གཟའ་ལྷག་པའི་ཉིན་སྨན་རི་དགོན་དུ་དཔལ་རྒྱལ་བ་སྨན་རི་ཁྲི་འཛིན་མཆོག་དབུ་བཞུགས་ཐོག་ཚོགས་འདུ་བསྡུས་ཏེ། འདི་ལོའི་སྟོན་ཁར་རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་ཐེངས་དང་པོ་སྨན་རིའི་དཔེ་མཛོད་ཁང་དུ་འཚོགས་གཏན་ཁེལ་འདུག
ཟླ་འདིའི་ཕྱི་ཚེས་ ༢ ཉིན་མཁས་དབང་ཆེན་མོ་ཞང་ཞུང་བ་གར་ཞྭ་ཚེ་རིང་རྡོ་རྗེ་ལགས་སྨན་རི་དགོན་དུ་ཆེད་ཕེབས་ཀྱིས། དཔལ་རྒྱལ་བ་སྨན་རི་ཁྲི་འཛིན་མཆོག་ལ་དགོངས་སྐོར་སྙན་གསེང་ཞུས་དོན་བཞིན། ཉིན་དེའི་ཕྱི་དྲོ་དཔལ་ལྡན་སྨན་རིའི་བླ་བྲང་མགྲོན་གཉེར་ཁང་དུ་ཚོགས་ཆེན་གཏན་འབེབས་ཀྱི་གྲོས་བསྡུར་ཚོགས་འདུ་ཚོགས་མཐར། “རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་”ཐེངས་དང་པོ་དེ། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་སྨན་རིའི་དཔེ་མཛོད་ཁང་དུ་འཚོགས་གཏན་ཁེལ་ཡོད་འདུག
ཚོགས་ཆེན་གཏན་འབེབས་ཀྱི་གྲོས་བསྡུར་ཚོགས་འདུའི་སྟེང་། དཔལ་རྒྱ་བ་སྨན་རི་ཁྲི་འཛིན་མཆོག་དབུ་བཞུགས་ཐོག སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ། བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ། མཁས་དབང་གར་ཞྭ་བ་ཚེ་རིང་རྡོ་རྗེ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་ཤེ་ཙུ་རྒྱ་མཚོ། སྨན་རིའི་བླ་བྲང་གི་དྲུང་ཡིག་མཁན་སྤྲུལ་དགེ་བཤེས་འབྲུག་གསས་བསྟན་འཛིན། སྨན་རིའི་སྤྱི་གཉེར་ཟུར་པ་དགེ་བཤེས་བསྟན་འཛིན་རྒྱལ་པོ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དངུལ་གཉེར་དགེ་བཤེས་བསོད་ནམས་རྒྱལ་མཚན། སྨན་རིའི་དཔེ་མཛོད་ཁང་གི་འགན་འཛིན་རྒན་ཆེན་ཚེ་དབང་རྣམ་རྒྱལ། སྨན་རིའི་དཔེ་མཛོད་ཁང་གི་ཧིན་ངྷིའི་འགན་འཛིན་ཞང་ཞུང་བ་འཕྲིན་ལས་རྒྱ་མཚོ། གཡུང་དྲུང་བོན་གྱི་དྲ་རྒྱ་གཙོ་སྒྲུབ་པ་ཁྲི་གཡུང་དྲུང་བཅས་མཉམ་ཞུགས་གནང་ཡོད་པ་རེད།
རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་དེ་ནི། ཉེ་བའི་ལོ་ཤས་སྔོན་ནས་མཁས་དབང་ཆེན་མོ་ཞང་ཞུང་བ་གར་ཞྭ་ཚེ་རིང་རྡོ་རྗེ་ལགས་ནས་རྒྱ་གར་ཧི་མ་ཅལ་གཞུང་ལ་“ཧི་མ་ཅལ་ཞང་ཞུང་མི་རིགས་ཀྱི་རིག་གནས” (Himachal Tribal’s Culture)སྐོར་ལ་མཁས་པའི་གྲོས་ཚོགས་ཤིག་འཚོགས་དགོས་སྐོར་གྱི་ཆོག་མཆན་དང་རོགས་མགོན་ཡོང་རྒྱུར་སྙན་ཞུ་ཕུལ་དོན་ལྟར། ༢༠༡༢ ལོར་ཁོང་གི་སྙན་ཞུ་དེར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཁཱ་མེར་ཊལ་མེལ་(Prem kumar Dhumal)མཆོག་ནས་དངོས་སུ་ཆོག་མཆན་དང་རོགས་མགོན་གནང་རྒྱུ་ཞལ་བཞེས་ཐོབ་ཡོད་འདུག
ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་“ཞང་ཞུང་རིག་གནས་”སྐོར་ཡིན་པ་དང་། ཚོགས་བཅར་བགྲོ་གླེང་གནང་མཁན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དམིགས་བསལ་མཁས་དབང་སྐོར་ཞིག་གདན་ཞུ་གནང་རྒྱུ་ཡིན་འདུག་ལ། ཚོགས་འདུའི་སྤྱི་ཁྱབ་འགན་འཛིན་མཁས་དབང་གར་ཞྭ་བ་ཚེ་རིང་རྡོ་རྗེ་ལགས་ཀྱིས་གནང་རྒྱུ་དང་། གོ་སྒྲིག་ལས་རོགས་ཤིམ་ལའི་མཐོ་སློབ་(HPU)ཀྱི་ཞང་ཞུང་སློབ་ཕྲུག་རྣམས་དང་། གྲོས་བསྡུར་ཚོགས་འདུར་མཉམ་ཞུགས་གནང་མཁན་འབྲེལ་ཡོད་ལས་སྣེ་བ་དག་གིས་གནང་རྒྱུ་ཡིན་འདུག
གསར་འགོད་པ། ཚེ་རིང་རྒྱལ།
ང་ཚོ་མངའ་རིས་ནི་བོད་དང་ཞང་ཞུང་གི་རིག་གནས་ཀྱི་ལྟ་བ་དེ་རེད། དེས་ན་ཞང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་བདག་པོ་རྒྱབ་རྒྱུ་ནི་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་ཞིག་རེད་སེམས།
ཞང་ཞུང་ཚོགས་ཆེན་ཚོགས་རྒྱུར་བསུ་བའི་མཚམས་འདྲི་དང་འབྲེལ་ལམ་ལྷོང་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ། སྤྱིར་ཞང་ཞུང་ནི་བོད་མི་རིགས་གདོད་མའི་རིག་གཞུང་གི་རྩ་བ་ཡིན་ལ། ལྷག་པར་དེང་སྐབས་ཆོས་ལུགས་ཀྱི་ཞེན་སེམས་ཅན་མང་པོ་ལ་གསལ་བཤད་ངེས་པོ་ཡོང་བའི་རེ་བ་ཆེ། ཚོགས་ཆེན་དེར་མཉམ་ཞུགས་བྱེད་ཐུབ་པའི་ཐབས་ཤེས་ཡོད་ན་གང་དྲག
ད་ཐེངས་བགློ་གླེང་སྐབས་སྟོན་པ་གཤེན་རབས་ཟེར་བ་དེ་གང་ཟིག་ནས་འཁྲུངས་ནི་ཡིན་སོགས ཧ་ཟིག་ཨེ་གོ་གི