ཟླ་སྔོན་མའི་ནང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཟུར་པ་དང་ད་ལྟའི་ཆོས་ལུགས་ལས་དོན་སྡེ་ཚན་གྱི་འགན་འཛིན་ཀྲུའུ་ཝེ་ཆོན་ཡུ་རོབ་ཁུལ་དུ་སྐོར་སྐྱོད་སྐབས། ཟླ་ ༡༠ ཚེས་ ༡༧ ཉིན་ཡུ་རོབ་ཀྱི་གསར་འགོད་པ་ཁག་ཅིག་གིས་ཁོ་བོར་བོད་དང་ཡུ་གུར་སྐོར་ལ་བཅར་འདྲི་བྱས་པའི་དྲི་བ་དྲིས་ལེན་ཟླ་འདིའི་ཚེས་ ༡༩ ཉིན་བོད་ལྗོངས་ཆ་འཕྲིན་དྲ་བའི་སྟེང་སྤེལ་འདུག་པ་ཇི་བཞིན་གཤམ་དུ་འདྲེན་བཀོད་བྱས་ཡོད། ཡོ་རོབ་གསར་མའི་དུས་རབས་ཚགས་པར་གྱི་གསར་འགོད་པ། འཐུས་ཚབ་ཚོགས་པ་ཐེངས་འདིར་ཡོ་རོབ་ལ་འཚམས་འདྲིར་ཕེབས་པའི་དམིགས་ཡུལ་གཙོ་བོ་ཅི་ཞིག་ཡིན་ལགས། ཀྲུའུ་ཝེ་ཆུན། ང་ཚོ་ཐེངས་འདིར་ཡོ་རོབ་ལ་ཡོང་པའི་དམིགས་ཡུལ་ནི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལྟ་བུའི་དམངས་གཙོའི་རྣམ་པ་བརྒྱུད་ནས། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་གནས་ཚུལ་དང་། ཀྲུང་གོའི་མི་རིགས་དང་། ཆོས་ལུགས་ཀྱི་གནས་ཚུལ། ང་ཚོས་སྒྲུབ་པའི་བྱ་བ་དག་ཡོ་རོབ་ཀྱི་གྲོགས་པོ་དག་ལ་ངོ་སྤྲོད་བྱེད་རྒྱུ་དེ་ཡིན་ཞིང་། ཡོ་རོབ་ཀྱི་མི་མང་པོ་ཀྲུང་གོའི་བོད་ལྗོངས་ལ་སྤྲོ་བ་ཆེན་པོ་ཡོད་པ་དང་། བོད་ལྗོངས་ལའང་དོན་ངོ་མར་སྤྲོ་བ་ཅན་གྱི་དོན་དག་འགའ་ཤས་བྱུང་ཡོད། ང་ཚོས་ཀྱང་བོད་ལྗོངས་ཀྱི་གནས་ཚུལ་ཁ་ཤས་དང་། ཏཱ་ལའི་ཚོགས་པར་འཐབ་རྩོད་འདུས་པའི་གནས་ཚུལ་སྐོར་ངོ་སྤྲོད་རེ་བྱེད་འདོད་པ་མ་ཟད། ཡོ་ རོབ་མནའ་འབྲེལ་དང་ཡོ་རོབ་རྒྱལ་ཁབ་སོ་སོས་རང་གི་མི་རིགས་དང་ཆོས་ལུགས་ཐད་ཀྱི་ གནད་དོན་ཐག་གཅོད་པའི་རྒྱལ་ཁའི་ཉམས་མྱོང་དང་སྤྱིའི་བསམ་ཕྱོགས་ལ་ཡང་རྒྱུས་ ལོན་བྱེད་འདོད་ཤིན་ཏུ་ཆེ་བ་དེ་ཡིན། ང་ཚོའི་ས་ཚིགས་དང་པོ་ནི་པི་ལི་ཧྲི་ཡིན་ལ། པི་ལི་ཧྲིའི་གྲོས་ཚོགས་ཀྱི་དཔོན་རིགས་མང་པོ་བགྲོ་གླེང་བྱས། ཧ་ལམ་གཅིག་གྱུར་གྱི་སྡོམ་ཚིག་བྱུང་པ་ནི། ཆོས་ལུགས་གནད་དོན་ཐད་ངེས་པར་དུ་ཆོས་དད་རང་མོས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་རིགས་གནད་དོན་ཐད་ངེས་པར་དུ་མི་རིགས་འདྲ་མཉམ་རྒྱུན་འཁྱོངས་བྱེད་དགོས་བ་དེ་རེད། རྒྱལ་ཁབ་སོ་སོའི་རང་སྟེང་གི་གནས་ཚུལ་མི་འདྲ་ཕྱིར། རྒྱལ་ཁབ་སོ་སོ་ལ་ཡང་རང་གི་གནས་ཚུལ་དང་མཐུན་པའི་བགྲོད་ལམ་དུ་བསྐྱོད་དགོས་བྱུང་བ་རེད། ཡོ་རོབ་རྒྱལ་ཁབ་དང་བསྡུར་ན། ཀྲུང་གོའི་མི་རིགས་དང་ཆོས་ལུགས་ལ་དམིགས་བསལ་རང་བཞིན་འབུར་དུ་དོད་དེ། ཀྲུང་གོར་མི་རིགས་ ༥༦ ཡོད་པ་དང་། དེའི་ནང་གྲངས་ཉུང་མི་རིགས་ལ་མི་གྲངས་དུང་ཕྱུར ༡.༡ལྷག་ཡོད་ཅིང་། སྤྱིའི་མི་གྲངས་ཀྱིས་ ༨% ལྷག་ཟིན་ཡོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་ས་ཁུལ་གྱིས་རྒྱལ་སའི་སྤྱིའི་རྒྱ་ཁྱོན་གྱི་ ༦༤% ཟིན་ཡོད། ཀྲུང་གོར་ཆོས་ལུགས་ཆེན་པོ་ལྔ་ཡོད་པ་དང་། དེ་དག་ནི་སངས་རྒྱས་ཆོས་ལུགས་དང་། ཏའོ་ཅའོ་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ཡིན་ཞིང་། ཆོས་དད་པ་དུང་ཕྱུར་ ༡ ལྷག་ཡོད། མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་མ་བྱས་ཚེ། སྤྱི་ཚོགས་ལ་གནད་དོན་ཆེན་པོ་འབྱུང་སྲིད། ད་སྐབས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལོན་པའི་གྲུབ་འབྲས་ནི་འཛམ་གླིང་རྒྱལ་ཁབ་སོ་སོས་ཁས་ལེན་བཞིན་ཡོད་པ་ དེས་ཀྱང་ང་ཚོའི་སྲིད་འཛིན་ཏང་དང་སྲིད་གཞུང་གིས་མི་རིགས་དང་ཆོས་ལུགས་ཀྱི་ གནད་དོན་ཐད་ཀྱི་གཞི་རྩའི་སྲིད་ཇུས་དང་བྱ་བ་ནི་རྒྱལ་ཁ་ལོན་པ་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ། དེ་མིན་ན་དེ་རིང་གི་གནས་བབ་འདི་འདྲ་ཡོད་མི་སྲིད། ཡོ་རོབ་པས་རྒྱུན་པར་དོ་སྣང་བྱེད་པའི་བོད་ལྗོངས་ལ་དཔེ་བླངས་ཏེ་བཤད་ན། མཚོ་ངོས་ལས་ས་བབ་ཆེས་མཐོ་བ་བོད་ལྗོངས་དེ་ ༡༩༥༩ ལོར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ད་དུང་བཀས་བཀོད་རྒྱུད་འཛིན་ཞིང་ བྲན་ལམ་ལུགས་ཀྱི་སྤྱི་ཚོགས་རེད། འདི་རུ་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་རྒྱུ་ནི་ཤིན་ཏུ་ཁག་པོ་ཡོད་མོད། འོན་ཀྱང་ང་ཚོས་ལས་ཀ་ལེགས་པོ་འཁྱོངས་ཡོད། འདས་ཟིན་པའི་ ༢༠༡༢ ལོར། བོད་ལྗོངས་ཀྱི་ GDP དེ་ན་ནིང་ལས་ ༡༣% འཕར་ཞིང་། དེ་བསྟུད་མར་ལོ་ངོ་ ༢༠ རིང་གྲངས་གནས་གཉིས་འཕར་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བཀོད་སྤྱོད་པའི་ཡོང་འབབ་ ༡༧% འཕར་ཡོད་ཅིང་། དེ་བསྟུད་མར་ལོ་ ༡༠ རིང་ལ་གྲངས་གནས་གཉིས་འཕར་ཡོད། ཏཱ་ལའི་ཚོགས་པས་གཏོར་བརླགས་དང་། ལོ་འདི་འགའི་རིང་གི་རང་བསྲེགས་དོན་རྐྱེན་བཟོ་བར་ངན་སྐུལ་བྱས་པ་གང་ཡིན་རུང་། བོད་ལྗོངས་མདུན་སྐྱོད་ཀྱི་གོམ་འགྲོས་ལ་བར་ཆད་བཟོ་ཐབས་མེད་པས། བོད་ལྗོངས་ཀྱི་འབྱུང་འགྱུར་ལ་ང་ཚོ་ཡིད་ཆེས་ཀྱིས་བརྟས་ཡོད་ཟེར། གཤམ་དུ་ལྷན་རྒྱས་ནས་དྲི་བ་འདོན་རོགས། ཇི་ལྟར་རྣོ་ན་དེ་ལྟར་བཟང་། ཡོ་རོབ་གསར་འགོད་གསར་འགྱུར་ཁང་གི་གསར་འགོད་པ། ༢༠༠༨ ལོར། ཁྱེད་ཀྱིས་དབྱིན་ཇིའི་ BBC བརྒྱང་བསྒྲགས་ཀུང་སིའི་བཅར་འདྲི་དང་ལེན་བྱེད་དུས་བཤད་མྱོང་། ཁྱོད་ཀྱིས་ད་བར་དུ་ད་དུང་བོད་ལྗོངས་ལ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་དགོས་པར་འདོད་དམ། ཀྲུའུ་ཝེ་ཆུན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ། ཆབ་སྲིད་ལམ་ལུགས་རིགས་འདི་འགྱུར་མི་སྲིད། ལམ་ ལུགས་རིགས་དེར་གཞིགས་ན། མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་ལ་རང་གི་དོན་དངོས་གནས་ཚུལ་དང་བསྟུན་ནས་རང་ སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་གཏན་འཁེལ་བྱེད་པའི་དབང་ཆ་ཡོད་པ་དང་། གོང་རིམ་སྲིད་གཞུང་གི་ཇུས་འགོད་ལ་བབ་བསྟུན་བཅོས་སྒྱུར་གང་རུང་གཏོང་པ་དང་ཐ་ན་ལག་བསྟར་བྱེད་མཚམས་འཇོག་པའི་དབང་ཆའང་ཡོད་པས། ངེས་པར་དུ་མཁོ་བའི་ཐབས་ལམ་སྤྱད་ནས་མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་གྱི་མི་རིགས་ལས་བྱེད་པས་རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་སུ་གོ་གནས་གལ་ཆེན་འཛིན་པར་ཁག་ཐེག་བྱེད་དགོས། དབང་ཆ་དེར་ད་དུང་སློབ་གསོ་འཕེལ་རྒྱས་དང་རིག་གནས། མི་རིགས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་དབང་ཆ་སོགས་འདུ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཆབ་སྲིད་འཚོ་བ་དང་། སྨྱན་སྦྱོར་དྲིལ་སྒྲོག་བཅས་ཕྱོགས་སོ་སོའི་ཁྲོད་བླ་ན་མེད་པའི་གོ་གནས་ཡོད། འདིས་ རྒྱལ་ཁབ་ཀྱིས་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་དེ་མི་རིགས་ས་ཁུལ་དུ་སློབ་གསོ་ དང་བཀོད་སྤྱོད་ཐད་གནོད་སྐྱོན་བཟོ་མི་སྲིད་པ་སྨྲོས་མ་དགོས་པས། རྒྱལ་ཁབ་ཅིག་ལ་ངེས་པར་དུ་ཀུན་གྱིས་གོ་ཐུབ་པའི་སྐད་ཡིག་ཅིག་ཡོད་དགོས་ཤིང་། དེ་ལྟར་བྱས་ན་མི་རིགས་སོ་སོའི་ཐུན་མོང་གི་འཕེལ་རྒྱས་ལ་ཕན་པ་ཡོད། མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་གྱིས་དབང་ཆ་ལག་བསྟར་བྱེད་པར་རྩ་ཁྲིམས་བརྩི་སྲུང་བྱ་དགོས་པ་སྨྲོས་མེད་རེད། བྱེད་ཐབས་གཙོ་བོའི་རིགས་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཆོག་མཆན་ཐོབ་དགོས་ལ། དེ་ནི་རྒྱལ་ཁབ་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་ཆེད་དང་། མི་ཁ་ཤས་ཀྱིས་རང་སྐྱོང་གི་མིང་གཡར་ནས་རྒྱལ་ཁབ་ཁ་བྲལ་གྱི་དོན་དག་བཟོ་བ་བཀག་འགོག་བྱ་ཆེད་ཡིན། དཔེར་ན། ཏཱ་ལའི་བླ་མས“ཆེས་མཐོའི་རང་སྐྱོང”བཏོན་མོད། དོན་དངོས་སུ་ཁ་བྲལ་རིང་ལུགས་རིགས་ཤིག་རེད། ཁོས་བྱ་སྤྱོད་དེས་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བརླགས་བྱས་པ་མ་ཟད། མི་རིགས་རང་སྐྱོང་ལམ་ལུགས་ལའང་གཏོར་བརླགས་བྱས་ཡོད་པས། དེ་ནི་ང་ཚོས་གཏན་ནས་བྱེད་དུ་འཇུག་མི་རུང་པའོ། ཡོ་རོབ་གསར་མའི་དུས་རབས་ཚགས་པར་གྱི་གསར་འགོད་པ། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པ་ཡིན་ན། ཅིའི་ཕྱིར་མི་ལ་ལས་བོད་ལྗོངས་སུ་བོད་རིགས་ཀྱི་དར་ཆ་བསྒྲེངས་ན་འཛིན་བཟུང་བྱས་པ་ཡིན། ཀྲུའུ་ཝེ་ཆུན། ཁྱོད་ཀྱིས་བཤད་པའི་དར་ཆ་དེ་ལ༼གངས་སེང་དར་ཆ༽ཟེར། དར་ཆ་འདིའི་རིགས་ནི་ལོ་རྒྱུས་སྟེང་བོད་ལྗོངས་ཀྱི“རྒྱལ་དར”ཡང་མ་རེད། རྒྱུ་མཚན་ནི་ལོ་རྒྱུས་སྟེང་བོད་ལྗོངས་ནི་ཐོག་མ་ཉིད་ནས་ཀྲུང་གོའི་ཆ་ཤས་ཤིག་རེད། ཐོག་མ་ཉིད་ནས༼རྒྱལ་དར༽ཞིག་ཡོད་པ་མ་རེད། ཏཱ་ལའི་ཚོགས་པས་ ༡༩༥༩ ལོར་རྒྱལ་ཁབ་ལ་ངོ་ལོག་བྱས་རྗེས། ༼གངས་སེང་དར་ཆ༽ཞེས་པ་དེ༼བོད་རང་བཙན་རྒྱལ་ཁབ༽ཀྱི་དར་ཆའི་ཚབ་བྱས་ནས། ཏཱ་ལའི་ཚོགས་པས་བོད་ལྗོངས་ཀྲུང་གོ་ནས་ཁ་བྲལ་དུ་གཏོང་པའི་མཚོན་རྟགས་ཀྱི་ངན་ཇུས་བཟོས་པ་རེད། བོད་ཁུལ་དུ་གསང་བའི་ངང་དར་ཆ་འདི་སྒྲེང་མཁན་མེད་ཟེར་རྒྱུ་ཁག་པོ་རེད། འོན་ཀྱང་ཧ་ཅང་མཐོང་དཀོན་པོ་རེད། གལ་ཏེ་ཁྲིམས་འགལ་གྱི་དོན་འདིའི་རིགས་བྱུང་ཚེ། ང་ཚོས་ངེས་པ་དུ་ཁྲིམས་ལྟར་བཀག་འགོག་བྱེད་ཁོ་ཐག་ཡིན། སྔོན་ཆད་འདི་བཞིན་ཡིན་ལ། ཕྱིན་ཆད་ཀྱང་འདི་ལྟར་ཡིན། འཛེམ་དོག་གཏན་ནས་ཡོད་མི་སྲིད་དེ། རྒྱལ་ཁབ་ཁ་བྲལ་གཏོང་པའི་བྱ་སྤྱོད་ཅི་རིགས་བྱེད་མི་ཆོག་པའི་ཕྱིར་རོ། ཡོ་རོབ་གསར་མའི་དུས་རབས་ཚགས་པར་གྱི་གསར་འགོད་པ། བཤད་རྒྱུན་ལྟར་ན་ཀྲུང་གོའི་མཚོ་སྔོན་ས་ཁུལ་དུ་མི་ཞིག་གིས་ཀྲུང་གོའི་རྒྱལ་དར་མ་སྒྲེང་པར་རྐྱེན་བྱས་ནས་འཛིན་བཟུང་བྱས་སམ། ཀྲུའུ་ཝེ་ཆུན། རྒྱལ་དར་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་རེད། ཀྲུང་གོའི་ས་ཆའི་སྟེང་ཀྲུང་གོའི་རྒྱལ་དར་སྒྲེང་པ་ནི་དོན་དག་ཆེས་རྒྱུན་ལྡན་ཞིག་རེད། ང་ཚོའི་བོད་རིགས་མང་ཚོགས་རྒྱལ་ཁབ་འདིར་དགའ་ཞེན་ཡོད་ཅིང་། རང་ཉིད་ནི་རྒྱལ་ཁབ་འདིའི་སྤྱི་དམངས་ཡིན་པར་གཟི་བརྗིད་སྐྱེས་ཀྱིན་ཡོད། ལོ་གསར་དང་དུས་ཆེན་རོལ་བ། ཐ་ན་ཉིན་རྒྱུན་རྒྱལ་དར་སྒྲེང་པ་ནི་ཆེས་སྤྱིར་བཏང་གི་སྣང་ཚུལ་ཞིག་རེད་མོད། གལ་ཏེ་མི་ཞིག་གིས་བསམ་བཞིན་དུ་རྒྱལ་དར་ལ་གཏོར་བརླགས་གཏོང་པ་དང་། མེར་བསྲེགས་པ། བརྙས་བཅོས་བཅས་བྱས་ཚེ། ས་ཆ་དང་སྐྱེས་ཁོངས། མི་རིགས་བཅས་གང་ཡིན་རུང་། རང་རྒྱལ་གྱི༼རྒྱལ་དར་བཅའ་ཁྲིམས༽ལྟར་ཐག་གཅོད་ནན་མོ་བྱེད་ངེས། ཀྲུང་གོ་མ་གཏོགས། ཁྱེད་ཀྱི་རྒྱལ་ཁབ་གཏོགས་པའི་རྒྱལ་ཁབ་སོ་སོའི་རྒྱལ་དར་གྱི་ལ་རྒྱར་གཏོར་བརླགས་བྱེད་མི་རུང་ཏེ། འདི་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་ཐུན་མོང་དུ་ཁས་ལེན་པའི་སྒྲིག་ལམ་རེད། ལུའོ་ཐུ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲུང་གོའི་ཕྱོགས་ཀྱིས་བོད་ཁུལ་ལ་དེ་ལས་ལྷག་པའི་རང་སྐྱོང་ཞིག་གནང་བར་བསམས་གཞིགས་གཏོང་བ་ཡིན་ནམ། ཡང་ན་ད་ལྟའི་གནས་སྟངས་ནི་ཀྲུང་གོ་སྲིད་གཞུང་གིས་འགན་ཁུར་ནུས་པའི་ཚད་གཞི་མཐར་ཐུག་དེ་ཡིན་ནམ། ཉེ་ལམ་འགྱུར་བ་ཅི་ཡང་འབྱུང་མི་སྲིད་དམ། ཀྲུའུ་ཝེ་ཆུན། རང་རྒྱལ་གྱི༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས༽ཀྱིས་རང་སྐྱོང་དབང་ཆར་ཞིབ་ཚགས་ཀྱི་གཏན་འཁེལ་བྱས་ཡོད། ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་ག་འདྲ་ཞིག་ཡིན་དགོས་པ་ནི། བཅའ་ཁྲིམས་འདིས་གཏན་འཁེལ་ཡང་དེ་འདྲ་ཞིག་ཡིན་དགོས། ང་ཚོས་ཧུར་ཐག་གིས་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ནས་ང་ཚོའི་རང་སྐྱོང་ལམ་ལུགས་ལེགས་པར་སྤེལ་པ་དང་། རིགས་སོ་སོའི་མི་དམངས་ཀྱི་རེ་བ་སྔར་ལས་ལྷག་པའི་སྒོ་ནས་མཚོན་པར་བྱས་ཡོད་མོད། དེ་འདྲའི་གཞི་རྩའི་རྩ་དོན་དང་གཞི་རྩའི་ནང་དོན་འགྱུར་བ་ ཡོད་མི་སྲིད། ཏཱ་ལའི་ཚོགས་པའི༼ཆེས་མཐོའི་རང་སྐྱོང༽ཞེས་པ་དེ་ནི་ང་ཚོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་འབྲེལ་བ་ཅི་ཡང་མེད་དེ། ཁོ་ཚོའི༼རང་སྐྱོང་༽གི་མིང་བྱང་ཙམ་གཡར་ཏེ་ཁ་བྲལ་རིང་ལུགས་ཀྱི་རེ་བ་ལག་བསྟར་བྱེད་ཀྱིན་ཡོད། ང་ཚོའི་མི་རིགས་ས་ཁོངས་རང་སྐྱོང་༼མཐོ་ཚད་༽དང་༼དམའ་ཚད་༽ཞེས་ཅི་ཡང་དགར་རྒྱུ་མེད་དེ། ཁོ་ཚོའི་ཅིའི་ཕྱིར་༼ཆེས་མཐོ་༽ཞེས་པ་ཞིག་སྣོན་དགོས་སམ་ཞེ་ན། དེ་ནི་ཁོ་ཚོས༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས༽དང་འགལ་ཞིང་ཐ་ན་ངོ་རྒོལ་བྱེད་པའི་ནང་དོན་དེ་བཙན་འཇུག་བྱས་པ་རེད། ཁོ་ཚོའི་དོན་དག་དེ་དག་ནི་རང་སྐྱོང་མིན་པར་ཁ་བྲལ་རིང་ལུགས་རེད། འདི་ནི་གཏན་ནས་བྱེད་མི་ཆོག་པ་རེད། ངས་འདི་ལྟར་བཤད་པར་རྒྱུ་མཚན་ཡོད་དེ། དཔེར་ན། ཏཱ་ལས་ ༢༠༡༠ ལོར་ཁ་ན་ཏའི་ཚགས་པར་ཞིག་དང་ཁ་བརྡ་བྱེད་དུས་བཤད་རྒྱུར། བོད་མི་མང་པོར་འདི་འདྲའི་ལྟ་ཚུལ་ཞིག་ཡོད་དེ། བོད་མི་ཡོད་ཚད་ཀྱིས་རང་བཙན་བྱེད་འདོད། ང་ཁོ་ནས་རང་བཙན་བྱེད་མི་འདོད། གལ་ཏེ་ང་ལ་རང་བཙན་བྱེད་འདོད་དམ་ད་དུང་ཀྲུང་གོར་སྡོད་འདོད་ཅེས་དྲིས་ཚེ། དྲིས་ལན་ནི་གསལ་པོ་ཡིན་ཏེ་ང་ཚོ་རང་བཙན་བྱེད་འདོད་པ་ཡིན་ཞེས་ཟེར། ད་དུང་མི་གཞན་ཞིག་ཡོད་དེ། དེ་ནི་ཏྰ་ལའི་ཡུལ་གྱར་སྲིད་གཞུང་རྫུན་མའི“དབུ་བཞུགས་བཀའ་བློན”་བློ་བཟང་སེང་གེ་རེད། ༢༠༡༡ ལོར་ཁོས་རྒྱ་གར་གྱི་དུས་དེབ་ཅིག་གི་བཅར་འདྲི་ལ་དང་ལེན་བྱེད་དུས་བཤད་རྒྱུར། ༼བོད་རང་བཙན་༽དང་༼བོད་རང་སྐྱོང་༽ལ་འགལ་བ་མེད་དེ། རྩོད་སྒྲུབ་ཀྱི་ཟུར་ནས་བལྟས་ན། ༼རང་བཙན་༽ནི་རྩ་དོན་གྱི་དམིགས་ཡུལ་དང་། ༼རང་སྐྱོང་༽ནི་དངོས་ཡོད་དམིགས་ཡུལ་རེད་ཟེར། ཏཱ་ལའི་དང་ཁོའི་ལག་འོག་གི་མིའི་༼རང་སྐྱོང་༽རྫུན་མ་དང་།༼རང་བཙན་༽ངོ་མའི་སྐད་ཆ་ཧ་ཅང་མང་སྟེ། དེ་དག་གིས་དེབ་ཅིག་ཕུད་ཀྱང་ཆོག་པ་མ་ཟད། སྐད་ཆ་དེ་དག་ནི་ནུབ་ཕྱོགས་སྨྱན་སྦྱོར་དང་ཏཱ་ལའི་རང་གི་སྨྱན་སྦྱོར་ལས་ཐོན་པ་རེད། ཏཱ་ལའི་བླ་མས་རེ་བ་བྱེད་ཀྱིན་པའི་༼རང་སྐྱོང་༽ནི་རང་རྒྱལ་གྱི་རྩ་ཁྲིམས་དང་༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་༽དང་ཡོངས་སུ་འགལ་ཞིང་། རྒྱལ་ཡོངས་མི་དམངས་ཀྱི་ཁེ་ཕན་དང་འགལ་པ་ཞིག་ཡིན་པས། གཞི་ནས་ལག་བསྟར་མི་ཡོང་པ་ཞིག་རེད། ང་རང་གསར་འགོད་པ་བྱས་ནས་ཐོན་པས། ངས་རྒྱུན་པར་འདི་འདྲའི་དོན་དག་བཀོད་པར་ཁ་བྱང་ག་འདྲ་སྤྱད་ན་ལེགས་པར་བསམ་གཞིགས་བྱས་པ་ཡིན་པས། ངས་བསམ་ཚུལ་ཡིན་ན། ཁྱེད་རང་ཚོས་ཏཱ་ལའི་བླ་མས་གོ་རིམ་གཉིས་སུ་ཕྱེ་པའི་༼ཆེས་མཐོའི་རང་སྐྱོང་༽ནི་༼བོད་རང་བཙན་༽རེད་ཅེས་པའི་ཁ་དེ་འདྲའི་བྱང་ཞིག་སྤྱད་ན་གསལ་བོ་རེད་ཟེར། ལུའོ་ཐུ་ཧྲེའི་གསར་འགོད་པ། ངས་ཡང་བསྐྱར་དྲི་བ་ཞིག་འདྲི། ཅིའི་ཕྱིར་༼བོད་རང་བཙན་༽དང་ལེན་བྱེད་མི་ཐུབ། དེ་ནི་བོད་ལྗོངས་དེ་དཔལ་འབྱོར་དང་འཐབ་ཕྱོགས་ཤིན་ཏུ་གལ་ཆེ་བའི་ཕྱིར་ཡིན་ནམ། ཀྲུའུ་ཝེ་ཆུན། དེ་ནི་སྨྲོས་མ་དགོས་པ་ཞིག་ཏེ། བོད་ལྗོངས་དེ་དཔལ་འབྱོར་དང་། འཐབ་ཕྱོགས་ཀྱི་ཕྱོགས་གང་ཐད་ནས་བཤད་ན་ང་ཚོའི་རྒྱལ་ཁབ་ལ་ཤིན་ཏུ་གལ་ཆེ་མོད། དེ་ལས་གལ་ཆེ་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡོད་པ་ནི། བོད་ལྗོངས་ནི་གནའ་སྔ་མོ་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན་ལ། ལོ་རྒྱུས་དང་ཁྲིམས་གཞིའི་ཐད་ནས་ཀྱང་ཀྲུང་གོའི་ཆ་ཤས་ཤིག་ཡིན། ཀྲུང་གོའི་ཆ་ཤས་ཤིག་ཡིན་ཚེ། ང་ཚོས་མི་ཁ་ཤས་ཀྱིས་དེ་ཉིད་ཀྲུང་གོ་ནས་ཁ་བྲལ་དུ་གཏོང་པའི་གཡོ་ཇུས་འགྲུབ་ཏུ་འཇུག་མི་སྲིད། ནུབ་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་རང་གི་ལྟར་བསམ་གཞིགས་བྱེད་སྟངས་སྟེ། ཀྲུང་གོས་༼བོད་རང་བཙན་༽ལ་ངོ་རྒོལ་བྱེད་པ་ནི་ཁོ་ཚོར་ས་དེའི་ཐོན་ཁུངས་མཁོ་བས་རེད་ཅེས་པ་དེ་འདྲ་ཞིག་མིན། ཀྲུང་གོའི་ས་ཚུན་གང་ལའང་དངོས་ཡོད་ཀྱི་དཔལ་འབྱོར་རིན་ཐང་དང་། དམག་དོན་རིན་ཐང་ཤིན་ཏུ་མཐོན་པོ་ཡོད་སྲིད་ལ། ཁ་ཤས་ནི་དུས་སྐབས་གང་རུང་དུ་རིན་ཐང་དེ་དག་དེ་འདྲའི་མངོན་གསལ་མིན་ཡང་སྲིད་མོད། གལ་ཏེ་ཀྲུང་གོའི་མངའ་ཁོངས་ཡིན་ཚེ། ང་ཚོས་གཏན་ནས་དེ་ཉིད་ཀྲུང་གོ་ནས་ཁ་བྲལ་དང་། རྒྱལ་ཁབ་གཞན་གྱིས་བཙན་བཟུང་བྱེད་དུ་འཇུག་མི་སྲིད། དཔེར་ཞུས་ན་ངའི་དཔུང་པ་དང་། བརླ་བཅས་ཡན་ལག་ངའི་ལུས་སྟེང་དུ་སྐྱེས་ཡོད་པ་ལྟ་བུ་ཡིན་པས། དེ་ང་ལ་དེ་འདྲའི་གལ་ཆེན་མིན་ཞེས་བཤད་ནས་ཁྱོད་ཚོར་གཅོད་དུ་འཇུག་སྲིད་དམ། ཡོ་རོབ་གསར་མའི་དུས་རབས་ཚགས་པར། ཀྲུང་གོར་ད་དུང་ཡུ་གུར་རིགས་ཀྱི་གནད་དོན་ཞིག་ཡོད། ངས་ཀྲུང་གོའི་ཡུ་གུར་རིགས་གནས་བབ་ག་འདྲ་ཞིག་ཡིན་པའི་ཐད་ནས་འདྲི་འདོད། ཀྲུའུ་ཝེ་ཆུན། ཀྲུང་གོའི་ཡུ་གུར་རིགས་ནི་གྲངས་ཉུང་མི་རིགས་གཞན་དང་གཅིག་མཚུངས་ཡིན། སྤྱི་དམངས་དབང་ཆ་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དབང་ཆ་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཤིན་ཅང་གི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་དང་སྤྱི་ཚོགས་གཏན་འཇགས་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོ་འཕེལ་རྒྱས་བྱུང་བཞིན་ཡོད་པས། དེ་དང་བསྟུན་ནས་ཡུ་གུར་འདུས་པའི་མི་རིགས༥༦ཀྱང་འཕེལ་རྒྱས་བྱུང་བཞིན་ཡོད། ཡུ་གུར་ཀྱང་མི་རིགས་གཞན་དག་དང་འདྲ་བར་ང་ཚོའི་རྒྱལ་ཁབ་འདིར་དགའ་ཞེན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྲུང་སྐྱོབ་བྱེད་ཀྱིན་ཡོད་པས། དམིགས་བསལ་གྱི“གནད་དོན”ཞེས་པ་ཞིག་དང་། “ཡུ་གུར་རིགས་ཀྱི་གནད་དོན”ཞེས་པ་ཞིག་གྲུབ་ཀྱིན་མེད། དེ་དང་མཚུངས་པར“ཤིན་ཅང་གི་གནད་དོན”ཞེས་པ་ཞིག་ཀྱང་མེད། དེ་ནི“བོད་ལྗོངས་ཀྱི་གནད་དོན”མེད་པ་དང་འདྲ་མཚུངས་རེད། འོ་ན་གནད་དོན་ཅི་ཞིག་ཆགས་ཡོད་ཅེ་ན། “ཤར་གྲུ་གུའི་སི་ཐན”འདི་འདྲའི་ཁ་བྲལ་གྱི་སྟོབས་ཤུགས་ཤིག་ཆགས་ཡོད་པ་རེད། “ཤར་གྲུ་གུའི་སི་ཐན”གྱི་སྟོབས་ཤུགས་ནི་བསམ་བློའི་རླབས་རྒྱུན་གྱི་རིགས་ཤིག་ཏེ་ཀྲུང་གོ་ནས་ཐོན་པ་མིན་པར། དེ་ནི་དུས་རབས་ ༡༩ པའི་དུས་མཇུག་ཏུ་ཡ་གླིང་དབུས་མ་ནས་ཐོན་པ་རེད། རྗེས་སུ་ཀྲུང་གོའི་ནང་སིམ་ཞིང་། རིམ་བཞིན་ཤིན་ཅང་ཀྲུང་གོ་ནས་ཁ་བྲལ་དུ་གཏོང་པའི་དམིགས་ཡུལ་ཅན་གྱི་སྟོབས་ཤུགས་ཞིག་ཏུ་གྲུབ་པ་རེད། སྟོབས་ཤུགས་འདིའི་རིགས་ལ་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་དྲག་ཤུགས་འཇིགས་སྐུལ་དང་འབྲེལ་བ་གཏིང་ཟབ་ལྡན་པ་དེ་རེད། “ཤར་གྲུ་གུའི་སི་ཐན”གྱི་སྟོབས་ཤུགས་ཀྱི་ཡུ་གུར་རིགས་ཀྱི་ཚབ་བྱེད་རྫུན་མ་བྱས་ཏེ། “ཤར་གྲུ་གུའི་སི་ཐན་རྒྱལ་ཁབ”འཛུགས་པར་དམིགས་ཡུལ་དུ་བཟུང་ཞིང་། དྲག་ཤུགས་འཇིགས་སྐུལ་ཀྱི་བྱེད་ཐབས་སྤྱད་ཡོད། “ཤར་གྲུ་གུའི་སི་ཐན”གྱི་སྟོབས་ཤུགས་ཀྱིས་གཏོར་བརླགས་བྱེད་ས་ནི་ཡུ་གུར་རིགས་འདུས་པའི་ཀྲུང་གོའི་མི་དམངས་ཡོད་ཚད་ཀྱི་ཐུན་མོང་ཁེ་ཕན་ཡིན་པས། ཡུ་གུར་རིགས་འདུས་པའི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཡོད་ཚད་ཀྱིས་ངོ་རྒོལ་བྱེད་པ་ནི་སྨྲོས་མ་དགོས་པ་ཞིག་རེད། ཤིན་ཅང་དུ་དྲག་ཤུགས་འཇིགས་སྐུལ་གྱི་གྱོད་གཞི་རེ་འགའ་བྱུང་ན་ཡང་། ཤིན་ཅང་འཕེལ་རྒྱས་གཏན་འཇགས་ཀྱི་གནས་བབ་ཆེན་པོར་འགྱུར་བ་གཏོང་མི་སྲིད་པ་དང་། ཤིན་ཅང་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པའི་གནས་བབ་ཆེན་པོར་ཡང་འགྱུར་བ་གཏོང་མི་སྲིད། ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁ་ཤས་ལ་ཁྱད་ཆོས་ཤིག་ཡོད་པ་ནི། ཀྲུང་གོའི་གནས་བབ་ཆེན་པོ་དང་འབྲེལ་བའི་དོན་དག་དང་། ཡར་ཐོན་གྱི་དོན་དག་དེ་རྒྱུན་པར་ཁོ་ཚོའི་དོ་སྣང་བྱེད་ཡུལ་གཙོ་བོ་རུ་འགྱུར་མི་སྲིད་པར། གལ་ཏེ་ཀྲུང་གོར་སྐྱོན་ཆ་ཆུང་ངུ་རེ་དང་དོན་དག་ཕྲན་བུ་རེ་བྱུང་ཚེ། དེ་ནི་རྒྱུན་པར་དོ་སྣང་བྱེད་ཡུལ་གཙོ་བོ་གྱུར་ཡོད། དེས་ ནུབ་ཕྱོགས་མང་ཚོགས་ཀྱིས་ཀྲུང་གོར་ཁྱོན་ཡོངས་དང་དོན་དངོས་དང་མཐུན་པའི་ལྟ་ ཚུལ་ཞིག་ཆགས་དཀའ་བར་གྱུར་པ་རེད། བྱ་བའི་འབྲེལ་བའི་དབང་གིས། ང་ལོ་རེར་བོད་ལྗོངས་དང་ཤིན་ཅང་ལ་འགྲོ་དགོས། བོད་ལྗོངས་ལ་ཡུལ་སྐོར་བྱེད་པའི་མི་གྲངས་ལོ་རེ་ནས་ཇེ་མང་དུ་འགྲོ་གིན་ཡོད་ཅིང་། ན་ནིང་ཁྲི་ ༡༡༠༠ ལ་བརྒལ་ཡོད། ཕྱི་རྒྱལ་གྱི་ཡུལ་སྐོར་པ་ཁྲི་བཅུ་ཕྲག་ལྷག་ཡོད། ཤིན་ཅང་ལའང་དེ་མཚུངས་ཀྱི་ནང་སའི་ཡུལ་སྐོར་པ་མང་པོ་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་ཡུལ་སྐོར་པ་ཡང་མང་པོ་ཡོད། ཡུལ་སྐོར་ལས་རིགས་ནི་སྤྱི་ཚོགས་གཏན་འཇགས་ཀྱི་རྟགས་མཚན་ཡིན་པས། གལ་ཏེ་དེ་རུ་གཏན་འཇགས་ཀྱི་གནས་བབ་ཅིག་མེད་པར་ག་ས་གང་དུ་དྲག་ཤུགས་འཇིགས་སྐུལ་གྱིས་ཁེངས་ཚེ། མགྱོགས་མྱུར་གོང་འཕེལ་འདི་འདྲ་ཞིག་ཡོང་མི་སྲིད་དོ། ། ཡོ་རོབ་གསར་མའི་དུས་རབས་ཚགས་པར་གྱི་གསར་འགོད་པ། ཁྱེད་ཀྱི་བཤད་པའི་ཤིན་ཅང་ལ་ཐེབས་པའི་ཕྱི་ལོགས་ཀྱི་ཤུགས་རྐྱེན་ངན་པའི་བག་ཆགས་སམ།“ཤར་གྲུ་གུ་སི་ཐན”སྟོབས་ཤུགས་ཕད་པའི་གཞན་དག་གི་ཤུགས་རྐྱེན་དག་ཆ་ཚང་བར་གསལ་བཤད་ཐུབ་བམ། ཀྲུའུ་ཝེ་ཆུན། ཕྱི་ལོགས་ཀྱི་ཤུགས་རྐྱེན་ནི་གཙོ་བོ་ཕྱི་ལོགས་སུ་བྱུང་བའི་“ཤར་གྲུ་གུ་སི་ཐན”སྟོབས་ཤུགས་དང་། རྒྱལ་ཁབ་ཁ་ཤས་ལའང་འབྲེལ་བ་ཡོད། དཔེར་ན་ཨ་རིའི་“ཤར་གྲུ་གུ་སི་ཐན”སྟོབས་ཤུགས་དང་། དྲག་ཆས་འཇིགས་སྐུལ་རིང་ལུགས་ལ་“ཚད་གཞི་གཉིས་ལྡན་”གྱི་སྒོ་ནས་ཐག་གཅོད་བྱེད་བཞིན་འདུག དེ་ལ་ཀྲུང་གོ་དང་ཡ་གླིང་དུ་འཇིགས་སྐུལ་རིང་ལུགས་པ་བཟུང་བར་ཨ་རིའི་མི་ལ་རྒོལ་མཁན་ཞིག་ཡིན་ན་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་དང་། གཟབ་ནན་གྱིས་ཐག་གཅོད་བྱེད། གལ་སྲིད་ཀྲུང་གོ་བར་རྒོལ་བ་ལ་སྣང་མེད་དུ་ལྷོད་པར་བྱེད་ཅིང་། མི་འདི་དག་ལ་འགེབས་སྲུང་ཀྱི་རྒྱལ་ཁོངས་འཚོལ་བར་བྱེད། ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་འདི་ལྟར་ལགས་ཤིང་། ངས་རྒྱལ་ཁབ་ཀྱི་མིང་ནས་གསལ་པོ་འབོད་ཀྱི་མིན། རེ་པེ་ཡ་ལྟ་བུའི་ཁ་བྲལ་རིང་ལུགས་ཀྱི་གཙོ་འཛིན་ལ་གླེང་མོལ་སྟེགས་བུ་མཁོ་སྤྲོད་དང་། ཁོང་ཅག་ཁ་བྲལ་རིང་ལུགས་པར་ཆེད་དུ་སྡོད་གནས་བཀོད་སྒྲིག་བྱེད། བྱ་སྤྱོད་འདི་དག་གིས་ཉུང་མཐའ་ཡང་དོན་དངོས་སྟེང་“ཤར་གྲུ་གུ་སི་ཐན་”སྟོབས་ཤུགས་ལ་ཆབ་སྲིད་རྒྱབ་སྐྱོར་དང་། སེམས་ཤུགས་ལའང་སྐུལ་འདེད་ཀྱི་རྣམ་པ་ཅིག་རེད། དེ་རྐྱེན་པས་ཚང་མས་ཤེས་གསལ་ཀྱི་རྒྱུ་རྐྱེན་ཞིག་ནི། དུས་རབས་གཅིག་གི་ནང་དུ། ཡ་གླིང་ནུབ་མ་དང་། དཀྱིལ་མའི་ས་གནས་སུ་སྤྱི་ཚོགས་རྙོག་དྲ་རྙོག་རྫིང་ཆེ་བས། དྲག་ཆས་འཇིགས་སྐུལ་གྱི་ལས་ལ་ཞུགས་པ། སྟོབས་ཤུགས་ལྡན་པའི་དམག་སྦྱོང་དང་ལེན་བྱས་པ་བཅས་རེད། རྒྱལ་ཁབ་ཁ་ཤས་ཀྱི་ཆབ་སྲིད་རྣམ་པ་རྙོག་འཛིང་དང་ལྡན་པས་“ཤར་གྲུ་གུ་སི་ཐན”སྟོབས་ཤུགས་ལ་གབ་གསང་བྱེད་པའི་གོ་སྐབས་སྤྲད། ང་ཚོས་དགའ་སྤྲོས་ངང་མཐོང་ཐུབ་པ་དང་ཚད་མཐོའི་གདེང་འཇོག་ལས་ཡ་གླིང་དཀྱིལ་མའི་རྒྱལ་ཁབ་ཚོས་འཇིགས་སྐུལ་ལ་རྒོལ་བའི་གནད་དོན་སྟེང་དུ། ཀྲུང་གོ་དང་མཉམ་འབྲེལ་གྱི་ལག་རྡང་སྦྲེལ་ཅིང་། ལས་འགུལ་བརྩམས་སྟེ་གྲུབ་འབྲས་ཀྱང་དམིགས་བསལ་བླངས་ཡོད་པ་རེད། དྲག་ཆས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་ནི་འཛམ་གླིང་རྒྱལ་ཁབ་ཚང་མའི་ཐུན་མོང་གི་ཁེ་ཕན་ཡིན་ལ། ང་ཚོས་ཀྱང་དོན་རྐྱེན་འདིར་མཉམ་འབྲེལ་ཧུར་བརྩོན་བྱེད་ངེས། གཏན་ནས་“གཉིས་ཕན་ཚད་གཞི”སྟེ། རང་ཉིད་དང་འབྲེལ་བར་འཇིགས་སྐུལ་རིང་ལུགས་དང་། ཀྲུང་གོ་དང་འབྲེལ་བར་མི་རིགས་བཅིངས་འགྲོལ་ཟེར་བ་རེད། གལ་སྲིད་འདི་ལྟར་ལབ་ན། དྲག་ཆས་འཇིགས་སྐུལ་སྟོབས་ཤུགས་ལ་རམ་འདེགས་སུ་འགྱུར་ཞིང་། མཐའ་མཇུག་གནོད་པ་སྐྱེལ་སའང་འདི་འདྲའི་རྒྱལ་ཁབ་རང་ཉིད་རེད། ཡོ་རོབ་གསར་མའི་དུས་རབས་ཚགས་པར་གྱི་གསར་འགོད་པ། དེང་ སྐབས་མི་ཁ་ཤས་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་སྔོན་མ་སྟེ། ༡༩༨༩ ལོ་དང་ ༡༩༩༢ ལོའི་དོན་རྐྱེན་བཟོས་པར་རྒྱལ་སྤྱིའི་སྟེང་དུ་ཁྲིམས་གཏུག་བྱེད་བཞིན་པར། ཀྲུང་གོ་སྲིད་གཞུང་གིས་འདི་ལ་གསལ་བྱེད་བྱས་ཡོད་པ་རེད་དམ། ཀྲུའུ་ཝེ་ཆུན། དེ་ནི་རྫུན་གཏམ་ཁུངས་མེད་དགོད་བྲོ་བའི་རྣམ་པ་ཞིག་རེད། བསམ་ཚུལ་འདི་དང་ལྡན་པ་དག་གིས་རང་ཉིད་ལ་དམའ་འབེབས་བྱས་པ་རེད། གལ་སྲིད་རྒྱལ་ཁབ་སུས་ཁྲིམས་ཁང་གི་ཞུ་གཏུགས་འདི་དང་ལེན་བྱས་པར། རང་གིས་རང་ལ་དམའ་འབེབས་ལས། གཞན་གྲུབ་འབྲས་གང་ཡང་ཡོད་པ་མ་རེད། ལོ་རྒྱུས་སྟེང་ནུབ་ཕྱོགས་པས་ཀྲུང་གོར་ཁྲིམས་ལུགས་མི་བཤད་པས། ཞུ་གཏུགས་ཟེར་བའང་ཡོད་པ་མ་རེད། མེ་སྒྱོགས་དང་གནམ་གྲུས་ཐད་ཀར་ས་ཆ་བཅད་བཟུང་ཐུབ་ཚད་དང་། དངུལ་དགོས་ན་དངུལ་དང་། ཁང་པ་གང་འདོད་དུ་བསྲེག་པ་དེ་རེད། དེང་སྐབས་འདི་ལྟར་མི་ཆོག་ལ། མི་ཁ་ཤས་ནས་ཞུ་གཏུགས་ཟེར་བའི་ང་ཚོར་གནོན་ཤུགས་སྤྲད་བཞིན་འདུག འདི་ནི་མ་གཞི་ནས་ཁོང་ཚོའི་བསམ་ཚུལ་འགྲིག་ཡོད་པ་མ་རེད། གལ་སྲིད་ཏཱ་ལའི་ཚོགས་པས་དོན་རྐྱེན་འདི་བཟོས་པ་ཡིན་ན། ཡ་མཚན་སྤུ་ཙམ་ཡང་མེད་ལ། གལ་སྲིད་རྒྱལ་ཁབ་ཁ་ཤས་ཀྱི་ཁྲིམས་རྭས་དོན་དག་དེ་དང་ལེན་བྱས་ན། རང་ཉིད་ལ་དཀའ་ངལ་ཆེན་པོ་ཞིག་བཟོས་པ་ཡིན། ངས་ཀྲུང་གོ་མི་དམངས་ཀྱི་གཏམ་དཔེ་ཞིག་དྲངས་ནས་ལན་འདི་འདེབས་པར་མོས་ཏེ། ནུས་མཐུ་ཡོད་ན་ཚུར་ཤོག་དང་ཟེར་བ་དེ་ཡིན། ཡོ་རོབ་གསར་མའི་དུས་རབས་ཚགས་པར་གྱི་གསར་འགོད་པ། ཁྱེད་རང་ནས་ཡོ་རབ་དུ་བསྐྱོད་པའི་འབྲེལ་ཡོད་གནས་ཚུལ་དག་གསུངས་རོགས། ཀྲུའུ་ཝེ་ཆུན། ང་རང་ཚོ་པོ་ལོ་སིད་ཨར་ལ་སླེབས་རྗེས། པི་ལི་ཧྲི་གྲོས་ཚོགས་དང་མཇལ་ཞིང་། པི་ལི་ཧྲི་དང་ཀྲུང་གོའི་མཛའ་མཐུན་ཚོགས་ཆུང་དང་། ཡོ་རོབ་མནའ་འབྲེལ་དཔལ་འབྱོར་སྡེ་ཚན་ཨུ་ཡོན་ཚོགས་པའི་ཀྲུའུ་ཞི་མ་ལི་ཟི། ཡོ་རོབ་མནའ་འབྲེལ་འཐུས་ཚོགས་ཀྱི་དབུ་ཁྲིད་ལེ་ཧྥན་ལེ་ནི་སོགས་ལ་གླེང་མོལ་ལེགས་པོ་བྱེད་ཐུབ་པ་བྱུང་། དེ་བས་ཀྲུང་གོ་དང་ཡོ་རོབ་ཀྱི་རྒྱལ་ཁབ་དག་ནི་ལོ་རྒྱུས་དང་། ས་གཤིས། འཕེལ་རྒྱས་ཚད་གཞི་ཤིན་ཏུ་མི་འདྲ་བས་གནས་ཚུལ་ཁ་ཤས་ཐོག་ནས་ལྟ་ཚུལ་ཡང་གཅིག་ གྱུར་བྱུང་མི་འདུག ངས་བལྟས་ན་འདི་ཤིན་ཏུ་རྒྱུན་ལྡན་ཞིག་རེད། གཙོ་བོ་ནི་ཕན་ཚུན་བརྩི་འཇོག་གིས་གླེང་བརྗོད་བྱེད་དགོས་ལ། རྒྱལ་ཁབ་ཕན་ཚུན་གྱི་གནས་ཚུལ་མི་འདྲ་བར་བསམ་གཞིག་དང་། གནད་དོན་ཐག་གཅོད་ཀྱི་ནུས་པར་ལྟ་ཕྱོགས་ཀྱང་མི་འདྲ་བ་རེད། ཡང་བསྐྱར་རྒྱུས་ལོན་གོང་འཕེལ་གཏོང་བ་དང་རང་གཞན་ཕན་ཚུན་ལ་ངོས་ཟིན་ལེགས་པོ་ བྱེད་དགོས། ང་ཚོའི་རེ་བ་ནི་ཀྲུང་གོའི་བདག་དབང་ལ་བརྩི་འཇོག་བྱེད་དགོས་པ་དེ་ཡིན། དེ་ ནི་ཀྲུང་གོའི་སྲིད་གཞུང་གིས་རང་ཉིད་ཀྱི་གཙོ་བོར་གནད་དོན་ཐག་གཅོད་བྱས་པར་ བརྩི་འཇོག་བྱེད་པ་ལ་ཟེར་སྟེ། འདི་ལྟར་བྱུང་ན་ཡན་ལག་ཏུ་གྱུར་བའི་གནད་དོན་ནི་གནས་ཚུལ་ཆུང་ཆུང་རེད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་གི་ཆེས་གཙོ་བོར་གྱུར་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཞིག་རེད། ཀྲུང་གོར་མཚོན་ནའང་ཡོ་རོབ་མནའ་འབྲེལ་མཁོ་ཞིང་། ཡོ་རོབ་ལའང་ཀྲུང་གོ་དགོས་པ་རེད། ཡོ་རོབ་མནའ་འབྲེལ་ནི་ཀྲུང་གོའི་ཆེས་ཆེ་བའི་ཨང་དང་པོའི་ཕྱི་ཚོང་གི་གྲོགས་པོ་དང་། ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་གྱི་ཚོང་ལས་ཨང་གཉིས་པ་དེ་རེད། རྒྱལ་སྤྱིའི་དངུལ་རྩ་ཉམས་རྒུད་ཆ་ཚང་མ་བྱུང་བའི་གནས་ཚུལ་འོག ལྷག་པར་དུ་མཁོ་བ་ནི་ཕྱོགས་གཉིས་ཀའི་གཅིག་གྱུར་གྱི་ལྟ་བ་དང་། མཉམ་འབྲེལ་རྒྱ་བསྐྱེད་བྱེད་རྒྱུ་དེ་རེད། ཕྱོགས་གཉིས་ཀྱིས་མི་རིགས་དང་། ཆོས་ལུགས་གནད་དོན་སྟེང་ངེས་ཟིན་བྱེད་སྟངས་མི་འདྲ་བ་མ་གཏོགས། ང་ཚོ་ཕྱོགས་གཉིས་ཀ་མཉམ་འབྲེལ་བྱེད་པར་གཞི་རྩའི་སྟེང་ཁྱད་པར་ཆེན་པོ་ཡོད་པ་མ་རེད། ཡོ་རོབ་ནས་ཡིད་ཆེས་བྱེད་འོས་པ་ནི། ཀྲུང་གོ་ལ་ཆེས་གདོད་མ་ནས་སྲོལ་རྒྱུན་གྱི་དཔལ་ཡོན་དར་བ་དང་། གནས་ཚུལ་འདི་འདྲ་ཐག་གཅོད་བྱེད་པར་ཉམས་མྱོང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པས། དོན་རྐྱེན་འདི་འདྲ་ལེགས་པོར་སྒྲུབ་པའི་འཇོན་ཐང་ལྡན། གནས་ཚུལ་འདི་དག་ལ་ང་ཚོས་གླེང་བརྗོད་བྱེད་དགོས་མོད། འོན་ ཏེ་གླེང་བརྗོད་ལ་ཚད་བཀག་ཡོད། བསམ་གཞིག་བྱེད་དགོས་པ་ཞིག་ནི་ང་ཚོའི་བར་ན་གཙོ་གནད་ཀྱི་གནས་ཚུལ་ཞིག་ནི་ང་ཚོ་ཕྱོགས་གཉིས་ཀྱི་ཚོང་ལས་མཉམ་འབྲེལ་དང་། རིག་གནས་རྗེས་རེས་ལ་སོགས་པ་རེད། ང་ཚོ་ཕྱོགས་གཉིས་ཀྱི་མི་དམངས་ནི་མཉམ་འབྲེལ་ལས་བརྩེ་དུང་དང་ལྡན་ཞིང་། གནས་ཚུལ་རྒྱུས་ལོན་བྱེད་པ་ལས་ཕྱོགས་གཅིག་གི་གནད་དོན་བཟུང་སྟེ་མ་བཏང་བ་ཡིན་ན། ཕྱོགས་གཅིག་གི་གནད་དོན་དེ་ནོར་འཁྲུལ་མ་ཡིན་པར། ཕ་རོལ་བ་དང་ལྟ་ཚུལ་གཅིག་པ་མ་བྱུང་བ་ཙམ་རེད། ཡོ་རོབ་གསར་མའི་དུས་རབས་ཚགས་པར་གྱི་གསར་འགོད་པ། ཁྱེད་ཀྱི་འདོད་ཚུལ་ལ་ཕྱོགས་གཉིས་ཀའི་ལྟ་བའི་བར་ཐག་ནི་ཕྱོགས་གཉིས་ཀར་ཤུགས་རྐྱེན་ཐེབས་པའི་ཚོང་ལས་སོགས་དང་གཞན་ས་ཁོངས་མཉམ་འབྲེལ་རེད་དམ། ཀྲུའུ་ཝེ་ཆུན། ངས་ལྟ་ཚུལ་སྤྱི་ཡོངས་ནས་བཤད་ན་ཤུགས་རྐྱེན་ཆེན་པོ་ཡོད་པ་མ་རེད། རྒྱུ་རྐྱེན་ནི་ནུབ་ཕྱོགས་ཀྱི་ཆབ་སྲིད་དང་། ལྷག་པར་དུ་རྒྱལ་ཁབ་དབུ་ཁྲིད་པ་མང་ཆེ་ཤོས་ནས་དྲང་བདེན་ལ་རྒྱུས་ལོན་དང་། གནད་དོན་འདི་ཁོང་དུ་ཆུད་ཐུབ་རྒྱུ་དེ་རེད། ངའི་ཚོར་བ་ལ་ ༢༠༠༨ ལོ་ནས་བཟུང་། དོན་དངོས་ལ་ཡང་དགེ་མཚན་ལྡན་པའི་འགྱུར་བ་བྱུང་བ་རེད། ༢༠༠༨ ལོར་ལྷ་སར་ ༣•༡༤ དོན་རྐྱེན་བྱུང་རྗེས། ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ཀྱིས་ང་ཚོར་སྐྱོན་བརྗོད་མང་པོ་བྱས་བྱུང་། རྒྱལ་ཁབ་ཀྱི་ཆབ་སྲིད་དབུ་ཁྲིད་ཀྱང་ཏཱ་ལའི་བླ་མ་དང་མཇལ་འཕྲད་མང་པོ་བྱེད་ བཞིན་འདུག འོན་ཏེ་ཉེ་བའི་ལོ་ཤས་ནང་མངོན་གསལ་ཇེ་ཉུང་དུ་ཕྱིན་པ་རེད། ངས་བསམ་ན་རྒྱུ་རྐྱེན་འདི་དག་གིས་རྒྱལ་ཁབ་དབུ་ཁྲིད་པས་ཀྲུང་གོ་གཙོ་གནད་དུ་ཆགས་པ་ངེས་ཤེས་བྱུང་བ་དང་། ཆབས་ཅིག་ཏཱ་ལའི་བླ་མའང་ཡང་སྙིང་གང་འདྲ་ཞིག་ཡིན་པ་ཧ་གོ་བ་རེད། འོན་ཏེ་ངས་ཀྱང་སྨྲ་བཤད་ཀ་མེད་ནི། ད་ལྟ་ཡང་ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱི་སྲིད་འཛིན་པས་ཀྲུང་གོ་ལ་རྒྱུས་ལོན་མེད་པའམ། ཡང་ན་བསམ་ཚུལ་གཞན་ཅི་ཞིག་ལྡན་པར་ཕྱོགས་གཉིས་ཀའི་མཉམ་འབྲེལ་ལ་མི་འོས་པའི་དོན་རྐྱེན་སྟེ། དཔེར་ན་ཏཱ་ལར་མཇལ་འཕྲད་བྱེད་པ། འདི་ལྟ་བུའི་གནས་ཚུལ་ང་ཚོས་མཐོང་འདོད་མེད་པ་ཡིན། རྒྱལ་ཁབ་སུ་ཞིག་གིས་ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་པའི་སྐབས་སུ། དོན་དངོས་སུ་རང་ཉིད་ཀྱི་ཁས་ལེན་དམ་བཅའ་དང་ཀྲུང་གོའི་བདག་དབང་ས་ཁོངས་གཅིག་གྱུར་ཆ་ཚང་བྱུང་བར་བརྩི་འཇོག་བྱས་པ་རེད། ཏཱ་ལའི་ལྟ་བུའི་ཁ་བྲལ་རིང་ལུགས་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ལ་མཇལ་འཕྲད་བྱས་ན་ཀྲུང་གོའི་དམ་ཚིག་ལ་རྒྱབ་འགལ་དང་། ཕྱོགས་གཉིས་ཀྱི་མཉམ་འབྲེལ་དང་མི་འཚམས་ཞིང་། རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་ལའང་འགལ་བ་རེད། གལ་སྲིད་ཕྱོགས་གཉིས་ཀ་རྒྱལ་སྤྱིའི་འབྲེལ་བའི་ཆེས་རྨང་གཞིའི་རྩ་དོན་གྱིས་གནས་ཚུལ་ཐག་གཅོད་བྱུང་ན། རང་ཉིད་ཀྱི་ཡིད་ཆེས་ཞིག་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ། ཡོ་རོབ་ཀྱི་རྒྱལ་ཁབ་སོ་སོའི་འབྲེལ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་རྒྱུ་དེ་རེད། |