ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་༸གོང་ས་མཆོག་གིས་ཨ་རིའི་ཨ་རི་ཧ་ཝ་ཡི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དགེ་སློབ་རྣམས་ལ་ནང་སེམས་ཀྱི་ཤེས་ཡོན་ཐོག་ལམ་སྟོན་བཀའ་སློབ་དང་། མི་མང་ལ་མཛའ་བརྩེའི་ནུས་སྟོབས་ཀྱིས་ཞི་བདེ་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཅས་གནང་བ་དང་། ཕྱི་ཚེས་ ༡༨ ཉིན་ཁ་ལེ་ཧྤོ་ནི་ཡཱའི་སེན་ཌི་ཡ་ཀོ་གཙུག་ལག་སློབ་ཆེན་དུ་ཀུན་ཁྱབ་སེམས་ཁུར་དང་བྱམས་བརྩེ། འགྲོ་བ་མིའི་རྣམ་རིག་བཅས་ཀྱི་ཐོག་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཆ་སྙོམས་ཡོང་ཐབས་ཞེས་པའི་བཞུགས་མོལ་ཚོགས་འདུའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་བ་མ་ཟད། གཙུག་ལག་སློབ་ཆེན་གྱི་རྩེད་ཐང་དུ་མི་མང་ལ་ཞི་བདེ་དང་དྲང་བདེན་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད།
ཕྱི་ཚེས་ ༡༩ ནས་ ༢༡ བར་༸གོང་ས་མཆོག་སེན་ཌི་ཡ་ཀོ་མངའ་སྡེར་ཆིབས་བསྒྱུར་གནང་སྟེ། གཙུག་ལག་སློབ་གྲྭ་ཆེན་དུ་འགྲན་རྩོད་ཆེ་བའི་དུས་རབས་ནང་ཀུན་ཁྱབ་ཀྱི་བཟང་སྤྱོད་དང་བྱམས་བརྩེ་རྒྱུན་འཛིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ལོ་སི་ཨེན་ཇི་ལ་སི་ནང་ཡོད་པའི་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་དུ་ཆིབས་བསྒྱུར། ལོང་བྷེ་ཆི་ལྷན་ཚོགས་ཀྱི་ཚོགས་ཁང་དུ་འཇིགས་བྱེད་ཀྱི་བཀའ་དབང་དང་མི་མང་ལ་དཀའ་རྙོག་གི་དུས་སྐབས་ནང་སེམས་ཀྱི་ཞི་བདེ་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཅས་གནང་བ་མ་ཟད། ཕྱི་ཚེས་ ༢༥ ཉིན་ཆི་ཀ་ཀོར་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་ཐེངས་ ༡༢ པའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་གནང་ཡོད་ལ། ཕྱི་ཚེས་ ༢༦ ཉིན་ལོ་ཡོ་ལ་གཙུག་ལག་སློབ་གྲྭ་ཆེན་ (LoyolaUniversity) དུ་ཆོས་ལུགས་ཕུན་ཚུན་གྱི་འབྲེལ་བ་དང་མཉམ་ལས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་མ་ཟད། གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར་འབུལ་བཞེས་དང་མཉམ་དུ་དགེ་སློབ་དང་མི་མང་ལ་བཀའ་སློབ་དང་དྲི་བ་ལན་འདེབས་བཅས་གནང་ཡོད།
ཕྱི་ཚེས་ ༢༨ ཉིན་༸གོང་ས་མཆོག་མཁའ་ལམ་བརྒྱུད་ཁེ་ན་ཌར་ཆིབས་བསྒྱུར་གྱིས་རྒྱལ་ས་ཨོ་ཊ་ཝར་ཡོད་པའི་སི་ཝི་ཀ་ལྟེ་གནས་ཁང་དུ་འཛམ་གླིང་ཀུན་ལ་སྨན་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་མ་ཟད། ཁེ་ཎ་ཌའི་སྲིད་བློན་ལ་མཇལ་འཕྲད་དང་། ཨོ་ཊ་ཝར་ཚོགས་བཞིན་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཚོགས་ཆེན་ཐེངས་ ༦ པའི་སྟེང་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་བཅས་ཐེངས་འདིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ པ་ཡས་མས་སུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། བཞུགས་སྒར་སེར་སྐྱ་མི་མང་བཅས་ཀྱི་ཕེབས་བསུའི་ཁྲོད་བཞུགས་སྒར་ངྷ་རམ་ས་ལར་ཞབས་སོར་བདེ་བར་འཁོད་ཡོད།
ལག་ཟུང་ཐལ་མོ་སྦྱར་ནས།། རླབས་ཆེན་གྱི་མཛད་པ་ལ་བསུ་བ་དང་ཡིད་རངས་བསྔགས་བརྗོད་ཞུ།