དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༠ ཡས་མས་སུ་༸གོང་ས་མཆོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་དང་དགའ་ལྡན་ཕོ་བྲང་གི་གནད་ཡོད་མི་སྣ། བཞུགས་སྒར་མི་མང་བཅས་ཀྱིས་ཕེབས་སྐྱེལ་ཁྲོད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་གནང་ཡོད་པ་དང་། ཉིན་རྒྱབ་༸གོང་ས་མཆོག་ལྡི་ལི་བོད་ཁང་དང་ཨིན་ངྷར་གྷན་ངྷི་སྒྱུ་རྩལ་བསྟི་གནས་ཁང་གཉིས་ཀྱི་གོ་སྒྲིག་གནང་བཞིན་པའི་ཨེ་ཤ་ཡའི་ནང་དཔལ་ན་ལེཎྜའི་སྲོལ་རྒྱུན་གྱི་ནང་ཆོས་ (The Nalanda Tradition of Buddhism in Asia) ཞེས་པའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་རྒྱུ་ཡིན་འདུག
ཚེས་ ༡༧ ཉིན་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་གྱིས་རྒྱལ་ས་ཊོ་ཀེའོ་ (Tokyo) ཨོ་ཁོའུ་ར་མགྲོན་ཁང་ (Hotel Okura) དུ་ཉི་ཧོང་གི་ཚན་རིག་པ་ཁག་ཅིག་དང་ལྷན་དུ་འཇིག་རྟེན་དང་ཚེ་སྲོག ཤེས་ཡོན་ (Universe, Life and Education) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་དང་། ཚེས་ ༢༡ ཉིན་གྲོང་ཁྱེར་ཤི་ཛི་ཁཱར་ (Shizouka) དུས་རབས་ ༢༡ པ་ཞི་བདེའི་དུས་རབས་ཤིག་ཏུ་བསྒྱུར་རྒྱུ་ (Shift to a Peaceful 21st Century) ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག
ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་རྙིང་པ་ཀེ་ཡོ་ཊོར་ (Kyoto) ཡོད་པའི་སེ་ཀཱ་གཙུག་ལག་སློབ་གྲྭའི་ (Seika University) ནང་སྒྱུ་རྩལ་དང་རིག་གཞུང་གི་དོན་སྙིང་ (Meaning of Art and Culture) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཚེས་ ༢༤ ཉིན་ཁུལ་དེའི་རྒྱལ་སྤྱིའི་བསྟི་གནས་ཁང་དུ་ལྕམ་བྷ་ན་ནཱ་ཡོ་ཤི་མོ་ཊོ་ (Ms. Banana Yoshimoto) དང་ལྷན་ཆོས་ལུགས་དང་སྒྱུ་རྩལ་སྐོར་ལ་བགྲོ་གླེང་། ཚེས་ ༢༥ ཉིན་མང་ཚོགས་ལ་ཉིན་རེའི་འཚོ་བའི་ནང་ནང་ཆོས་ཀྱི་བསླབ་བྱ་ཉམས་ལེན་བྱེད་ཕྱོགས་སྐོར་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ