གཟའ་མིག་དམར་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་མཐོ་རིམ་དཔོན་རིགས་ལྷན་འཛོགས་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་མགོ་འཛུགས་བྱས་ཡོད།
ཁ་སང་ཕྱི་ཚེས་ ༢༥ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་རྒྱལ་ཚོགས་ལས་ཁུངས་ཨ་མའི་ནང་། རྒྱལ་སྤྱིའི་སྲིད་གཞུང་ཁག་གི་མཐོ་རིམ་དཔོན་རིགས་ལྷན་འཛོམས་ཀྱི་ཚོགས་ཆེན་མགོ་འཛུགས་བྱས་ཡོད་པ་དང་། ཚོགས་ཆེན་སྟེང་རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན་གྱིས་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་དཔོན་རིགས་ཚོར། སེ་རི་ཡ་ཚུད་པའི་ཟིང་འཁྲུག་དཀའ་རྙོག་ཅན་གྱི་གནད་དོན་དག་དང་། གཞན་རྡུལ་མཚོན་གྱི་དཀའ་རྙོག་ཅན། དེང་སྐབས་ཁ་ཆེ་ལུང་པ་དག་ཏུ་ངོ་རྒོལ་སྤྱོད་སྤེལ་བཞིན་པའི་རིགས་བཅས་ཀྱི་གནད་དོན་ཐད་དོ་ཁུར་དང་། ལངས་ཕྱོགས་གཅིག་གྱུར་གྱིས་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་བྱ་དགོས་པ་ནན་སྐུལ་བྱས་འདུག
གཞན་ཚོགས་ཆེན་སྟེང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཉེ་ཆར་ཨ་རིའི་གློག་བརྙན་ཞིག་གི་དོན་རྐྱེན་འོག ཁ་ཆེ་ལུང་པ་གང་སར་དྲག་སྤྱོད་ངོ་རྒོལ་ཡོང་བཞིན་པ། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་དང་ཨབ་གྷན། ཨེ་ཛི་རལ་དང་པཱ་ལེ་སི་ཐན་སོགས་ཀྱི་རྩོད་རྙོག ཞི་བདེ་རྒྱ་མཚོའི་བདག་དབང་རྩོད་རྙོག་སོགས་ཀྱི་ཐད་བཟུང་པའི་ཨ་རིའི་སྲིད་ཇུས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་གནད་དོན་དེ་དག་ཐད་ལངས་ཕྱོགས་བརྟན་པོ་འཛིན་དགོས་སྐོར་དུས་ཡུན་སྐར་མ་ ༣༠ རིང་གཏམ་བཤད་བྱས་ཡོད་པར། ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་ཨོ་བྷ་མས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་ཨོ་བྷ་མའི་དྲིལ་བསྒྲགས་སྡིངས་ཆ་ཞིག་ཏུ་ཁྲིད་བཞིན་ཡོད་སྐོར་གླེང་གི་ཡོད་འདུག
ལོ་ལྟར་ཕྱི་ཟླ་ ༩ ནས་ ༡༢ པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཚོགས་ཀྱི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༨ ནས་ཕྱི་ཟླ་ ༡༢ ཚེས་ ༡ པར་རྒྱལ་ཚོགས་ཚོགས་ཆེན་ཐེངས་ ༦༧ པ་འཚོགས་བཞིན་ཡོད། ཚོགས་ཆེན་གྱི་དུས་ཡུན་ཕལ་ཆེ་བ་རྒྱལ་ཚོགས་ནང་ཁུལ་གྱི་རྒྱུན་ལས་དང་འཐུས་མའི་གྲོས་བསྡུར་ལས་སྡོམ་དང་སྲིད་ཇུས་གཏན་འབེབས་སོགས་ཡིན་ལ། ཚོགས་ཆེན་སྐབས་སུ་སྲིད་གཞུང་ཁག་གི་སྲིད་འཛིན་དང་སྲིད་བློན་སོགས་མཐོར་རིམ་དཔོན་རིགས་ལྷན་འཛོགས་ཐོག བགྲོ་གླེང་འཚོགས་རྒྱུའི་ཉིན་འགའ་ཡོད་པ་དེ་ནི་ཚོགས་འདུའི་ལས་རིམ་གལ་ཆེན་ཞིག་ཆགས་ཡོད་པ་རེད།
གསར་འགོད་པ། བནྡེ་སྐྱབས།