རྒྱ་གཞུང་གིས་རང་ལུས་མེར་བསྲེཊ་ལ་རྐྱེན་བྱས་ཏེ་རྔ་པ་སྒོ་མང་དགོན་དུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་ས་གནས་མི་མང་འགྲོ་སྐྱོད་ཐོག་བཀག་སྡོམ་བྱེད་ཀྱི་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ཟུང་ཆུ་ཁང་ཚན་གྱི་གྲྭ་གསུང་རབ་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་རྔ་པ་སྒོ་མང་དགོན་མཐའ་བ་སྡེ་བའི་ཞི་ཆུང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ཉིན་ནས་བཟུང་། ཞོགས་པར་སྒོ་མང་དགོན་པའི་གྲྭ་བ་ ༣༠ ཡས་མས་དང་། དགོང་དྲོ་གྲྭ་བ་ ༣༠༠ ཡས་མས་ཉིན་ལྟར་བསྔོ་སྨོན་གསུང་གི་ཡོད་པ་མ་ཟད། སྒོ་མང་དགོན་པའི་ཉེ་འཁོར་དུ་ཡོད་པའི་བོད་པའི་ཚོང་ཁང་དང་ཟ་ཁང་ ༨༠ ལྷག་གིས་རྒྱལ་གཅེས་པ་ཁོང་དང་ནང་མིར་གདུང་སེམས་མཉམ་སྐྱེད་ཆེད་ཁ་སང་ཚེས་ ༢ བར་སྒོ་བརྒྱབ་ཡོད་འདུག
ཉེ་ལམ་ཇོ་ནང་བསེ་དགོན་པའི་གྲྭ་བ་ ༣༠༠ ཡས་མས་འདས་པོར་བསྔོ་སྨོན་གསུང་བར་ཕེབས་སྐབས་རྒྱ་གཞུང་གིས་བཀག་འགོག་བྱས་ཏེ་ཕྱིར་དགོན་པར་ལོག་བཅུག་ཡོད་པ་དང་། མི་སེར་དཀྱུས་མའི་ལྭ་བ་གྱོན་མཁན་གྱི་དམག་མི་མང་པོ་འདས་པོའི་ཁྱིམ་དུ་མངགས་ཏེ་ནང་མིར་འཚམས་འདྲི་ཡོང་མཁན་ཚོར་ལྟ་རྟོག་བྱེད་ཀྱིན་ཡོད་འདུག ཁ་སང་ཕྱི་ཚེས་ ༢ ཉིན་ནས་བཟུང་ཇོ་ནང་བསེ་དགོན་པའི་གྲྭ་བ་ཁག་ཅིག་དང་། ཀིརྟི་དགོན་པའི་གྲྭ་བ་ ༡༥ ། བསུ་བ་དགོན་པའི་གྲྭ་བ་ ༣ རེ་ལས་གཞན་རྣམས་བསྔོ་སྨོན་གསུང་གི་འགྲོ་མི་ཆོག་པ་བཟོས་ཡོད་འདུག རྔ་པ་སྒོ་མང་དགོན་པའི་ནང་ཉེན་རྟོག་པ་དང་དམག་མིའི་རླངས་འཁོར་མང་པོ་ཡོང་སྟེ་དགོན་པར་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་། ས་གནས་མི་མང་ཚོར་དཔང་རྟགས་ཡི་གེ་མེད་པར་གང་བྱུང་ཡར་མར་འགྲོ་སྐྱོད་མི་ཆོག་པ་བཟོས་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༤།༣༠ ཙམ་ལ་རྔ་པ་སྒོ་མང་མཐའ་བ་སྡེ་བའི་རང་ལོ་ ༤༡ ཡིན་པའི་ཞི་ཆུང་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་གྲོངས་རྗེས། རྒྱ་ནག་གཞུང་གིས་ཁོང་གི་སྐུ་ཕུང་བཙན་འཕྲོག་གིས་ཕྱི་ཚེས་ ༢༩ འདས་པོའི་རུས་ཐལ་ཁྱིམ་དུ་འཁྱེར་མ་བཅུག་པར་རྔ་ཆུའི་ནང་གཏོར་དུ་བཅུག་ཡོད།
གསར་འགོད་པ། དོན་གོ
རྔ་བ་སྒོ་མང་དགོན་པ་རེད། རྔ་བ་སྒོ་མང་གྲྭ་ཚང་མ་རེད། སྒོ་མང་དགོན་པར་གྲྭ་ཚང་ཁ་ཤས་ཡོད། གནས་འཕྲིན་གཏོང་མཁན་གྱིས་ནོར་བ་རེད་དམ། ཡང་ན་གསར་འགོད་པས་ཐུགས་ཉམས་མ་བཞག་པ་རེད། གསར་འགྱུར་འགོད་སྤེལ་བྱེད་པའི་གནས་སྐབས་སུ་མིང་འདི་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། རྗེས་ཕྱོགས་གཟབ་པར་འཚལ།