གཉན་པོ།
འུ་ཚོས་བློ་དྲང་བོའི་སྒོ་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་གདོང་གཏད་ཅིང་། མིའི་རིགས་ཀྱི་ལོ་རྒྱུས་ལ་བསམ་བློ་བཏང་ན། འཇིག་རྟེན་འདིའི་སྟེང་དུ་བྱུང་དང་འབྱུང་གིན་པའི་འཚོ་གནས་དར་རྒུད་ཀྱི་གནས་བབ་སྣ་ཚོགས་པ་དག་ནི་མི་ཡིས་བསྐྲུན་ཞིང་མི་ཡིས་བཟོ་བཞིན་ཡོད་པ་མཐོང་ཐུབ་པར་མ་ཟད། སྤྱི་ཚོགས་དང་འཚོ་གནས་ཁྲོད་ཀྱི་མི་ཡི་རིན་ཐང་དང་སློབ་གསོའི་ནུས་སྟོབས་ཀྱང་ཞར་ལ་ཤེས་ཐུབ། དེ་བཞིན་མི་ནི་སྤྱི་ཚོགས་ཀྱི་ཐོན་རྫས་ཡིན་ཞེས་སྤྱི་ཚོགས་ཀྱི་སྐྱོམ་ཤུགས་ཀྱིས་མི་ཡི་ཕྱི་ནང་ཡོད་ཚད་ལས་སྣོན་བྱེད་ཀྱིན་པ་ལྟ་བུ་ཟེར་ན་ཡང་། མིའི་རིགས་ཀྱིས་སྤྱི་ཚོགས་ཀྱི་གནས་བབ་ཁ་ལོ་སྒྱུར་བཞིན་ཡོད་པ་མངོན་གསལ་རེད། ལར་མིའི་རིགས་ཀྱིས་སྤྱི་ཚོགས་ཆེན་པོ་འདི་ཁ་ལོ་སྒྱུར་བཞིན་ཡོད་པའམ་། ཡང་ན་སྤྱི་ཚོགས་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་མི་དག་རེ་རེ་བཞིན་ལས་སྣོན་བྱེད་ཀྱིན་ཡོད་པ་གང་ཡིན་རུང་། དེ་ནི་མི་ཉིད་སྤྱི་ཚོགས་ཀྱི་གཙོ་གནད་ཡིན་པའི་རྐྱེན་གྱིས་དང་། སྤྱི་ཚོགས་ཀྱི་སྣང་ཚུལ་དང་མིའི་རིགས་ཀྱི་སློབ་གསོ་ཁོ་ནས་མི་ཡི་རིན་ཐང་དང་ནུས་པ་ཐག་གཅོད་བྱེད་བཞིན་ཡོད་པས་ཡིན་འདུག
ནུབ་ཕྱོགས་ཀྱི་སྔོན་མའི་ལོ་རྒྱུས་ཁག་ལས་བཤད་པ་ལྟར་ན། གནའ་བོའི་ནུབ་ཕྱོགས་པའི་སྤྱི་ཚོགས་ཁྲོད་དུ་ལྷ་གཙོ་བོ་ཡིན་པའི་དུས་རབས་དང་ལྷ་མི་གཉིས་ཀ་མཉམ་གཙོ་ཡིན་པའི་དུས་རབས། དེ་ནས་མི་གཙོ་བོ་ཡིན་པའི་དུས་རབས་བཅས་བྱུང་ཟིན་ཅིང་། འདི་ནི་སྤྱི་ཚོགས་འཕེལ་རིམ་གྱི་ཆོས་ཉིད་ཅིག་གམ། བསམ་བློའི་འཕེལ་རིམ་གྱི་སྟོབས་ཤུགས་ཤིག ཡང་ན་རིག་གནས་འཕེལ་རིམ་གྱི་རིན་ཐང་ཞིག་ཏུ་མི་ལྟ་ཐུ་མེད་ཡིན་སྐད། དོན་དུ་གནས་ཚུལ་འདི་ནི་མི་ཡི་སྟོབས་ནུས་འཕེལ་རྒྱས་ཀྱི་གོ་རིམ་ཞིག་ཀྱང་ཡིན་པའོ།
ད་ནི་སྐབས་སུ་བབ་པ་བཤད་ན། མི་རིགས་ཤིག་དང་སྤྱི་ཚོགས་གང་ཞིག་གི་ཡར་རྒྱས་དང་མདུན་སྐྱོད་ནི་སློབ་གསོའི་ཁྲོད་ཀྱི་གནད་དོན་འགངས་ཆེན་ཞིག་ཡིན་པ་ལྟར། མི་རེ་རེའི་མཛེས་དཔྱོད་ཀྱི་ལྟ་ཚུལ་དང་། རིན་ཐང་གི་ལྟ་ཚུལ། ཡང་ན་འཚོ་གནས་ལ་བཟུང་བའི་འདུ་ཤེས་བཅས་ཀྱིས་སྤྱི་ཚོགས་དེ་ཡར་ལ་འགྲོ་བར་བྱེད་པ་དང་། མི་རིགས་དེ་མར་ལ་ལྷུང་དུ་འཇུག་པའི་གནད་དོན་དག་ཐག་གཅོད་བྱེད་ཀྱིན་ཡོད་པ་རེད་ལ། འུ་ཚོའི་འཚོ་གནས་ཀྱི་རྒྱལ་ཕམ་ཀྱང་གནད་དོན་འདིའི་ངོས་ནས་ཐག་གིས་ཆོད་འགྲོ་བ་རེད། དེས་ན། འུ་ཚོར་དགོས་རྒྱུའི་སློབ་གསོ་ནི་ཇི་འདྲ་ཞིག་ཡིན་ནམ་ཟེར་ན། དེ་ནི་དེང་གི་རིག་གནས་པའི་སྡེ་ཡི་སྐད་དུ་བྱས་ན“མྱི་བུ་ཡར་ལ་སློང་རྒྱུ”ཉིད་ཡིན་ཞིང་། གསལ་བོར་བཤད་ན་མིའི་སྤུས་ཚད་གོང་འཕེལ་དུ་གཏོང་རྒྱུ་དེ་རེད་ལ། མིའི་གོ་རྟོགས་སད་དུ་འཇུག་རྒྱུ་དེ་རེད། འདི་ནི་སློབ་གསོའི་གནད་དོན་དང་། རིག་གནས་ཀྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། བསམ་བློའི་གནད་དོན། མི་རིགས་ཀྱི་གནད་དོན་བཅས་ཡིན་ན་ཡང་། ད་ལྟའི་ང་ཚོར་མཚོན་ན་དོན་དག་འདི་ནི་གཙོ་བོ་བསམ་བློའི་གནད་དོན་ཞིག་སྟེ་མི་རེ་རེས་འཚོ་གནས་ལ་བཟུང་བའི་འདུ་ཤེས་ཀྱི་གནད་དོན་ཞིག་གོ དཔེ་གསལ་བོ་ཞིག་གིས་བཤད་ན། མི་རེ་རེའི་ང་རྒྱལ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་ང་རྒྱལ་ཡིན་ཟེར་བ་ལྟར། བོད་མི་རེ་རེ་ཡར་ལ་བགྲེང་བ་ནི་བོད་མི་རིགས་ཡར་ལ་བགྲེང་བའི་དོན་དག་ཅི་ལ་མིན། དེ་བས་བོད་མི་རེ་རེའི་བསམ་བློའི་འདུ་ཤེས་དང་ཀུན་སྤྱོད། འཚོ་བའི་ཟབ་འཇུག བསམ་བློའི་རང་ཚུགས། རིགས་ཀྱི་དུངས་པ་བཅས་པའི་ཕྱོགས་ངོས་འདི་དག་ཚད་ངེས་ཅན་ཞིག་ནས་གོང་དུ་ཕྱིན་ཚེ། རང་རེའི་སྤྱི་ཚོགས་འདིའི་ཁྱོན་ཡོངས་ཀྱི་གནས་བབ་ཀྱང་ཇེ་ལེགས་སུ་འགྲོ་བར་གདོན་མི་ཟ་སྙམ།
དེ་བས་སྒང་ཚང་གི་གནས་བབ་ཤིན་ཏུ་སྐྱོ་བའི་དེང་གི་དུས་འདི་ལ། འུ་ཚོར་མི་ཡི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་སློབ་གསོ་ཤིན་ཏུ་དགོས་གལ་ཆེ་རུང་། ང་ཚོའི་ཤེས་ཡོན་ཅན་དུ་ཁས་འཆས་པ་དག་གིས་ནི་མི་དོན་གྱི་བྱ་བཞག་འདི་འདྲ་རྒྱབ་ཏུ་བསྐྱུར་ནས་དྲ་འབུ་སོགས་ཀྱི་སྐྱེས་པ་ལེན་གྱིན་ཡོད་པས་ན། མི་ཡར་ལ་སློང་རྒྱུ་དང་། མི་འཇོན་ནུས་ཅན་སྐྱེད་སྲིང་བྱེད་རྒྱུ། ཡང་ན་རང་རེའི་སྤྱི་ཚོགས་སུ་དེང་གི་བབ་དང་མཐུན་པའི་སློབ་གསོ་ལེགས་པོ་ཞིག་གི་རྨང་གདིང་རྒྱུ་ནི་ཇི་འདྲའི་དཀའ་བའི་ལས་ཤིག་ཡིན་རྒྱུ་རེད་ཨང་། དེ་བས་དེང་སྐབས་ངའི་སེམས་སུ་གནད་དོན་འདི་འདྲ་ཞིག་ཇེ་གསལ་ཇེ་གསལ་རེད་དེ། འུ་ཚོའི་སྤྱི་ཚོགས་སྟེང་གི་མི་རེ་རེའམ། ཡང་ན། འུ་ཚོའི་ལས་རིགས་ཁྲོད་ཀྱི་མི་རེ་རེ་ལ་མཚོན་ནས་བཤད་ན། ཁོ་ཚོར་རང་རང་གི་བྱ་བར་ཧུར་ཐག་གིས་འཇུག་པའི་སྤྲོ་སེམས་ཞན་པ་དང་། རང་རེའི་སྤྱི་ཚོགས་སུ་མི་སྐྱེད་སྲིང་བྱེད་པའི་ཧམ་སེམས་དང་རེ་བཞག་ཆུང་འདུག་ལ། ཚད་ངེས་ཅན་ཞིག་ནས་བཤད་ན། གནད་དོན་འདི་ཡིས་འུ་ཚོའི་ཡར་རྒྱས་ཀྱི་སྒུལ་ཤུགས་འགག་པར་བྱས་ཡོད། དེ་བས་གཙོ་བོ་ནི་ཤེས་ཡོན་དང་སློབ་གསོར་འབྲེལ་ཡོད་དག་ལ་མི་སྐྱེད་སྲིང་བྱེད་པའི་འདུན་པ་ཤུགས་དྲག་ཅིག་དགོས་འདུག རང་རེའི་ལས་རིགས་འདྲ་མིན་ཁྲོད་ཀྱི་མི་སྣ་རེ་རེ་ཡིས་རང་རང་གི་བྱ་བའམ་སྤྱི་འབྲེལ་ཀྱི་ལས་ཀ་འཐུས་ཤོར་བྱེད་པའམ། དེ་ལ་ལྷོད་གཡེང་བྱས་ཚེ། ཚོགས་པ་དེ་དག་གམ་ལས་ཁུངས་དེ་དག ཡང་ན་ལས་རིགས་འདྲ་མིན་ཁྲོད་ཀྱི་མི་སྣ་རེ་རེའི་བྱ་བ་འཐུས་ཤོར་དུ་འགྲོ་བ་ཆོས་ཉིད་རེད་ལ། དེ་ནི་རང་གི་མི་རིགས་དང་སྤྱི་ཚོགས་ལ་བཟོས་པའི་གྱོང་གུད་ཚབས་ཆེན་དེ་ཡང་རེད་འདུག འཐུས་ཤོར་མང་བའི་སྤྱི་ཚོགས་ཤིག་ལ་ཡར་རྒྱས་ཡོད་མི་སྲིད་ཅིང་། སྤྱི་ཚོགས་དུས་རབས་ཀྱིས་བསྐྱུར་ཞིང་མི་རིགས་ཡར་རྒྱས་དང་བྲལ་ཚེ་འུ་ཚོར་འཐབ་རྩོད་ཀྱི་སྟོབས་ཤུགས་ཟེར་བ་ཞིག་ཀྱང་གང་ན་ཡོད་དམ།
ང་ཚོའི་རིག་གཞུང་ཕྱུག་པོ་ཡིན་ཟེར་བ་དང་། ང་ཚོའི་ལྷག་བསམ་རྣམ་དག་ཡིན་ཞེས་པ་འདི་ཙམ་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་ནང་དོན་ངོ་མ་དེ་ཡིན་མི་སྲིད་ཅིང་། སྤྱི་ཚོགས་ཡར་རྒྱས་ཀྱི་གནད་དོན་ནི་མི་རེ་རེའི་འཚོ་གནས་ཀྱི་གནད་དོན་ནས་འགོ་བཙུགས་ཏེ་གླེང་དགོས་འདུག་ན། ད་ནི་འུ་ཚོས་སློབ་སྦྱོང་བྱེད་པ་དང་སློབ་གསོ་སྤྲོད་པ། ཡང་ན་མི་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་གསལ་བོ་ཡིན་དགོས་པ་གནད་ཀྱི་དོན་པོ་རེད། དེས་མི་ཚད་འུ་ཚོས་འཚོ་བ་ལ་བཟུང་བའི་འདུ་ཤེས་དང་། མི་རིགས་ལ་བཟུང་བའི་རྣམ་འགྱུར་བདེན་ཐུབ་ཅིག་ཡིན་དགོས་ཤིང་། མི་ལ་ཇི་ལྟར་ཤེས་ཡོན་སྤྲོད་པའམ། མི་སྤུས་ཅིས་ཕྱིར་ཇེ་ལེགས་སུ་གཏོང་བའི་ཁ་ཕྱོགས་ཀྱང་ཤིན་ཏུ་གསལ་བོ་ཡིན་དགོས། སྤྱིར་མི་ཡི་རིན་ཐང་ངམ་མི་ཚེ་ཞིག་གི་རིན་ཐང་ནི་འཚོ་གནས་ཙམ་པོ་བའི་གནད་དོན་ཐག་ཆོད་པ་ཙམ་གྱིས་འཁྱོངས་འགྲོ་བ་ཞིག་ཡིན་མི་སྲིད་མོད། མི་རིགས་དང་འཚོ་གནས་ཀྱི་ཆགས་འཇིག་མགོར་ལྷུང་ཡོད་པའི་རང་ཅག་ལ་མཚོན་ན་སྐད་ཆ་ཚོན་པོ་བཤད་དེ་ལྷོད་དུ་འབབ་པའི་འོས་བབ་མི་འདུག་སྟེ། དང་བོ་འུ་ཚོས་མི་རིགས་འདིའི་འཚོ་གནས་ཀྱི་གནད་དོན་ཐག་གཅོད་བྱས་རྗེས(ལྟོས་འཇོག་གིས)། ཅི་ཞིག་དར་སྤེལ་བྱེད་དང་། གང་ཞིག་སྲུང་སྐྱོབ་བྱེད། ཡང་ན་ཅི་ཞིག་ལ་སྙིང་བོ་མི་འདུག་དང་། གང་ཞིག་ནས་ངེས་བར་འབྱུང་དགོས་སོགས་ཟེར་རྒྱུ་བྱེད།
དེ་ཡང་སྐྱེས་བུ་དམ་པ་༧ པན་ཆེན་བཅུ་བ་མཆོག་གིས་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་ཞིག་ཡིན་ཞེས་གསུངས་འདུག་པ་ལྟར། ད་ནི་འུ་ཚོས་དངོས་གནས་མི་ཡར་ལ་སློང་བྱེད་ཀྱི་སློབ་གསོའི་ལས་ལ་བརྩོན་དགོས་ཤིང་། འཚོ་གནས་ཀྱི་གནད་དོན་ལ་དཔའ་ངར་ཆེན་པོས་གདོང་གཏད་དགོས་པ་འདྲ། དེ་བས་དུས་འདིར་འུ་ཚོར་རང་གི་གནས་བབ་ཀྱི་ཆ་ནས་བསྒྲུབ་དགོས་པ་ཤིན་ཏུ་མང་པོ་ཞིག་ཡོད་པ་བཤད་ཅི་ལ་དགོས་མོད། དེའི་ཁྲོད་ནས། རང་རེའི་སྤྱི་ཚོགས་ཁྲོད་ཀྱི་མི་ཡར་ལ་སློང་བའམ་མི་སྐྱེད་སྲིང་བྱེད་པའི་སློབ་གསོའི་མ་ལག་འཛུགས་པར་འབད་རྒྱུ་འདི་གལ་དུ་ཆེ་བར་སྙམ་སྟེ། མི་རེ་རེའི་སྟོབས་ཤུགས་ནི་མི་རིགས་ཀྱི་སྟོབས་ཤུགས་ཡིན་ཚད་གོང་དུ་བཤད་པ་བཞིན་དང་། བསམ་བློའི་ངོས་དང་། ཤེས་ཡོན་ཀྱི་ཐད། འཚོ་གནས་ཀྱི་ཕྱོགས་བཅས་ནས་ལྟོས་བཅས་ཀྱིས་བོད་མི་རིགས་འདི་ཉིད་ནར་སོན་ཚེ། ད་གདོད་འུ་ཚོས་གཞན་གྱི་ངོ་སོར་ལྟ་དགོས་པའི་གནས་བབ་སྐྱོ་བོ་འདིར་རྫོགས་ཚིག་འབྲི་ཐུབ་རྒྱུ་རེད་ལ། རང་དབང་དང་། འདྲ་མཉམ། ཐོབ་ཐང་སོགས་ཏེ་མིའི་རིན་ཐང་མངོན་འགྱུར་བགྱི་བྱེད་ཀྱི་རྩ་དོན་གལ་ཆེན་འདི་དག་ཀྱང་ལོངས་སུ་སྤྱོད་ཐུབ་རྒྱུ་རེད།
༢༠༡༢ ལོའི་ཕྱི་ཟླ་ ༠༤ ཚེས་ ༢༢ ཉིན།
ཨ་རོ་་་གཉན་པོ་་ངས་ཡག་པོ་ཞིག་གོ་སོང་་གཞན་གྱིས་ཅི་ཆའོ།། དེ་བས་བཀའ་དྲིན་ཞུས་ཤིང་སླར་བྲི་བར་སྐུལ་ལོ།།
རྗེས་སུ་ཡི་རང་གི་ཡུལ་ལས་མ་འདས། ཆེད་གཏམ་འདིའི་སྐོར་ནས་མུ་མཐུད་དུ་ཕྲིས། འཐུས་སྒོ་ཇེ་ཚང་དང་། མཛུབ་ཁྲིད་ཀྱི་ལམ་ནས་གནད་དོན་དག་འདོན་དང་། གང་མཁོ་དེ་སྤྲོད་ཀྱི་རྩལ་ཁ་ཡངས་བོར་ཕྱེས་དགོས་ཀྱི་འདུག་ལགས། མུ་མཐུད་དུ་སྐྱོད་ཅིག།
དེང་སྐབས་མི་བུ་ཁག་ཅིག་ངོ་བ་བརྡ་རྙིང་ལ་མཁས་པ་འདུག དུས་རྒྱུན་མྱི་ཞེས་པ་འབྲི་ཁུལ་བྱེད་ཀྱི་འདུག
བཙན་བྱོལ་ནང་དྲ་རྩོམ་བཀླག་འདུན་གྱི་ཡི་ག་གཏིང་ནས་ཆད་དེ། དྲ་རྩོམ་ཞེས་པའི་མིང་འདི་ཐོས་པ་ཙམ་གྱིས་སུན་སྣང་གིས་དུབ་ཡོང་བའི་དུས་སྐབས་འདིར། གཉིད་ཡུར་དཀྲོག་འགྲོ་བའི་དྲ་རྩོམ་འདི་འདྲ་ཞིག་ཀློག་རྒྱུ་བྱུང་བར་དགའ་མགུ་ཆེན་པོ་བྱུང་།