ཉེ་ཆར་རྒྱ་ནག་དབུས་ཆེས་མཐོའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག་བོད་ནང་གི་རང་ལུས་མེར་བསྲེགས་ལ་གདུང་སེམས་མཉམ་སྐྱེད་གནང་མཁན་ཚོར་དྲག་སྤྱོད་ཁྲིམས་ཆད་གཅོད་དགོས་པའི་ཡིག་ཆ་ཞིག་འགྲེམས་བསྒྲགས་བྱས་འདུག
ཉེ་ཆར་རྒྱ་གཞུང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་སྡེ་ཁག་བཅས་ཀྱིས་མཉམ་འབྲེལ་ཐོག་༼བོད་ཁུལ་གྱི་རང་བསྲེགས་གྱོད་དོན་ཁྲིམས་ལྟར་ལག་ལེན་དང་འབྲེལ་བའི་བསམ་འཆར༽ ཞེས་པའི་ཡིག་ཆ་ཞིག་བོད་ཁུལ་གྱི་ས་གནས་ཉེན་རྟོག་སྡེ་ཁག་སོ་སོར་བཀྲམས་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་མཚོ་ལྷོ་ཁུལ་ཉེན་རྟོག་སྡེ་ཁག་གིས་ཚོགས་འདུ་བསྐངས་ཏེ། རྒྱ་ནག་དབུས་གཞུང་གི་ཡིག་ཆ་དེ་གཙོ་བྱས་༼རང་བསྲེགས་གཏོང་མཁན་ལ་སེམས་གསོ་དང་ཞལ་འདེབས། བསྔོ་སྨོན་མཆོད་འབུལ། མང་ཚོགས་འདུ་འཛོམས་ཀྱིས་སྐུ་ཕུང་གདན་ཞུའི་བྱ་སྤྱོད་རིགས་ལ་བཀག་སྡོམ་གྱི་ཐག་གཅོད་བརྡ་ཁྱབ༽སོགས་ཡིག་ཆ་ཁག་ཅིག་འགྲེམས་བསྒྲགས་བྱས་ཡོད་ལ། དེ་བཞིན། ཕྱི་ཚེས་ ༣ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཉིན་རེའི་གསར་ཤོག་དྲ་བའི་སྟེང་༼རང་བསྲེགས་སྐུལ་སློང་བྱེད་མཁན་ལ་ངེས་པར་ཁྲིམས་ཆད་ནན་མོ་གཅོད་དགོས༽ ཞེས་པའི་བསྒྲགས་གཏམ་སོགས་སྤེལ་ཏེ། རྒྱ་ནག་དབུས་ནས་བཏང་བའི་ཡིག་ཆ་དེ་གཞིར་བཟུང་བོད་མིའི་ཐོག་སྔར་ལྷག་དྲག་གནོན་བྱ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
རྒྱ་གཞུང་ཆེས་མཐོའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་སྡེ་གསུམ་གྱིས་བཀྲམས་པའི་ཡིག་ཆ་དེའི་ནང་། བོད་ནང་གི་རང་སྲེག་ངོ་རྒོལ་དེ་ནི་ཕྱི་ནང་གི་ཁ་བྲལ་བར་འབྲེལ་བ་ཡོད་སྐོར་དང་། རྒྱབ་ལོག་ནས་རྩ་འཛུགས་དང་བརྒྱུད་སྐུལ། རོགས་འདེགས་བྱེད་མཁན་སོགས་ལ་བསམ་བཞིན་མི་དམར་གསོད་བཏང་བའི་ཉེས་ཁྲིམས་གཅོད་རྒྱུ་མ་ཟད། རང་སྲེག་གཏོང་ཡུལ་ས་གནས་སུ་འུར་ཟིང་སློང་མཁན་ལ་བསྙད་འཚོལ་ཟིང་སློང་གི་ཉེས་ཁྲིམས་དང་། རང་སྲེག་གཏོང་མཁན་གྱི་སྐུ་ཕུང་གདན་ཞུ་དང་། མི་ཚོགས་འདུ་འཛོམས། མཐའ་འཁོར་ནས་རྒྱང་ལྟ་བྱེད་མཁན་སོགས་ལ། སྤྱི་ཚོགས་ཀྱི་སྒྲིག་ལམ་དང་སྤྱི་དམངས་འདུ་རའི་སྒྲིག་ལམ། འགྲུམ་འགྲིལ་སྒྲིག་ལམ་བཅས་ལ་གཏོར་སྐྱོན་བཟོས་པའི་ཉེས་ཁྲིམས། ཉེན་རྟོག་པ་དང་སྨན་པ། དེ་འབྲེལ་གྱི་མི་གཞན་དག་ལ་རང་སྲེག་གཏོང་མཁན་གྱི་སྐུ་ཕུང་འཁྱེར་མི་འཇུག་མཁན་ཚོར་ཆེད་དམིགས་མི་གསོད་ཀྱི་ཉེས་ཁྲིམས། རྡོ་སྣུམ་སོགས་འབར་རྫས་ཀྱི་རིགས་མི་ཚོགས་འདུ་སར་འཁྱེར་མཁན་ལ་ཁྲིམས་འགལ་ཐོག་གནོད་ཚབ་ཅན་གྱི་དངོས་པོ་དབོར་ཏེ་སྤྱི་དམངས་འདུ་རར་ཉེན་ཁ་བཟོས་པའི་ཉེས་ཁྲིམས། གནས་ཚུལ་བྱུང་ཡུལ་ས་གནས་སུ་རྡུང་གཅོག་གི་བྱ་སྤྱོད་སྤེལ་མཁན་དང་། གཞུང་གི་རྒྱུ་དངོས་ལ་གཏོར་སྐྱོན་བྱེད་མཁན་ལ་ཆེད་དམིགས་རྒྱུ་དངོས་ལ་གཏོར་སྐྱོན་བཟོས་པའི་ཉེས་ཁྲིམས། ཉེན་རྟོག་པ་དང་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་མི་སྣས་ལས་དོན་ལག་བསྟར་ལ་བར་ཆད་གཏོང་མཁན་ལ་གཞུང་དོན་ལ་གཏོར་བརླག་བཟོས་པའི་ཉེས་ཁྲིམས། དེ་བཞིན། མི་མང་འདུ་འཛོམས་ཀྱིས་རང་སྲེག་གཏོང་མཁན་གྱི་སྐུ་ཕུང་གདན་ཞུ་དང་ཞལ་འདེབས་འབུལ་མཁན་ལ་ཁྲིམས་ལྟར་བཀག་སྡོམ་བྱ་དགོས་པ་མ་ཟད། གལ་སྲིད་གཙི་སྲུང་མི་བྱེད་མཁན་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པ་སོགས་བཀོད་དེ། ཁྲིམས་ལུགས་ཁ་ལ་ཁྱེར་ནས་བོད་མིར་དྲག་རྡུང་མནར་གཅོད་གཏོང་དགོས་པ་བསྟན་ཡོད།
བོད་མིར་དྲག་གནོན་ཁྲིམས་གཅོད་བྱེད་དགོས་པའི་རྒྱ་གཞུང་གི་ཡིག་ཆ་དེའི་ཐད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ལགས་སུ་དགོངས་ཚུལ་དྲིས་པར། ཁོང་གིས་ “རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེར་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་བསམ་འདུན་དང་རྣམ་འགྱུར་བཏོན་པ། མི་འདས་གྲོངས་ཕྱིན་སྐབས་ནང་མིར་སེམས་གསོ་ཞུ་རུ་ཕྱིན་པ་བཅས་ཀྱི་ཐོག་ལ། རྒྱ་གཞུང་གིས་དྲག་པོའི་རྣམ་འགྱུར་བཏོན་པ་དེས་གནས་ཚུལ་ཁ་ཤས་ཤིག་གསལ་བོ་ཆགས་ཡོད་པ་རེད་བསམ་གྱི་འདུག དང་པོ། རྒྱ་གཞུང་གིས་བོད་ནི་རྒྱའི་མི་རིགས་ཁོངས་ནས་གཅིག་ཡིན་ལབ་ཀྱིན་ཡོད་མོད། དོན་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་གང་ཡང་མ་ཤེས་པའི་རྣམ་པ་གསལ་བོ་མངོན་ཡོད། གཉིས་པ། རྒྱ་གཞུང་གིས་ཇི་ལྟར་འགྲེལ་བརྗོད་བྱས་ཀྱང་རུང་། རྣམ་འགྱུར་དེ་ནི་བཙན་དབང་རང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད་པ་གསལ་བོ་ཆགས་ཡོད། གསུམ་པ། རྒྱ་གཞུང་གིས་བོད་རྒྱ་མི་རིགས་འདྲ་མཉམ་ཡིན་པ་མ་ཟད་བོད་ལ་དམིགས་བསལ་སྤྲད་ཡོད་ཅེས་འུད་སྒྲོག་བྱེད་ཀྱི་ཡོད་ནའང་། དོན་གྱིས་བོད་མི་རིགས་དང་རྒྱ་མི་རིགས་འདྲ་མཉམ་མིན་པའི་རྣམ་འགྱུར་གསལ་བོ་མངོན་ཡོད། བཞི་བ། བོད་ནང་ཆོས་ལུགས་རང་དབང་དང་ཆབ་སྲིད་གུ་ཡངས། དཔལ་འབྱོར་འཛུགས་སྐྲུན་བྱས་ཡོད་ཚུལ་དྲིལ་སྒྲོག་བྱེད་བཞིན་ཡོད་ནའང་། འཛམ་བུ་གླིང་འདིའི་སྒང་ལ་བྱུང་མ་མྱོང་བའི་བོད་མི་ ༩༢ ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་འདིས། ཁོ་ཚོས་བོད་ཐོག་འཛིན་པའི་དབང་སྒྱུར་དྲག་གནོན་སྲིད་ཇུས་དེ་ལམ་ལྷུང་མ་བྱུང་བ་གསལ་བོ་ཆགས་ཡོད། དེར་བརྟེན། རྒྱ་གཞུང་ཨ་ཆད་ཨུ་ཐུག་གི་གནས་སུ་གྱར་ཏེ་དབང་སྒྱུར་རིང་ལུགས་ཀྱི་ལག་ཆ་མཐའ་མ་སྟེ། ཁྲིམས་ཀྱི་མིང་ཁྱེར་ཏེ་བཙན་དབང་གདུག་རྩུབ་རང་སྣང་གང་དྲན་བྱེད་བཞིན་ཡོད་པ་རེད། དེ་ནི་ཤིན་ཏུ་བློ་ཕམ་ཆེན་པོའི་གནས་ཚུལ་ཞིག་རེད” ཅེས་བརྗོད་སོང་།
བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ། ཉེ་ཆར་རྒྱ་ནག་དབུས་གཞུང་ནས་རང་ལུས་མེར་བསྲེགས་དང་འབྲེལ་བའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་གནས་སྟངས་ལ་དྲག་གནོན་ཁྲིམས་གཅོད་བྱེད་དགོས་པའི་ཡིག་ཆ་ཞིག་འགྲེམས་བསྒྲགས་བྱས་ཡོད་པ་དེའི་ཐད་གཟིགས་ཚུལ་ག་རེ་ཡོད་མེད་དྲིས་པར། ཁོང་གིས་ “ངས་བལྟས་ན་ཡིག་ཆ་དེའི་ནང་དོན་ནི་རྒྱ་ནག་རྩ་ཁྲིམས་ཀྱི་དགོངས་དོན་དང་འགལ་འདུག རྒྱ་ནག་གི་རྩ་ཁྲིམས་ནང་རང་ལུས་མེར་བསྲེགས་བཏང་མི་ཆོག་པའི་ཁྲིམས་ཡོད་པ་མ་རེད་ལ། བོད་ནང་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་ཡོང་དུས། དེར་བོད་མི་མང་པོས་ཕྱོགས་ཡོངས་ནས་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་དང་། སེམས་གསོ་ཞུ་བ་དང་ཞལ་འདེབས་འབུལ་བ། བསྔོ་སྨོན་མཆོད་འབུལ་གནང་བཞིན་པ་བཅས་ལ་རྒྱ་ནག་གཞུང་ཐབས་ཤེས་མེད་པ་ཆགས་ཡོང་དུས། དབུས་ནས་ཡིག་ཆ་དེ་འདྲ་ཞིག་གསར་དུ་གཏན་འབེབས་བཟོས་ཏེ། ས་གནས་ས་ཐོག་ཏུ་བོད་པའི་ལས་འགུལ་སྤེལ་བཞིན་པ་དེར་འཕྲལ་དུ་དྲག་གནོན་དང་རྡུང་བརྡེག་བྱེད་ཆོག་པའི་སྲིད་ཇུས་ཤིག་སྤེལ་གྱི་ཡོད་པ་རེད། དེ་ནི་ཧ་ཅང་བློ་འཚབ་བྱེད་དགོས་པའི་གནད་དོན་ཞིག་རེད། ལྷག་པར་དུ་ཡིག་ཆ་དེའི་ནང་མི་མང་གིས་ཞལ་འདེབས་དང་སེམས་གསོ་གནང་བཞིན་པ་དེ་དག་མི་ཆོག་པར་བརྗོད་ཡོད་པ་དེ་ནི། རྒྱ་ནག་གི་ཁྲིམས་དང་འགལ་ཡོད་ལ། དེ་འདྲ་བྱེད་དགོས་ཚེ་རྒྱ་ནག་ནང་ཁུལ་དུའང་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་ཡོད་པ་མ་ཟད། དེར་མི་མང་པོས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་བཞིན་པ་མཐའ་དག་ཁྲིམས་འགལ་ཆགས་དགོས་ཀྱི་ཡོད་པ་རེད། དེར་བརྟེན། བོད་ཀྱི་ཐོག་ལ་གཞན་དང་མ་འདྲ་བའི་སྲིད་ཇུས་ཞིག་བཟུང་ཡོང་གི་ཡོད་པ་གསལ་བོ་རེད།” ཅེས་བརྗོད་སོང་།
རྒྱ་གཞུང་གིས་བོད་ཐོག་དྲག་གནོན་ཤུགས་ཆེ་རུ་བཏང་བར་བརྟེན་ནས་འབྱུང་འགྱུར་བོད་ཀྱི་གནས་སྟངས་དེ་ག་འདྲ་ཞིག་ཆགས་སྲིད་མིན་ཐད་ལ། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། “ཉེ་ཆར་བཏོན་པའི་ཡིག་ཆ་དེ་ལས་རྒྱ་གཞུང་གི་མགོ་ཁྲིད་གསར་བ་བསླེབས་པ་ཡིན་ནའང་། བོད་གཙོས་གྲངས་ཉུང་མི་རིགས་ཐོག་ལ་སྲིད་ཇུས་འཛིན་སྟངས་ཏེ་འགྱུར་བ་རྩ་བ་ནས་ཐེབས་མེད་པར་མུ་མཐུད་བསྡད་ཡོད་པ་མཐོང་ཐུབ་ལ། རྒྱ་གཞུང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཏན་འབེབས་བཟོས་པའི་ཡིག་ཆ་དེས་རྐྱེན་གྱིས། བོད་ནང་སྔར་བས་ཛ་དྲག་ཆེ་རུ་འགྲོ་རྒྱུ་ཡིན་པ་དེ་ང་ཚོས་བརྒྱ་ཆ་བརྒྱ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།” ཅེས་བརྗོད་དེ། མ་འོངས་པར་བོད་ནང་གནས་སྟངས་མུ་མཐུད་ཛ་དྲག་དང་ལས་འགུལ་གཞི་རྒྱ་ཆེ་རུ་འགྲོ་སྲིད་པ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་གནོན་ཤུགས་ཆེ་རུ་བསླེབས་པ་སོགས་དོན་དག་མང་པོ་ཞིག་འཛོམས་ཡོང་དུས། རྒྱ་གཞུང་གིས་བསམ་བློ་མི་གཏོང་ག་མེད་ཆགས་རྒྱུ་ཡིན་པའི་ངོས་འཛིན་གནང་གི་འདུག
དེ་བཞིན། ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། “འཛམ་བུ་གླིང་གི་རྒྱལ་རབས་ལོ་རྒྱུས་ནང་རང་དབང་འཐབ་རྩོད་ཀྱི་ལས་རིམ་མང་པོ་བྱུང་མྱོང་ཡོད་པ་ལྟར། དེ་འདྲའི་བརྒྱུད་རིམ་གྱི་ཐོག་ནས་ང་ཚོའི་གནས་སྟངས་ལ་བསམ་བློ་བཏང་སྟེ། བསམ་བློའི་འཁྱེར་སོ་དེའང་སྔ་གཞུག་བར་གསུམ་གྱི་གནས་སྟངས་ཧྲིལ་བོར་གཏོང་དགོས་པའི་ཆ་ནས། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ནང་ལ་གནས་ཚུལ་དེ་འདྲ་ཡོང་རྒྱུ་ཡིན་པ་ནི་ང་ཚོས་ཤེས་ཐུབ་ལ། དེ་ཤེས་པ་གཞིར་བཟུང་གི་ཐོག་ནས་དེ་ཡང་མཐའ་མའི་མཐའ་མཚམས་ཡིན་པ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་རྒྱུ་ཡོད་པ་མ་རེད། རང་དབང་གི་འཐབ་རྩོད་དེ་མ་འགྲུབ་བར་ཏུ་ང་ཚོས་འབད་བརྩོན་བྱེད་དགོས་ཀྱི་ཡོད་སྟབས། གནད་དོན་དེ་དག་དགོངས་པར་བཞག་པའི་ཐོག་ནས་ཕུགས་རྒྱང་རིང་པོའི་གནས་སྟངས་ཐད་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད།” ཅེས་ཛ་དྲག་གི་གནས་སྟངས་སྐབས་ལས་དོན་གང་ཞིག་ཡིན་ཡང་གཟབ་ནན་གྱིས་སྒྲུབ་དགོས་པའི་སྐོར་བརྗོད་སོང་།
གསར་འགོད་པ། ཚེ་རིང་རྒྱལ།
ཀྲུང་ཀོའི་བོད་ལྗོངས་དྲ་བར་གནས་ཚུལ་འདི་འདྲ་ཞིག་བཀོད་འདུག
《སི་ཁྲོན་སྤྱི་བདེས་བོད་མི་རང་སྲེག་ལ་ངན་སྐུལ་བྱེད་མཁན་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་འཛིན་བཟུང་བྱས་པ།》
སྤེལ་དུས། 2012-12-10
ཡོང་ཁུངས། ཤིན་ཧྭ་དྲ་བ།
ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། ཉེ་ལམ་སི་ཁྲོན་ཉེན་རྟོག་པས་ཏཱ་ལའི་རུ་ཚོགས་ཀྱིས་ངན་ཇུས་དང་བཙན་སྐུལ་བཀོལ་ནས་བོད་མི་རང་སྲེག་བྱེད་པའི་དོན་རྐྱེན་སློང་མཁན་གཙོ་བོ་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་འཛིན་བཟུང་བྱས་ཤིང་། བློ་བཟང་དཀོན་མཆོག་གིས་ཉེས་དམིགས་ངེས་ལེན་དང་འཚོལ་བཤེར་ར་སྤྲོད་བྱས་པ་ལས། ༢༠༠༩ལོའི་ཚུན་ལ། ཏཱ་ལའི་རུ་ཚོགས་ཀྱི་བཀའ་དང་ལེན་བྱས་རྗེས། སྔ་གཞུག་ཏུ་བོད་མི་༨ལ་ངན་སྐུལ་བྱས་ནས་དོན་མེད་དུ་རང་སྲེག་བྱེད་དུ་བཅུག་པ་དང་། དེའི་ནང་ནས་མི་གསུམ་ཚེ་ལས་འདས།
ད་ལོའི་ཟླ༨པར་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་ནས་རང་སྲེག་དོན་རྐྱེན་དུ་མ་བྱུང་ཞིང་། དེར་སི་ཁྲོན་སྤྱི་བདེ་ཐིང་གིས་འཕྲལ་མར་ཉེན་རྟོག་པ་འགའ་འདེམས་ནས་མྱུལ་ཞིབ་བྱེད་དུ་བཅུག། ཟླ༨པའི་ཚེས༡༣ཉིན་ནས་ཚེས༡༥ཉིན་གཉིས་ལ་སྔ་གཞུག་ཏུ་ཉེས་ཅན་གཙོ་བོ་བློ་བཟང་དཀོན་མཆོག་དང་། བློ་བཟང་ཚེ་རིང་གཉིས་འཛིན་བཟུང་བྱས། བློ་བཟང་དཀོན་མཆོག་ནི་ད་ལོ་ལོ་༤༠ཡིན་པ་དང་། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་ཀརྟི་དགོན་གྱི་གྲྭ་བ་ཡིན། བློ་བཟང་ཚེ་རིང་ནི་ད་ལོ་ལོ་༣༡ཡིན། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་འབྲོག་པ་ཡིན།
དོན་དངོས་རྩད་ཞིབ་བྱས་པ་ལས། ༢༠༠༩ལོའི་ཟླ༢པར་རྔ་བ་རྫོང་ཀརྟི་དགོན་གྱི་གྲྭ་བ་བཀྲ་བྷེ་རང་སྲེག་བྱས་རྗེས། བློ་བཟང་དཀོན་མཆོག་གིས་ཏཱ་ལའི་རུ་ཚོགས་ཀྱི་བོད་རང་བཙན་ཚོགས་པའི་གསར་འགྱུར་འབྲེལ་གཏུག་ཚོགས་ཆུང་གི་ཚོགས་མི་བསམ་གཏན་ལ་སོགས་ཀྱི་བཀའ་དང་ལེན་བྱས་ཏེ། རང་སྲེག་བྱེད་མཁན་དག་གི་གནས་ཚུལ་བསྡུ་ལེན་གྱིས་ཕྱི་རུ་བསྐུར་བ་རེད། དེ་མི་ཚད་རང་སྲེག་ནི་ཆོས་ལུགས་དང་རྒྱབ་འགལ་དུ་མི་འགྲོ་བར་དཔའ་བོའི་དན་རྟགས་ཡིན་པ་སོགས་ཀྱི་འཆལ་གཏམ་བསྒྲགས་ཏེ། རྒྱལ་ཕྱི་ནས་རང་སྲེག་བྱེད་མཁན་དྲིལ་སྒྲོག་ཆེན་པོ་བྱེད་པ་དང་། དེ་ལ་ཡིད་སྨོན་དང་བཅས་རང་སྲེག་མཁན་གྱི་ཁྱིམ་མིའི་སྙན་གྲགས་ཇེ་ཆེར་གཏོང་རྒྱུ་སོགས་བོད་མིར་མགོ་གཡོག་མགོ་སྐོར་གྱིས་རང་སྲེག་ལ་སྐུལ་མ་བྱས་པ་རེད།
http://tb.tibet.cn/2010news/xzxw/zzzj/201212/t20121210_1802730.html
གོང་གི་དྲ་བྱང་ལ་གཟིགས་ན། གནས་ཚུལ་གསལ་བོ་བཀོད་འདུག
ཉེ་ཆར། རྒྱ་གཞུང་ཆེས་མཐོའི་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་སྡེ་ཁག་བཅས་མཉམ་འབྲེལ་ཡིན་བཟོའི་མིང་ཐོག་ནས། 《བོད་ཁུལ་གྱི་རང་བསྲེགས་གྱོད་དོན་ཁྲིམས་ལྟར་ལག་ལེན་དང་འབྲེལ་བའི་བསམ་འཆར་》ཞེས་པའི་ཡིག་ཆ་ཞིག་བོད་ཁུལ་གྱི་ས་གནས་ཉེན་རྟོག་སྡེ་ཁག་སོ་སོར་བཀྲམས་ཡོད་པ་འདིས་ག་རེ་མཚོན།
གཅིག་ནས། རྒྱ་གཞུང་གི་ངོས་ནས། བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་སྐོར་ལ་བསམ་ཤེས་རྩ་བ་ནས་མ་བཏང་བ་མ་ཟད། ད་དུང་བོད་མི་རིགས་འདི་གཉའ་གནོན་བཙན་བཟུང་བྱེད་རྒྱུའི་དམིགས་ཡུལ་གཏིང་ནག་དེ་ལྷུང་ལ་བུད་པ་རེད།
གཉིས་ནས། དོན་དངོས་ཀྱི་རྒྱ་གཞུང་གི་ཁྲིམས་དང་ལག་ལེན་གཉིས་ཀྱི་བར་ལ་འགལ་ཟླ་ཡོད་པ་ནི། རང་ཤུགས་ཀྱིས་ཕྱི་གསལ་ནང་གསལ་དུ་ཆགས་པ་རེད།
གསུམ་ནས། རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་གུ་ཡངས་གཉིས་ཕན་གྱི་རྨང་གཞི་འདང་རྒྱུ་ལས་ལྡོག་སྟེ། ཇེ་བཙན་ཇེ་སྡུག་ཏུ་གཏོང་རྒྱུའི་བརྡ་ལན་སྤྲད་པ་རེད།
བཞི་ནས། བོད་མི་རིགས་ཀྱི་གནད་དོན་འདི། རྒྱ་གཞུང་གིས་མཐོང་ཆུང་སྣང་མེད་དུ་རྩིས་པ་མ་ཟད། དྲག་སྤྱོད་ཁོ་ནས་སེལ་ཐབས་པའི་སྲིད་བྱུས་བཙན་ཤུགས་ཅན་ཞིག་བཟུང་ཡོད་པ་གསལ་བོ་རེད།
ད་ནི། སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་རྒྱུ་ཆ་ཡག་པོ་ཞིག་རག་ཡོད་པ་རེད།
ད་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་སོགས་པར་ཁྲིམས་གཏུགས་གནད་ལ་འཁེལ་བ་བྱེད་རོགས།
ད་ནི། རྒྱ་གཞུང་གི་རྩ་ཁྲིམས་དང་ལག་ལེན་བར་ལ་འགལ་ཟླ་ཡོད་པའི་གསལ་བཤད་བྱེད་དགོས།
ད་ནི། བོད་མི་རིགས་འདི་ཨུ་ཐུགས་ཐབས་ཟད་ཡིན་པའི་ཁུངས་སྐྱེལ་དངོས་ཡོད་ཀྱིས་བྱེད་རོགས།
ད་ནི། བོད་མི་རིགས་ཀྱི་དཀའ་ངལ་ངོ་མ་དེ་ཕྱོགས་ཡོངས་ནས་གསལ་སྟོན་ནན་མོ་གནང་རོགས།
ཡིག་ཆ་དེ་དག་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཡོད་ན་པའི་རྒྱུ་མཚན་རྒྱ་ཡིག་ནང་བྲིས་ནས་རྒྱ་ནག་མི་མང་གིས་ཤེས་ཐུབ་པའི་རྒྱ་ཡིག་སྒང་ནས་འགག་རྩོམ་ཚད་ལྡན་བྲིས་ནས་རྒྱ་ནག་གི་དབང་ཅུང་ཙམ་ཡོད་པའི་དྲ་རྒྱའི་སྒང་ལ་བཀོད་མ་ཐུབ་ཀྱང་རང་དབང་གི་མཆན་སོགས་ཀྱི་ནང་ཞུགས་ནས་རྒྱ་ནག་མི་མང་གིས་ཤེས་ཐུབ་ཅིག་བཟོ་དགོས་པའི་དུས་ཚོད་གལ་གནད་ཅིག་སླེབས་ཡོད་མོད། བཙན་བྱོལ་བས་དེ་ཙམ་རྩོམ་ཡིག་མང་པོ་སྤེལ་ཐུབ་མེད།
དམར་གཞུང་གིས་བསྒྲགས་པའི་ཡིག་ཆ་དེ་ཚོ་ངེས་པར་སྐད་རིགས་མང་པོ་སྒང་ལ་བསྒྱུར་ནས་འཛམ་གླིང་མི་མང་ལ་གསལ་པོར་རྒྱ་ནག་དམག་གཞུང་གི་དེ་ཉིད་རྟོགས་ཐུབ་པར་དགོས་རྒྱུ་དེ་གལ་གནད་ཅན་དུ་མཐོང་།
དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་བསྒྲགས་ནས་དགོས་གལ་ཆེན་པོ་མ་མཐོང་།
ད་ནས་བཙན་བྱོལ་གཞུང་མང་གཉིས་ཀས་བཙན་བྱོལ་ན་ཡོད་པ་བོད་པ་དེ་ཚོ་ཁ་ཡོད་ལག་ཡོད་ཀྱི་འབྱོན་ཐང་ལྡན་པ་ཞིག་ཏུ་འགྱུར་དགོས་པ་གལ་ཆེར་མཐོང་།
བཙན་བྱོལ་གྱིས་གཞིས་ཀྱི་རེ་འབོད་རྒྱལ་སྤྱིའི་སྒང་ལ་དེ་ཙམ་སྐྱེལ་ཐུབ་ཀིན་མེད་པའི་གནས་སྟངས་ཤིག་མངོན་ཡོང་གིན་འདུག
དེའི་ཕྱོགས་ལ་བསམ་བློ་ཞིག་མི་གཏོང་རང་བཏང་རེད།
བཙན་བྱོལ་ན་ཡོད་པའི་བོད་རིགས་ཀྱི་འབྱོན་ཐང་ཕྱོགས་གང་ས་ནས་ཡར་རྒྱས་ཤུགས་ཆེར་གཏོང་དགོས།
བཙན་བྱོལ་གྱི་བོད་རིགས་འདི་དག་ཇི་ཙམ་འབྱོན་ན་ཙམ་གྱིས་རེ་འབོད་དེ་དག་རྒྱལ་སྤྱིའི་སྒང་དང་རྒྱ་ནག་མི་མང་ནང་ལ་སྐྱེལ་ཐུབ་ཀིན་རེད།
ལྷག་དོན་རྒྱ་ནག་ནང་ལ་བོད་པའི་རེ་འབོད་ཀྱི་མེ་ལྕེ་དེ་མཁྱེན་ཐུབ་པ་ཞིག་བཟོ་དགོས་ཀྱང་དེ་ཙམ་བཟོ་ཐུབ་མེད།
སྐུ་ངོ་དྲུང་ཕར་མཆོག་གི་དོན་མཚན་བཞི་ལྡན་དེར་རྒྱུ་མཚན་ཆེན་པོ་འདུག་རུང་ད་བར་མི་ལོ་ལྔ་བཅུ་ལྷག་མི་ཡུལ་བསྡད་ནས་མི་རབ་གཉིས་པ་དང་གསུམ་པ་ལ་ཉེ་བ་དེ་དག་ཡུལ་འགྱར་བའི་འགྲོ་འདུག་སྤྱོད་གསུམ་ཆགས་བཞིན་པ་དང། ཆགས་ལ་ཉེ་བས་ཁ་སྟོང་གི་ཚིགས་སྐམ་དེ་ཚོས་ཉིན་འཁྱོལ་ཡང་མཚན་མི་བསྐྱལ་དཀའ་བའི་བོད་ནང་གཞིས་བཞུགས་ཀྱིས་མི་མང་ཚོར་ད་བར་གང་ཡང་ཕན་གྱི་མི་འདུག་པས་ད་ཆ་རྡ་ས་དང་ པེ་ཅེན་ཚིགས་བརྒྱག་མི་དགོས་པར་ཕན་ཚུན་བཟང་ངན་ཐག་གཅོད་དགོས་པའི་དུས་ལ་སླེབས་ཡོད་དོ།
ཅིག་གིས། ་་་་་་འཛམ་བུ་གླིང་འདིའི་སྒང་ལ་བྱུང་མ་མྱོང་བའི་བོད་མི་ ༩༢ ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་འདིས། ཁོ་ཚོས་བོད་ཐོག་འཛིན་པའི་དབང་སྒྱུར་དྲག་གནོན་སྲིད་ཇུས་དེ་ལམ་ལྷུང་མ་བྱུང་བ་གསལ་བོ་ཆགས་ཡོད། དེར་བརྟེན། རྒྱ་གཞུང་ཨ་ཆད་ཨུ་ཐུག་གི་གནས་སུ་གྱར་ཏེ་དབང་སྒྱུར་རིང་ལུགས་ཀྱི་ལག་ཆ་མཐའ་མ་སྟེ། ཁྲིམས་ཀྱི་མིང་ཁྱེར་ཏེ་བཙན་དབང་གདུག་རྩུབ་རང་སྣང་གང་དྲན་བྱེད་བཞིན་ཡོད་པ་རེད། དེ་ནི་ཤིན་ཏུ་བློ་ཕམ་ཆེན་པོའི་གནས་ཚུལ་ཞིག་རེད། ་་་་ཟེར་བ་དང་།
ཡང་ཅིག་གིས། ་་་་་ ངས་བལྟས་ན་ཡིག་ཆ་དེའི་ནང་དོན་ནི་རྒྱ་ནག་རྩ་ཁྲིམས་ཀྱི་དགོངས་དོན་དང་འགལ་འདུག རྒྱ་ནག་གི་རྩ་ཁྲིམས་ནང་རང་ལུས་མེར་བསྲེགས་བཏང་མི་ཆོག་པའི་ཁྲིམས་ཡོད་པ་མ་རེད་ལ། བོད་ནང་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་ཡོང་དུས། དེར་བོད་མི་མང་པོས་ཕྱོགས་ཡོངས་ནས་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་དང་། སེམས་གསོ་ཞུ་བ་དང་ཞལ་འདེབས་འབུལ་བ། བསྔོ་སྨོན་མཆོད་འབུལ་གནང་བཞིན་པ་བཅས་ལ་རྒྱ་ནག་གཞུང་ཐབས་ཤེས་མེད་པ་ཆགས་ཡོང་དུས། དབུས་ནས་ཡིག་ཆ་དེ་འདྲ་ཞིག་གསར་དུ་གཏན་འབེབས་བཟོས་ཏེ། ས་གནས་ས་ཐོག་ཏུ་བོད་པའི་ལས་འགུལ་སྤེལ་བཞིན་པ་དེར་འཕྲལ་དུ་དྲག་གནོན་དང་རྡུང་བརྡེག་བྱེད་ཆོག་པའི་སྲིད་ཇུས་ཤིག་སྤེལ་གྱི་ཡོད་པ་རེད། ་་་ཟེར།
ཁ་ནས་དེ་འདྲ་འདུག་དང་། འདི་འདྲ་བསམ་གྱི་ཡོད་སོགས་གཅིག་པོ་ལབ་ནས་མི་འདུག་པར། རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆ་དེ་དག་གཅིག་གཅིག་གཉིས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་དང་། མཉམ་སྦྲེལ་རྒྱལ་ཚོགས། དེ་བཞིན་འབྲེལ་ཡོད་རང་དབང་ཅན་གྱི་ཚོགས་སྡེ་ཁག་ལ་བསྐྱར་དང་ནན་གྱིས་ངོ་སྤྲོད་བྱ་དགོས་པ་དེ་གལ་ཆེན་རེད། ཡིག་ཆ་དེ་འདྲ་ནི་དཔང་རྟགས་དམར་རྗེན་དང་དངོས་འབྲེལ་ཡིན་པས་ཟུར་དུ་ལྐོག་ཉར་བྱ་རྒྱུ་ཞིག་གཏན་ནས་མ་རེད། དེ་བཞིན་གཞན་གྱི་སྐད་ཡིག་མང་པོའི་ནང་དུ་ངེས་པར་དུ་བསྒྱུར་འགོད་བྱ་དགོས་པ་དེ་སེམས་ལ་ཟུངས། ལས་ཀྱི་སྣེ་མོར་གཏོགས་པ་ཚོ་་་་་་
དགྲ་བོ་ཁྱོད་རྣམས་ཞི་བའི་ལས་འདི་ལྟ་བུ་ཞིག་ལ་དྲག་སྤྱོད་བཀག་བསྡོམ་ཞེས་ཧམ་བཤད་བྱེད་པ་ནི་ང་ཚོ་དྲག་རྒོལ་ཚོགས་པ་ལ་ཆེད་གཉེར་གྱིས་ལན་བརྡ་གཅིག་ཡིན་མོད། ད་ཕན་ལས་གནོད་ཆེ་བ་ཡོང་གི་རེད། རྒྱ་དམར་བ་ཁྱོད་རྣམས་འཛམ་གླིང་འདིར་དངུལ་དམར་གྱི་ཧམ་བཤད་སྲིད་པ་མ་སྟོང་བར་གནས་ཐུབ་པའི་གཉིད་ལམ་རྫུན་གཡོ་དེ་རིང་ནས་རྒྱུ་འབྲས་མངོན་ཐུབ་པ་ཞིག་ཡོང་ངེས་རེད། ཁྱོད་ཚོར་ཐབས་དང་། ལམ་ཡོད་ན་ང་ཚོར་ཐབས་དང་ཇུས་དེ་བས་མང་བ་ཡོད་བལྟ་ཆོག། དབུ་མིའི་ལམ་གྱི་ཁྱེད་ཚོར་ལྷག་བསམ་བཅང་བ་ནི་སྤྱང་ཆུང་བྱིས་པ་ནས་གསོས་ཏེ་མཐར་བདག་པོར་སོ་བཏབ་པ་དང་ཁྱད་མེད་པས་ད་ང་ཚོའི་སྤུན་ཟླའི་ཚེ་སྲོག་དང་། མནར་གཅོད་སྡུག་སྦྱོང་ཁེ་གྱོང་བསྡུར་ས་མེད་པ་ཆགས་སོང་བསྟན་དགྲ་རྒྱ་དམར་ཉོན་ཅིག། དཔའ་མཛངས་བདེན་དོན་རྒྱལ་གྱུར་ཅིག།།།
རྒྱ་གཞུང་གིས་བོད་མིར་དྲག་སྤྱོད་བཀག་སྡོམ་བྱེད་དགོས་པའི་ཡིག་ཆ་འགྲེམས་བསྒྲགས།
གོང་གསལ་ཁ་བྱང་འདི་འབྲི་སྟངས་ཏག་ཏག་ཅིག་རེད་དམ།
རྒྱ་གཞུང་གིས་བོད་མིར་དྲག་སྤྱོད་བཀག་སྡོམ་བྱེད་དགོས་པའི་ཡིག་ཆ་འགྲེམས་བསྒྲགས་བྱས་ཡོད་ན།
10th Decemberསང་ཉིན་བཅུ་གཉིས་བཅུ་ལ་བོད་རིགས་མི་མངས་སོ་སོ་ཡོད་སའི་རྒྱ་ནག་གཞུང་ཚབ་ཁང་ཚང་མའི་མདུན་དུ་སྐད་འབོད་ལ་ཕེབས་རོགས་ཞུའོ། །
རྒྱ་རྫུན་པ་ཕམ་འགྱུར་ནས། བོད་པ་བདེན་ཉིད་རྒྱལ་འགྱུར་ཅིག །བོད་རིགས་རྒྱལ་ལོ། །