ཐེ་ལན་ཌིའི་གཞུང་དང་མང་ཚོགས་བར་གྱི་རྙོག་ཟིང་སྔར་ལས་ཛ་དྲག་ཆགས་བཞིན་ཡོད་པ་དང་། ཁ་སང་རྒྱལ་ས་བྷེང་ཁཱོག་ཏུ་ཕྱོགས་གཉིས་བར་གདོང་ཐུག་བྱུང་སྟེ་ཤི་རྨས་ཚབས་ཆེན་བྱུང་ཡོད་འདུག
ཟླ་འགའི་སྔོན་ནས་བཟུང་ཐེ་ལན་ཌིའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཟུར་པ་སེ་ཐེབ་( SuthepThaugsuban)ལགས་ཀྱི་སྣེ་ཁྲིད་འོག རྒྱལ་ས་བྷེང་ཁཱོག་ནང་མང་ཚོགས་ཚོས་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཁ་སང་མི་མང་ཆིག་འབུམ་སུམ་ཁྲི་ ༡༣༠༠༠༠ ལྷག་གིས་འཕྲེད་དར་དང་སྟོད་གོས་སྟེང་“བྷེང་ཁཱོག་སྒོ་རྒྱག་དགོས་” ཞེས་པའི་འབོད་ཚིག་འོག བློན་ཆེན་ལས་ཁུངས་ཁག་གཙོས་གྲོང་ཁྱེར་ལྟེ་བའི་བཞི་མདོ་ཁག་ ༧ ཙམ་དུ་ངོ་རྒོལ་ཤུགས་ཆེན་བྱས་ཏེ། ཟླ་རྗེས་མའི་ཚེས་ ༢ ཉིན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་མགོ་འཛུགས་མ་བྱས་སྔོན་ལ། ད་ལྟའི་ཐེ་ལན་ཌིའི་སྲིད་བློན་ལྕམ་ཡཱིང་ལུག་( YingluckShinawatra)ལགས་ཀྱིས་ངེས་པར་དུ་སྲིད་བློན་གྱི་གོ་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་འདུག
མང་ཚོགས་ཀྱིས་ངོ་རྒོལ་བྱེད་དོན་གཙོ་བོ། ད་ལྟའི་པེའུ་ (Puea Thai Party)ཚོགས་པས་སྣེ་འཁྲིད་པའི་སྲིད་གཞུང་གིས་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་ཆེད་གྲོང་གསེབ་ཁུལ་གྱི་མང་ཚོགས་ཚོར་དངུལ་སྤྲད་དེ་འོས་ཤོག་བསླུ་ཉོ་བྱེད་བཞིན་ཡོད་པ་དང་། ད་བར་སྐུ་དྲག་ཁྱིམ་ཚང་གཅིག་གིས་ཐེ་ལན་ཌི་འཛིན་སྐྱོང་བྱེད་བཞིན་ཡོད་པ། མང་ཚོགས་ཀྱིས་མངོན་འདོད་ལྟར་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་བཏང་མེད་པ་སོགས་ལ་བརྟེན་ཏེ་བྱུང་བ་ཞིག་ཡིན་པ་དང་། རྒྱལ་ཡོངས་འོས་བསྡུ་མགོ་འཛུགས་མ་བྱས་སྔོན་ལ་མང་ཚོགས་ཀྱི་བར་བརྒལ་ལྷན་ཚོགས་ཤིག་བཙུགས་ཏེ། དེ་ལ་ད་ལྟའི་སྲིད་གཞུང་རྩིས་སྤྲོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག
ཉེ་ལམ་སྲིད་བློན་ཡཱིང་ལུག་ལགས་ཀྱིས། ཁོ་མོས་ ༢༠༡༤ ཟླ་ ༢ ཚེས་ ༢ ཉིན་རྒྱལ་ཡོངས་འོས་བསྡུ་བརྒྱུད་ཐེ་ལན་ཌའི་གཞུང་གསར་པ་འཛུགས་རྒྱུ་ཁས་ལེན་དང་། ངོ་རྒོལ་ཚོགས་པའི་མགོ་ཁྲིད་དང་མཉམ་དུ་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་ཀྱང་། ཁ་སང་ངོ་རྒོལ་ཚོགས་པའི་མགོ་ཁྲིད་སེ་ཐེབ་ཀྱིས་མང་ཚོགས་འདུ་འཛོམས་སར། གཞུང་གིས་གྲོས་མོལ་བྱ་རྒྱུའི་དགོས་འདུན་གང་འདྲ་ཞིག་སྟོན་ཡང་ང་ཚོས་ངོས་ལེན་བྱ་མི་སྲིད་སྐོར་དང་། རྒྱལ་ཕམ་ནི་མེད་དུ་མི་རུང་བ་ཞིག་ཡིན་སྟབས། དྲང་བདེན་གྱི་ཐོག་ནས་ཐོབ་ཤོར་ཐག་གཅོད་གཙང་མ་བཟོ་དགོས་སྐོར་བརྗོད་འདུག
ཐེ་ལན་ཌིའི་རྒྱལ་ས་བྷེང་ཁོག་གི་ངོ་རྒོལ་སྐབས། ཉིན་ལྟར་རླངས་འཁོར་ ༧༠༠༠༠ ལྷག་དང་། སློབ་གྲྭ་ ༡༥༠ ། སྨན་ཁང་ ༡༢། མགྲོན་ཁང་ ༢༨། དེ་བཞིན་མེ་འཁོར་སོགས་ཀྱི་འགྲིམ་འགྲུལ་བརྒྱུད་ལམ་ཁག་སྒོ་རྒྱག་དགོས་བྱུང་ཏེ་རྒྱལ་ཁབ་ལ་གྱོང་གུད་ཚབས་ཆེན་ཕོག་བཞིན་ཡོད་འདུག་ལ། གཞུང་གིས་རྒྱལ་ཁབ་དང་མང་ཚོགས་ཀྱི་བདེ་འཇགས་ཆེད་དམག་མི་ ༢༠༠༠༠ ཙམ་གྲོང་ཁྱེར་ནང་འགྲེམ་འཇོག་བྱས་ཡོད་འདུག
ཁ་སང་དང་དེ་རིང་བར་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བ་ཚོའི་བར་གདོང་ཐུག་བྱུང་སྟེ་མི་ ༨ ཙམ་རྐྱེན་འདས་སུ་སོང་ཡོད་ཅིང་། དེ་ནི་ ༢༠༡༠ རྗེས་བྱུང་བའི་ཐེ་ལན་ཌིའི་ངོ་རྒོལ་ཤུགས་ཆེ་ཤོས་དང་མི་བསད་དོན་རྐྱེན་མང་ཤོས་གྲས་ཤིག་ཀྱང་ཆགས་ཡོད་འདུག ༡༩༣༢ ནས་ད་བར་ཐེ་ལན་ཌིའི་ནང་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་དམག་དཔུང་དང་། གཞུང་གྱེན་ལོག་ངོ་རྒོལ་བྱས་ཏེ་ལས་མཚམས་འཇོག་དགོས་པའི་གནས་ཚུལ་ཐེངས་ ༡༨ ཙམ་བྱུང་ཡོད་འདུག
ཆབ་སྲིད་དབྱེ་ཞིབ་པ་ཁག་ཅིག་གིས། ད་ཐེངས་ངོ་རྒོལ་བ་ཚོས་སྲིད་གཞུང་གནས་དབྱུང་གཏོང་རྒྱུའི་ཆོད་སེམས་དེ་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། ཐེ་ལན་ཌིའི་ནང་རྒྱལ་ཡོངས་འོས་བསྡུ་མགོ་ཚུགས་མ་བྱས་སྔོན་ལ་ངོ་རྒོལ་ཤུགས་ཆེན་འབྱུང་སྲིད་སྐོར་བརྗོད་འདུག ཡང་ཁག་ཅིག་གིས། ཕྱོགས་འགལ་ཚོགས་པ་དང་གཞུང་འཛིན་ཚོགས་པ་གཉིས་ཀྱིས་གྲོས་མོལ་བརྒྱུད་དཀའ་རྙོག་གང་མགྱོགས་སེལ་ཐབས་མ་བྱས་པ་ཡིན་ན། ད་ལྟའི་གཞུང་གིས་དྲག་པོའི་དམག་དཔུང་བཏང་སྟེ་མང་ཚོགས་ལ་བཙན་གནོན་བྱེད་རྒྱུའི་ཉེན་ཁ་ཡོད་པ་མ་ཟད། མ་འོངས་པར་དམག་མིའི་སྒེར་གཅོད་གཞུང་ཞིག་ཆགས་མི་སྲིད་པའི་ངེས་པ་མེད་ཚུལ་སོགས་རྗོད་བཞིན་འདུག