ཉིན་འདིར་འགར་བཀའ་ཁྲི་བློ་བཟང་གེ་མཆོག་གིས་ཉི་ཧོང་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་ཡོད་འདུག
ཉིན་འདི་དག་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཉི་ཧོང་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡ ཉིན་གྱི་ཞོགས་པར་བཀའ་ཁྲི་མཆོག་གིས་ཉི་ཧོང་གསར་ཤོག་གྲགས་ཅན་གཉིས་ཀྱི་བཅར་འདྲི་དང་ལེན་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གི་མགོ་ཁྲིད་གསར་པ་ཚོར་འབྲེལ་བ་གནང་ཕྱོགས་དང་། བཙན་བྱོལ་བོད་མིའི་ཆབ་སྲིད་འཕོ་འགྱུར་བྱུང་རྗེས་༸གོང་ས་མཆོག་གི་སྐུའི་གནས་བབ་གང་འདྲ་ཆགས་ཡོད་མེད། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་སྟངས་ཐོག་བཀའ་ཤག་གི་གཟིགས་ཚུལ་བཅས་གསལ་བཤད་གནང་ཡོད་འདུག
དེའི་རྗེས་ཉི་ཧོང་གནས་སྡོད་བོད་རིགས་མང་ཚོགས་ལ་ཐུག་འཕྲད་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འཕོ་འགྱུར་སྐོར་ངོ་སྤྲོད་གནང་ཡོད་པ་དང་། བོད་ཀྱི་འཐབ་རྩོད་རྒྱུན་འཁྱོངས་ཡོང་ཐབས་སུ་བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་དང་འཁུར་མཉམ་ལེན་གནང་དགོས་པའི་འབོད་སྐུལ་བཅས་གནང་ཡོད་ལ། ཉི་ཧོང་གཞུང་མང་གཉིས་ཀྱིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། མ་འོངས་པར་སྔར་ལས་རྒྱབ་སྐྱོར་ཡོང་བའི་ནན་སྐུལ་ཞུས་ཡོད་འདུག
ཐེངས་འདིའི་གཟིགས་སྐོར་སྐབས་བཀའ་ཁྲི་མཆོག་གིས་ཉི་ཧོང་སྲིད་བློན་ཟུར་པ་ཤིན་ཟོ་ཨ་བྷེ་ (Shinzo Abe) མཆོག་དང་སྲིད་བློན་ཟུར་པ་ཊཱ་རཱོ་ཨ་སཱོ་ (Taro Aso) རྣམ་གཉིས་དང་། དེ་བཞིན་རྒྱལ་ས་ཊོག་ཀྱོའི་གཞུང་འཛིན་སྤྱི་ཁྱབ་པ་ཤིན་ཊཱ་རོ་ཨེ་ཤེ་ཧཱ་རཱ་ (Shintaro Ishihara) ལགས་བཅས་སུ་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་ཡོད་འདུག
ཕྱི་ཚེས་ ༡ ཉིན་གྱི་དགོང་མོར་ཉི་འོང་སྐུ་ཚབ་དོན་གཅོད་ཀྱིས་བཀའ་ཁྲི་མཆོག་ལ་གསོལ་སྟོན་ཞིག་བཤམས་ཡོད་འདུག་ལ། གསོལ་སྟོན་དེའི་སྟེང་རྒྱལ་ས་ཊོག་ཀྱོའི་བོད་དོན་རྒྱབ་སྐྱོར་བ་དང་བོད་རིགས་ཚོགས་པའི་སྐུ་ཚབ་སོགས་ཁྱོན་མི་ ༢༠༠ ལྷག་མཉམ་ཞུགས་གནང་འདུག
འདི་ནི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འགན་བཞེས་རྗེས་ཨེ་ཤ་ཡའི་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་བ་ཐོག་མ་དེ་ཆགས་ཡོད།
བཀའ་བློན་ཁྲི་བ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབས་ཅིག་ང་ཚོའི་གནས་ཚུལ་ངོ་མ་དེ་གསལ་བོ་ཞིག་ཤར་ཨེ་ཤ་ཡའི་ནང་གི་མི་མང་ལ་ཤེས་རྟོགས་བྱེད་པ་དེ་གལ་ཆེན་པོ་ཡིན་པར་སྙམས།