ཨེ་རན་སྲིད་འཛིན་འོས་བསྡུ་གྲུབ་སྟེ་ད་ཆར་འོས་གྲངས་རྩིས་རྒྱག་བཞིན་ཡོད་པ་དང་། ད་སྔ་རྩིས་ཟིན་པའི་གྲངས་འབོར་ལྟར་ན་འོས་མི་ཧཱ་སན་ལ་འོས་ཤོག་མང་ཤོས་ཆགས་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༤ ཉིན་ཨེ་རན་སྲིད་འཛིན་འོས་བསྡུ་གྲུབ་ཏེ། དེ་རིང་ཞོགས་པ་ནས་འོས་ཤོག་གྲངས་རྩིས་རྒྱག་བཞིན་ཡོད་པ་དང་། གཞུང་འབྲེལ་བརྙན་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་སྔ་འོས་ཤོག་ས་ཡ་ ༡༢ རྩིས་ཚར་ཡོད་པ་ལས་འོས་ཤོག་རྩིས་མེད་དུ་ཕྱིན་པ་ཕུད་འོས་ཤོག་ས་ཡ་ ༡༡།༧ བྱུང་ཡོད་འདུག་ལ། འོས་མི་དྲུག་ལས་ཧཱ་སན་དང་པོ་ཆགས་ཏེ་འོས་གྲངས་ ༦༠༤༩༦༥༥ དང་། ཁ་ལེ་བྷ་ཧྥི་ལ་འོས་གྲངས་ ༡༨༤༤༤༦༣ དང་། མཱོ་སེན་ལ་འོས་ཤོག་ ༡༥༡༨༩༦༤ བཅས་ཐོབ་ཡོད་འདུག
ཨེ་རན་གཞུང་འབྲེལ་སྙན་འཕྲིན་གྱིས་འོས་ཤོག་བླུགས་རྒྱུར་ཐོབ་ཐང་ཡོད་མཁན་ས་ཡ་ ༥༠ ཡོད་པ་ལས་བརྒྱ་ཆ་ ༨༠% ཆ་ཤས་བླངས་ཡོད་པར་བསྒྲགས་ཡོད་པ་དང་། ༢༠༠༩ ལོའི་སྲིད་འཛིན་འོས་བསྡུའི་སྐབས་ཀྱང་བརྒྱ་ཆ་༨༠% ཆ་ཤས་བླངས་ཡོད་ཚུལ་བསྒྲགས་ཡོད། འོན་ཀྱང་ཕྱི་ཕྱོགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཁག་གིས་འདས་པའི་ཨེ་རན་སྲིད་འཛིན་འོས་བསྡུ་སྐབས་ ༡༠ རིང་མི་མང་གིས་འོས་བླུགས་པའི་གྲངས་ཚད་ཆ་སྙོམས་བརྒྱ་ཆ་ ༦༥% ལས་བྱུང་མེད་ཚུལ་བཀོད་འདུག