ཀན་སུའུ་ས་འགུལ་ཁྲོད་མི་ཤི་རྨས་ཀྱི་གྲངས་ཀ་མུ་མཐུད་འཕར་བཞིན་ཡོད་པ་དང་། ས་འགུལ་སྐོར་གྱི་གནས་ཚུལ་ཐད་རྒྱ་ནག་རྒྱལ་སྤྱིའི་གསར་ལམ་ཁག་བར་གྱི་བཤད་སྟངས་ལ་ཁྱད་པར་འདུག
དེ་རིང་སྔ་དྲོར་སླར་ཡང་གནས་ཚུལ་སྤེལ་བའི་ནང་། ཁ་སང་ཞོགས་པར་རྒྱ་ནག་གིས་ཀན་སུའུ་ཞེས་འབོད་པའི་མེན་རྫོང་དང་ཀྲང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་ས་འགུལ་བརྒྱབ་པའི་ཁྲོད། དེ་རིང་སྔ་དྲོའི་ཆུ་ཚོད་བཅུ་བའི་བར་མི་ ༨༩ འདས་གྲོངས་དང་། མི་ ༨༠༠ ལྷག་ལ་རྨས་སྐྱོན། མི་ ༥ གར་སོང་ཆ་མེད་དུ་གྱུར་ཡོད་ཚུལ་བསྒྲགས་འདུག
ཐེངས་འདིའི་ས་འགུལ་དེ་ཀན་སུའུ་མངའ་ཁུལ་གྱི་ཏིན་ཞི་དང་ལུང་ནན། ཐེན་ཧྲོས། པེ་དབྱིན། ཀ་ཆུ། ཀན་ལྷོ་བཅས་གྲོང་ཁྱེར་དང་ཁུལ་ ༦ གི་རྫོང་དང་ས་ཁུལ་ ༢༢ དང་། ཞང་དང་གྲོང་བརྡལ་ ༢༠༤ ཙམ་གྱི་མི་ཆིག་འབུམ་ ༡༢༣༠༠༠ ལྷག་ལ་གནོད་འཚེ་ཐེབས་ཡོད་འདུག མི་ ༣༡༠༠༠ ཙམ་བདེ་འཇགས་ཀྱི་ས་ཆར་གནས་སྤོར་བཅས་བྱས་ཡོད་ཟེར།
ཁ་སང་ཞོགས་པར་ས་གནས་དེ་ཁུལ་དུ་བསྟུད་མུར་ས་འགུལ་ཆུང་བ་ ༤༢༢ ཙམ་བྱུང་ཡོད་པ་དང་། ད་ལྟ་རྒྱ་ནག་གི་དམག་མི་དང་མེ་གསོད་དམག་མི་ ༡༨༠༠ ཙམ་འབྱོར་ཏེ་གནོད་ཐེབས་མང་ཚོཊ་ལ་རོགས་རམ་བྱེད་ཀྱིན་ཡོད་པ་དང་། ཀན་སུའུ་ཡི་ས་གནས་གཞན་དང་ས་འབྲེལ་མཚོ་སྔོན་ཕྱོཊ་བཅས་ནས་ཀྱང་རོགས་སྐྱོར་དུ་འབྱོར་བཞིན་ཡོད་འདུག
བྷེ་བྷེ་སི་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ནང་གི་ས་འགུལ་དེའི་ཤུགས་ཚད་ཆེ་ཤོས་ ༥།༦ ཡིན་པ་དང་། མི་ཤི་བ་དང་བོར་བརླག་གི་གྲངས་འབོར་ ༡༠༠ ལས་བརྒན་བཞིན་ཡོད་ཅིང་། རྨས་སྐྱོན་ཕོག་མཁན་ ༡༠༠༠ ལྷག་ཟིན་ཡོད་པ་དང་། ས་གནས་དེ་ཁུལ་འགྲིམ་འགྲུལ་སྟབས་མི་བདེ་སྟབས་མང་ཚོགས་མང་པོ་ཞིག་ད་དུང་གོད་ཆག་ཁྲོད་ལྷག་ཡོད་སྐོར་བཀོད་འདུག
རྒྱ་ནག་གི་གསར་ལམ་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱིས་ཀན་སུའུ་ས་འགུལ་ཐད་བཀའ་མངག་བཏང་སྟེ། མྱུར་སྐྱོབ་པ་རྩ་འཛུགས་བྱས་ཏེ་གནོད་འཚེ་སེལ་རྒྱུ་དང་། མི་སྲོག་སྐྱོབ་པ་དེ་གོ་གནས་དང་པོར་བཞག་སྟེ་མི་ལ་ཤི་རྨས་ཐེབས་ཚད་ཇེ་ཉུང་དུ་གཏོང་ཐབས་ལ་འབད་དགོས་པ། མང་ཚོགས་ཉེན་ཁར་གཞོལ་བ་དང་གནོད་འཚེ་ཐེབས་མཁན་ཚོར་གོ་སྒྲིག་ཡག་པོ་བྱེད་རྒྱུ་དང་། ས་འགུལ་ལ་རྟོག་ཞིབ་བྱས་ཏེ་ཡང་བསྐྱར་གནོད་འཚེ་མི་འབྱུང་རྒྱུར་སྔོན་འགོག་བྱེད་རྒྱུ་ད་འཛིན་བྱེད་དགོས་ཞེས་སོགས་བརྗོད་ཡོད་ཟེར།