག་པོ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
༼བོད་ཀྱི་དུས་བབ་གསར་ཤོག་ལས་འདིར་བཀོད།༽
སྐྱབས་བཅོལ་སྒྲིག་འཛུགས་ཀྱི་འགྲོ་སོང་ཆེ་ཤོས་དེ་ཕྱི་རྒྱལ་སྐུབ་ཚབ་དོན་ཁང་ཁག་ཡིན་ཞིང་། ཡིན་ནའང་ཁོ་ཚོའི་ལས་དོན་གྲུབ་འབྲས་འདི་ཡིན་ཟེར་ནས་སྟོན་རྒྱུ་གང་ཡང་ཡོད་པ་མ་རེད། ལྷག་པར་ད་ལྟའི་ཆར་བོད་ནང་གི་ཛ་དྲག་གི་གནས་སྟངས་འདི་ལ་བརྟེན་ནས་དོན་གཅོད་ཁང་གནས་ཡུལ་རྒྱལ་ཁབ་སོ་སོའི་སྲིད་འཛིན་ལས་ཁུངས་དང་གྲོས་ཚོགས་འཐུས་མི།་ཆེས་མཐོའི་མི་སྣ་དང་སོགས་ལ་འབྲེལ་གཏུགས་ཀྱིས་བོད་ནང་གི་དངོས་གནས་སྟངས་ངོ་སྤྲོད་དང་ཞུ་འབོད་ཀྱིས་རྒྱབ་སྐྱོར་རག་ཐབས་བྱེད་དགོས་ཀྱི་ཡོད་པས་དེ་ཙམ་གྱི་གོ་རྒྱུ་དང་ཐོས་རྒྱུ་གང་ཡང་མི་འདུག་པས་བློ་ཕམ་རང་བཞིན་རེད།
ལྷག་པར་ད་ལྟའི་ཆར་སྐྱབས་བཅོལ་སྒྲིག་འཛུགས་ཀྱི་མིའི་ནུས་ཤུགས་དེ་རྫོགས་ལ་ཉེ་ཞིང་ལྷན་ཁང་ཁ་ཤས་ལ་དྲུང་ཆེ་མེད་པ་ཡུན་རིང་ཕྱིན་ལ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་གཏོང་རྒྱུའི་མེད་པའི་གནས་སྟངས་ཆགས་ཡོད། ད་ཡོད་ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར། ཟུང་དྲུང་སོགས་ཁ་ཤས་ཡོད་ཅིང་ལས་དོན་དངོས་ལ་ཕན་འབྲས་ཐོན་པའི་ལས་ཀ་བྱེད་མཁན་མེད་པ་དང་། ཉི་མ་གང་འཁྱོལ་རང་བྱེད་ནས་བསྡད་འདུག ཆེས་བློ་ཕམ་དགོས་པ་ཞིག་ལ་དབུས་བོད་མི་སྒྲིག་འཛུགས་ཀྱི་འགོ་དྲུང་ཆེ་ནས་མཇུག་ཡིག་གད་བར་གཞུང་གི་སྲིད་ཇུས་དང་། ལང་ཕྱོགས། བླང་དོར་སྒྲིག་གཞི། དེ་བཞིན་ད་ལྟའི་བོད་ཀྱི་གནས་བབས་སོགས་གསལ་པོ་ཧ་གོ་ཡི་མི་འདུག་ལ་དོ་སྣང་གནང་གི་མི་འདུག རང་ཉིད་རྒྱལ་ཁབ་ཀྱི་ལས་བྱེད་གཅིག་ཡིན་པའི་ཆ་ནས་གཞུང་གི་སྲིད་ཇུས་དང་ལང་ཕྱོགས། བླང་དོར་སྒྲིག་གཞི་དེ་ངེས་པར་ཤེས་དགོས་འགན་འཁྲི་ལྡན་ཡོད། དབུས་སྒྲིག་འཛུགས་ཀྱི་ལས་བྱེད་བསྐོ་གཞག་བྱེད་ཕྱོགས་དང་ལས་བྱེད་གནས་རིམ་འཕར་ཕྱོགས་ལ་འགྱུར་བ་ཤུགས་ཆེན་གཏོང་དགོས་པའི་དུས་སླེབས་འདུག་ལ། དེ་དང་མཉམ་དུ་ཆེས་མཐོའི་ཤེས་འཇོན་ལྡན་པའི་མི་སྣ་ཉུང་མཐར་ཡང་བཅུ་ཙམ་གསོ་སྐྱོང་དང་སྦྱོང་བརྡར་གྱིས་གནས་རིམ་མཐོ་བའི་ལས་བྱེད་མེད་སྐབས་གཏོང་ཆོག་ཆོག་གིས་གྲ་སྒྲིག་ཡོད་པ་བྱེད་དགོས་འདུག དེ་དང་ཆབས་ཅིག་ལས་བྱེད་བསྐོ་གཞག་མ་བྱེད་སྔོན་ལ་ཟླ་དྲུག་རིང་གཞུང་གི་སྲིད་ཇུས་དང་ལང་ཕྱོགས་མཚོན་པའི་སྦྱོང་བརྡར་ཡང་དག་པ་ཞིག་ངེས་པར་གནང་དགོས་འདུག གཞན་འཛིན་སྐྱོང་གི་ལས་ཀ་བྱེད་ཐུབ་ཙམ་གྱི་ལས་བྱེད་བསྐོ་གཞག་བྱེད་ནས་དགེ་མཚན་གང་ཡང་མ་འདུག ལས་བྱེད་མང་པོ་ཞིག་གཞུང་འབྲེལ་གྱི་མཛད་སྒོ་དང་མྱང་ངན་མཆོད་འབུལ་སོགས་ལ་ཕེབས་ཐུབ་ཀྱི་མི་འདུག་ལ། དོན་དངོས་ཐོགས་སྲི་ཞུ་ལས་བྱེད་རྣམས་ནི་ང་ཚོའི་འཐབ་རྩོད་ཀྱི་སྣེ་ཁྲིད་མཁན་དེ་ཡིན་དུས་མཛད་སྒོ་དང་དུས་དྲན། མཆོད་འབུལ་སོགས་ལ་ངེས་པར་ཕེབས་དགོས་འདུག
འོན་ཀྱང་ལས་དོན་རིགས་ཁ་ཤས་ཐོག་ད་ལྟ་དགོངས་པ་བཞེས་མུས་རེད། ཟེར་བ་མི་ཤེས་རྒྱུ་གེ་ཡོད་པ་མ་རེད། བཀའ་ཁྲིས་འགྱུར་བ་ཆེ་ཤོས་དེ་ཤེས་རིག་གཏོང་ཡིན་ཟེར་གི་ཡོད་པ་རེད། དེའི་ཕྱིར་ཤེས་རིག་གི་འགན་དེ་ཡང་ཁོ་རང་གིས་ཁུར་བ་རེད། འགྱུར་བ་དེ་ཡག་ཕྱོགས་ལ་མ་རེད། སྡུག་ཕྱོགས་ལ་རེད། ཟམ་གདོང་བླ་མའི་ཤེས་ཡོན་སྲིད་བྱུས་དེ་ལ་འགྱུར་བ་བཏང་ནས་བོད་ཡིག་བླ་རྐང་གཅོག་གི་རེད། བོད་ཡིག་རྐྱང་བ་ཁྲིད་དགོས་སར་བོད་དབྱིན་གཉིས་ཀ་ཁྲིད་དེ་བོད་ཡིག་དེ་མིང་ཙམ་བྱེད་གི་རེད། ད་སྐབས་དེ་བྱེད་བདེ་བོ་ཡོད་པ་མ་རེད། ཤེས་དྲུང་ཀརྨ་དགེ་ལེགས་ཁོ་བོད་ཡིག་ལ་ཞེན་ཁོག་ཆེ་བ་དང་མི་མཁྲེགས་པོ་ཞིག་ཡོད་པ་རེད། དེའི་ཕྱིར་ཤེས་དྲུང་ཀརྨ་དགེ་ལེགས་བརྗེ་སྤཽར་བྱས་བ་རེད། བོད་ཡིག་གི་ཤེས་ཡོན་གྱི་རྒྱབ་ལྗོངས་མེད་པ་ཞིག་ཤེས་དྲུང་ལ་འཇོག་གི་་རེད། ད་བསྟན་མོ་ཡོང་གི་རེད་ད།
གསར་འགོད་པ་ཚེ་རིང་རྒྱལ་ལགས། འགོ་བརྗོད་དེར་སྲིད་ཞུ་ལས་བྱེད་ཚོར་ཞེས་བྲིས་འདུག་པ་དེ། སྲི་ཞུ་གཅིག་པུ་མིན་འགྲོ་རྗེས་མཇུག་ད་དེ་ཨེ་ཡོད་ན་དགོངས་པ་བཞེས་དང་།