ཕ་རི་སིའི་བོད་ཁང་གི་གོ་སྒྲིག་འོག་ཚུགས་པའི་ཧི་མ་ལ་ཡ་བོད་ཀྱི་རིག་གཞུང་དུས་སྟོན་ཐེངས་ ༡༢ པ་དེ་ཟླ་འདིའི་ཕྱི་ཚེས་ ༢༣ དང་ ༢༤ ཉིན་ཚུགས་ཡོད་ཅིང་། དུས་སྟོན་ཐོག་ཧྥ་རན་སིར་གནས་བཞུགས་བོད་ཀྱི་བླ་སྤྲུལ་དང་། བོད་རིག་བ། སྒྱུ་རྩལ་པ་ཁག་ཅིག་གིས་བོད་ཀྱི་ནང་ཆོས་དང་སྲིད་དོན་གནས་བབ། རིག་གཞུང་། སྲོལ་རྒྱུན་ཞབས་གཞས་སོགས་ངོ་སྤྲོད་གཟིགས་འབུལ་བྱས་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རོགས་སྐྱོར་ཚོགས་པ་ཁག་ཅིག་གིས་ཀྱང་བོད་དོན་དྲིལ་བསྒྲགས་དང་། བོད་བཟོས་ཅ་དངོས་ཚོང་འགྲེམ་གྱི་ཆ་ཤས་བླངས་ཡོད་འདུག
ཧི་མ་ལ་ཡ་བོད་ཀྱི་རིག་གཞུང་དུས་སྟོན་ནི་ཧྥ་རན་སིའི་ཡུལ་མི་ལ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་དང་། ཡུལ་འདིར་གནས་སྡོད་བོད་མི་རྣམས་འདུ་འཛོམས་ཆེད་ལོ་རེ་བཞིན་ཚུགས་བཞིན་པའི་རིག་གཞུང་གི་དུས་སྟོན་ཞིག་ཡིན་ཞིང་། ད་ལོའི་དུས་སྟོན་ཐེངས་ ༡༢ པ་འདི་༼ང་བོད་པ་ཡིན།༽ཞེས་པའི་བརྗོད་བྱང་འོག ཟླ་འདིའི་ཕྱིས་ ༢༣ དང་ ༢༤ ཉིན་གཉིས་རིང་རྒྱལ་ས་ཕ་རི་སིའི་ཉེ་འཁོར་གྱི་ནང་བའི་བསྟི་གནས་པ་གོ་ཐི་བན་སན་དུ་ཚུགས་ཡོད། ཉིན་གཉིས་ཀྱི་དུས་སྟོན་ཐོག་ཡུལ་འདིར་གནས་བཞུགས་དགས་པོ་རིན་པོ་ཆེ་དང་སུང་སྦྱང་རིན་པོ་ཆེ་རྣམ་གཉིས་ཀྱིས་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་འབྲེལ། བོད་པའི་དགེ་འདུན་པ་ཁག་ཅིག་གིས་གར་འཆམ་དང་ཆོས་དབྱངས། རྡུལ་མཚོན་དཀྱིལ་འཁོར་སོགས་གཟིགས་འབུལ་ཞུས་ཤིང་། ཧྥ་རན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་ལྗོན་ཧྥུ་རན་སོ་བ་འོ་བྷེར་དང་། ཕ་རི་སིའི་རྫོང་ཁག་བཅུ་གཅིག་པའི་རྫོང་དཔོན་པ་ཐུ་རེ་བྷུན་ལོན་ཤི བོད་དོན་རྒྱབ་སྐྱོར་བ་ལྗོན་མར་ཁི་བྷུ་རོ་ལེ་སོགས་གནད་ཡོད་མི་སྣ་འགས་མཉམ་འཛོམས་ཐོག་བོད་ཀྱི་ད་ལྟའི་ཆབ་སྲིད་གནས་བབ་ཐད་བགྲོ་གླེང་གནང་ཡོད་ལ། དེ་བཞིན་བོད་རིག་པ་ཧྥུ་རན་སོ་བ་སི་རོ་བྷེན་དང་། ལྕམ་ཁ་ཐེ་ཡ་བྷོ་ཧྥེ་ཏིར། སྤྱི་ཟུར་ལྷ་མོ་སྐྱབས་སོགས་ཀྱིས་བོད་ཀྱི་དམངས་ཁྲོད་རིག་གནས་ཁེད་དང་གབ་ཚིག གེ་སེར་སྒྲུང་ཡིག ལྷག་དཀར་ལས་འགུལ་སོགས་ངོ་སྤྲོད་བྱས་ཡོད་པ་རེད།
ལོ་ལྟར་བོད་ཁང་གིས་བཙན་བྱོལ་ནང་གི་གཞས་པ་གཞས་མ་ཚོ་ཆེད་འབོད་ཀྱིས་བོད་ཀྱི་སྲོལ་རྒྱུན་ཞབས་གཞས་གཟིགས་འབུལ་ཞུས་བཞིན་པ་ལྟར། ཐེངས་འདིའི་དུས་སྟོན་ཐོག་ཨ་རི་ནས་བསྟན་འཛིན་ཀུན་གསལ་ལགས་ཆེད་འབོད་ཀྱིས་བོད་ཀྱི་ནང་མའི་གླུ་གཞས་གཟིགས་འབུལ་དང་། ཧྥ་རན་སིར་གནས་སྡོད་གཞས་པ་བསྟན་འཛིན་མགོན་པོ་དང་། གླུ་མ་དགའ་མཛོམས་ལྷ་མོ་སོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་དམངས་གླུ་དང་། ཧྥ་རན་སི་བོད་རིགས་ཚོགས་པའི་ཟློས་གར་རུ་ཁག་དང་། བོད་ཀྱི་དཔལ་ཡོན་སློབ་གྲའི་བོད་ཕྲུག་ཚོས་ཞབས་གཞས་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་མ་ཟད། དུས་སྟོན་ཉིན་གྱི་དང་པོར་གམ་པོ་ཏྲེ་ཡ་དང་བོད་གཉིས་བར་རྐང་རྩེད་སྤོ་ལོའི་འགྲེན་བསྡུར་ཞིག་ཚུགས་ཡོད་འདུག་ལ། དེ་བཞིན་ད་ལོའི་དུས་སྟོན་ཐོག་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རོགས་སྐྱོར་ཚོགས་པ་ ༢༥ ལྷག་མཉམ་ཞུགས་ཀྱིས་བོད་དོན་དྲིལ་བསྒྲགས་དང་། བོད་བཟོས་ཅ་ལག་ཚོང་འགྲེམ་གྱི་ཆ་ཤས་བླངས་ཡོད་པ་དང་། མི་སྒེར་རེ་ཟུང་གིས་བོད་ཀྱི་དམིགས་བསལ་སྒོ་ཟོག་གཡག་དང་འབྲོག་ཁྱི་སོགས་འགྲེམས་སྟོན་བྱས་ཡོད་པ་རེད།
ཧྥ་རན་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། དུས་སྟོན་ཉིན་གཉིས་རིང་བོད་པ་དང་ཕྱི་རྒྱལ་ཡུལ་མི་ ༣༠༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང་། དུས་སྟོན་ཐོག་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་མཁན་གྱི་བླ་སྤྲུལ་དང་མཁས་དབང་། སྒྱུ་རྩལ་པ་སོགས་ལས་གཞན། ད་ལོའི་དུས་སྟོན་གོ་སྒྲིག་གི་སྔ་གཞུག་ཏུ་བོད་མི་སུམ་ཅུ་ལྷག་གིས་དང་བླངས་ཞབས་ཞུ་སྒྲུབ་པ་དེས་སྔར་དང་མ་འདྲ་བའི་ཕན་ཐོགས་བྱུང་ཡོད་འདུག ཁོང་གིས། ༼སྔོན་མ་ཡིན་ན་དུས་སྟོན་གོ་སྒྲིག་གི་མཚོན་པའི་ལས་ཀ་ཚང་མ་ཕྱི་རྒྱལ་བ་ཚོས་བྱས་བསྡད་པ་རེད། ད་ལོ་བོད་པ་སུམ་ཅུས་དང་བླངས་བྱས་བ་ནང་བཞིན་དུས་སྟོན་ཚགས་ཚུད་པོ་དང་ཕན་ཐོགས་བྱུང་། འདིའི་ཐོག་ནས་ང་ལ་མ་འོངས་པར་དུས་སྟོན་འདི་རིགས་གཞན་ལ་རེ་མ་དགོས་པར་བོད་པ་རང་ངོས་ནས་གོ་སྒྲིག་བྱ་ཐུབ་པའི་གདེང་ཚོད་ཅིག་རྙེད་སོང་།༽ཞེས་དང་། ༼ད་ལོའི་མཛད་རིམ་ཁག་སྔོན་མ་ནང་བཞིན་རེད། ནང་ཆོས་ངོ་སྤྲོད་དང་ཆབ་སྲིད་བགྲོ་གླེང་། གཞས་དང་ཞབས་བྲོ་འཁྲབ་རྒྱུ་གཙོ་བོ་བྱས་ཡོད་པ་རེད། མ་འོངས་པར་འདི་དག་གི་སྒང་ལ་ཞལ་ཐང་འབྲི་བཞེངས་ཀྱིས་མཚོན་པའི་རིག་དངོས་དང་སྒྱུ་རྩལ་འགྲེམ་སྟོན་སོགས་བཀོད་སྒྲིག་ཐུབ་ན་བསམ་བཞིན་ཡོད། ད་ལྟ་ཧྥ་རན་སིར་བོད་མི་ཆིག་སྟོང་ལྷག་ཡོད་པ་རེད། དེ་ནང་ལྷ་བཟོ་སོགས་རིག་དངོས་སྒྱུ་རྩལ་ལ་མཁས་པོ་ཡོད་མཁན་གང་ལ་གང་འཚམ་ཡོད་པ་གོ་སོང་། སོང་ཙང་། དེ་འདྲ་ཞིག་གོ་སྒྲིག་བྱ་རྒྱུར་དཀའ་ངལ་ཡོད་པ་མ་རེད་ལ།དེས་ཁོང་ཚོའི་མདུན་ལམ་ལའང་ཕན་འགྲོ་གི་རེད་འདོད།༽ཅེས་ངོ་སྤྲོད་གནང་སོང་།
ཧི་མ་ལ་ཡ་བོད་ཀྱི་རིག་གཞུང་དུས་སྟོན་ནི་ཧྥ་རན་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་བོད་ཀྱི་ཁང་བས་ལོ་རེ་བཞིན་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་ཧྥ་རན་སིའི་ནང་བོད་སྐོར་གྱི་འདུ་འཛོམས་ཆེ་ཤོས་དེ་ཆགས་ཡོད་པ་རེད།
ཧྥ་རན་སིའི་གསར་འགོད་པ། ཟླ་བ་ཚེ་རིང་།
ཧ་ཅང་ཡག་པོ་ཐུགས་རྗེ་ཆེ་མུ་མཐུད་དུ་ཡིན་ད་རྒྱ་རྒན་ཚང་གི་སྙིང་ནང་ལ་མདོང་རྩེ་གཅིག་བརྒྱབ་འདུག་་་་་ཏག་ཏག་རེད་