བློ་བཟང་གིས་རང་གི་རྒྱབ་ཁུག་དེ་གཉིས་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ལ་ཁུར་དུ་བཅུགས་ནས། ནུ་མོ་མཚོ་མོ་སྐྱིད་རྒྱབ་དུ་ཁུར་དེ། ཁོང་ཚོ་ག་ལེར་ཤིང་ཟམ་ཆག་པོ་དེ་ལས་ག་ལེར་གཙང་བོའི་བརྒལ་བའི་མགོ་བཙུགས་པ་དང་། ཤིང་ཟམ་དེ་ནི་གཙང་བོའི་ནང་དུ་འཐིམ་ནས་ཡོད་པ་དང་། མུན་ནག་པའི་སྒང་ལ་ཁོང་ཚོས་ཤིང་ཟམ་དེ་ཡི་གཏིང་ཚོད་ཅིག་ཡག་པོ་ཞིག་གཏན་ནས་ཤེས་ཀྱི་མེད་ཀྱང་། སེམས་ཐག་གཙང་བཅད་ཀྱིས་ཁོང་ཚོ་ག་ལེར་ཤིང་ཟམ་ལས་འགྲོ་མགོ་བརྩམས་དུས། བློ་བཟང་གིས་ཚང་མ་ལ་ཤིང་ཟམ་གྱི་འཛིན་བྱེད་ཀྱི་ལྕགས་ཐག་རིང་བོ་དེ་གཉིས་ལ་བརྟན་པོར་འཇུས་དེ་རྐང་བ་ག་ལེར་སྤོ་དགོས་པ་དང་། དང་བོ་འདྲུད་དེ་སོང་བ་ཡིན་ན། ཤིང་ཟམ་ཆག་ཡོད་ས་ནས་ག་ལེར་རྐང་བ་གཞན་ལ་སྤོ་ཆགས་པ་རེད་ཅེས་རང་ཉིན་འགོ་བྱས་དེ་སོང་དུས། བར་སྐབས་ཤིག་ལ་ཤིང་ཟམ་ཆག་པོ་ཞིག་ཡིན་པ་ནི་ར་སྤྲོད་བྱུང་བ་ནི། ཤིང་ལེབ་མེད་ས་ཞིག་དུ་བློ་བཟང་གིས་རྐང་བ་ཤོར་ནས། ཅུང་ཙམ་མིན་ན་ནུ་མོ་མཚོ་མོ་སྐྱིད་དང་ཁོ་གཉིས་ཀ་གཙང་བོའི་ནང་དུ་ལྷུང་བ་རེད།
སྐབས་དེ་འདྲ་ཞིག་ལ་བློ་བཟང་གིས་རང་གི་རྐང་བ་འདྲུད་དེ་འགྲོ་བཞིན་ཡོད་སྟབས། ཉེན་ཁ་ལས་ཐར་བ་དང་ནུ་མོ་མཚོ་མོ་སྐྱིད་ཀྱིས་རང་གི་ཕུ་བོའི་བློ་བཟང་གི་རྒྱབ་ནས་ཏྰ་རེ་ཤུགས་ཀྱིས་སྤྱོར་བཞིན་ཡོད་པ་ལས། གཏན་ནས་སྐྲག་སྣང་དང་ངུས་པ་སོགས་གང་ཡང་མ་བྱས་པ་དེས་ཁོང་ཚོ་ལ་དེ་ལས་ཀྱང་གཙང་བོ་དེ་བརྒལ་བའི་སྤོབས་པ་ལྷག་མ་ཞིག་སྤྲད་པ་རེད།
ཁོང་ཚོ་ཚང་མ་གཙང་བོའི་དེ་ལས་བདེ་ལེགས་ངང་བགྲོད་ཐུབ་པ་དང་། དེ་ནས་དུང་རི་གྲོང་བརྡལ་གྱི་འགྲམ་ནས་ག་ལེར་རི་ལུང་དེ་ཡི་ནང་དུ་བདེ་ལེགས་ཐར་བ་མ་ཟད། ཁོང་ཚོ་མཚན་དཀྱིལ་གཡོལ་རེག་བར་དུ་ངལ་གསོ་ཡང་མ་བྱས་པར་རི་ལུང་དེ་ཡི་ནང་ནས་གོམ་པ་བརྒྱབ་དེ་སོང་བ་རེད། མཚན་དཀྱིལ་གཡོལ་ནས་ད་ནི་ང་ཚོ་དུང་རི་གྲོང་བརྡལ་དང་ཐག་རིང་བོ་རེད་འདུག ངལ་གསོ་བྱས་ན་འགྲིག་གི་འདུག་ཟེར་ནས་ཚང་མ་སེམས་ལྷོད་ལྷོད་ངང་གནམ་ཁའི་སྤྲིན་པ་ཚོ་ག་ལེར་འཐོར་ནས་སྐར་ཚོགས་འོད་ལྷམ་ལྷམ་འཕྲོ་བའི་ལྷིང་འཇགས་ཀྱི་མཚན་མོ་དེར་རི་ལུང་དེ་ནས་གཉིད་དུ་གཡུར་བ་རེད།
ཉིན་འགྲོ་མཚན་འགྲོ་བྱས་པའི་སྐབས་ཤིག་ལ། ཁོང་ཚོས་རི་བོ་མཐོ་ས་ཞིག་ནས་གྲོང་སྡེ་ཞིག་མཐོང་བ་རི་ཤོད་ཅིག་དུ་གྲོང་སྡེ་ཞིག་མཐོང་བ་དང་། ཁོང་ཚོ་ཚང་མ་ཉིན་མ་ཁ་ཤས་རིང་དུ་རི་ལུང་སྟོང་བ་རྐྱང་རྐྱང་བརྒྱུད་དེ་སོང་སྟབས། ཟ་མ་ཡང་ཉུང་དུ་ཕྱིན་ནས་རྫོགས་གྲབས་ཡོད་པས། རི་ཤོད་དུ་འབབ་རྒྱུར་གྲོས་ཁ་འཆམ་པ་རེད། བློ་བཟང་གིས། ང་ཚོ་གྲོང་བརྡལ་དེར་འབྱོར་བ་ཡིན་ན། ད་གཟོད་ང་ཚོ་ཕྱོགས་གང་ལ་འགྲོ་དགོས་པ་ཏན་ཏན་ཤེས་ངེས་རེད་ཟེར་ནས་ཚང་མ་རི་ཤོད་དུ་འབབ་འགོ་བརྩམས་པ་རེད།
གྲོང་སྡེ་དེ་ཡི་སྣེ་རུ་འབྱོར་དུས་སུ། ཆུ་ཕྲན་ཆུང་ཆུང་ཞིག་ག་ལེར་གྲོང་སྡེ་དེ་ཡི་ཕྱོགས་སུ་བཞུར་བཞིན་པ་དེ་ཡི་འགྲམ་དུ་རྩམ་འཐག་ཁང་ཞིག་ཡོད་པ་དེ་རུ་སོང་ནས། རྩམ་འཐག་རྒན་པོ་དེ་ལ་ང་ཚོ་ལ་རྩམ་པ་ཞིག་བཙོང་རོགས་ཟེར་ནས་ཞུས་དུས། རྩམ་འཐག་རྒན་པོ་དེ་ཡི་ཁྱེད་ཚོ་གང་དུ་འགྲོ་མཁན་ཡིན་ཟེར་ནས་དྲིས་དུས། བློ་བཟང་གིས་གཏན་ནས་དྲང་མོ་བཤད་མི་རུང་བསམ་ཞོར་དུ། ང་ཚོ་འདི་ནས་མགོ་འཁོར་ནས་ས་ཁུལ་འདིར་སླེབས་པ་རེད། དོན་དངོས་ཐོག་ང་ཚོ་སྟོད་གངས་རི་ལ་འགྲོ་མཁན་ཡིན། ད་ས་ཆ་འདི་གང་རེད། འདི་ནས་ཡར་སོང་བ་ཡིན་ན་གང་དུ་སླེབས་ཀྱི་ཡོད་པ་རེད། མར་གྲོང་བརྡལ་ཡོད་སར་སོང་བ་ཡིན་ན། གྲོང་སྡེ་གང་དུ་སླེབས་ཀྱི་ཡོད་པ་རེད་ཅེས་དྲིས་དུས།
རྒན་པོ་རྩམ་པ་འཐག་མཁན་དེ་ཡིས་བགད་མོ་ཞིག་དགོད་ཞོར་དུ། བུ། ཁྱེད་རང་གིས་ང་ལ་གསང་མི་དགོས། ང་རང་འདི་ནས་ལོ་མང་བོ་རྩམ་པ་འཐག་ནས་བསྡད་པ་ཡིན། ངས་མི་མང་བོ་ཞིག་ས་ཁུལ་འདི་བརྒྱུད་དེ་འགྲོ་བཞིན་པ་མཐོང་མྱོང་ཡོད། ཁྱེད་རང་ཚང་རྒྱ་གར་དུ་འགྲོ་མཁན་རེད་འདུག ང་ལ་རྩམ་པ་བཙོང་རྒྱུ་མེད། ངས་ཁྱེད་ཚོ་ལ་འདི་ནས་རྩམ་པ་ཁུག་མ་ཆུང་ཆུང་འདིས་བཀང་སྟེར། དེ་ནས་ཁྱེད་ཚོ་མགྱོགས་པོ་འདི་ནས་ཁ་བྲལ་ནས་ཡར་ལ་སོང་། མར་ཕྱོགས་སུ་སོང་བ་ཡིན་ན་བཀྲ་ཤིས་ལྗོངས་ལ་སླེབས་ཀྱི་ཡོད་པ་རེད། བཀྲ་ཤིས་ལྗོངས་གྲོང་བརྡལ་ནང་དུ་རྒྱ་ནག་གི་ཉུལ་མ་མང་བོ་ཡོད་པ་རེད། ཡར་འགྲོ་མཁན་མི་ཉུང་བ་ཞིག་ཀྱང་འདི་ནས་འཛིན་བཟུང་བྱས་མྱོང་ཡོད་པ་རེད། ང་ཚོས་ཀྱང་མི་རིག་ན་གཞུང་ལ་ཡར་ཞུ་བྱེད་དགོས་པ་རེད། མ་ཞུས་པ་ཡིན་ན་ཆད་པ་གཅོད་ཀྱི་ཡོད་པ་རེད། དེ་ལས་ཁྱེད་ཚོ་འདི་ནས་ཡར་མགྱོགས་པོ་སོང་། ལམ་བར་ནས་མི་འདྲ་ཐུག་ན་སྐད་ཆ་དྲིས་ན་ལན་མ་འདེབས། ཡར་མར་ལ་སྐད་ཆ་གང་ཡང་མ་བཤད་ཅེས་བཤད་མ་ཐག
བློ་བཟང་གིས་སེམས་ནང་དུ་ཚ་ཚག་གེར་སོང་བ་དང་ལྷན་དུ། རྩམ་འཐག་རྒན་པོ་དེ་ལ་བཀའ་དྲིན་ཆེ་ཞུས་པ་དང་ལྷན་དུ་རྩམ་ཁུག་ཆུང་ཆུང་དེ་ཁུར་ནས་ཁོང་ཚོ་ཆུ་ཕྲན་ཆུང་ཆུང་དེ་ནས་ཡར་བརྒལ་མར་བརྒལ་བྱེད་ཞོར་དུ་རྩམ་འཐག་རྒན་པོས་གསུངས་པ་ལྟར་ཡར་ཕྱོགས་སུ་གང་མགྱོགས་ཅི་མགྱོགས་ཀྱིས་གཅིག་རྗེས་གཅིག་གིས་མི་ཟིན་པར་སོང་བ་རེད།
ས་རུབ་ལ་ཉེ་བའི་སྐབས་ཤིག་ལ། ཁོང་ཚོ་སྤྲ་ཁྱིམ་ཁེར་འདུག་ཞིག་གི་འགྲམ་དུ་འབྱོར་ནས་ང་ཚོ་ལ་ཇ་ཞིག་སྡུད་རོགས་ཟེར་ནས་ཞུ་བ་བྱས་ཀྱང་། དང་ཐོག་ནང་གི་ཕོ་གསར་ཞིག་སྒོ་རུ་བུད་ནས་ཡར་བལྟ་མར་བལྟ་ཞིག་བྱས་རྗེས་སུ། སོང་། སོང་། ང་ཚོ་ལ་ཇ་གཏན་ནས་སྡུད་རྒྱུ་མེད་ཅེས་བཤད་དུས་སུ། བློ་བཟང་གིས་ནུ་མོ་མཚོ་མོ་སྐྱིད་བསྔགས་ནས། ཇ་ཞིག་སློང་ནས་ཤོག་ཟེར་ནས་ཁོང་ཚོ་སྤྲ་ཁྱིམ་དེ་ལས་ཅུང་ཐག་རིང་སར་སོང་ནས་བལྟས་བསྡད་དུས། སྤྲ་ཁྱིམ་དེ་ནས་བུད་མེད་ཅིག་སྒོ་རུ་ཡོང་ནས་ནུ་མོ་མཚོ་མོ་སྐྱིད་སྤྲ་ཁྱིམ་དེ་ཡི་ནང་དུ་ཁྲིད་དེ་སོང་བ་རེད།
མི་རིང་བར་ས་ཡང་རུབ་ནས་འགྲོ་བཞིན་ཡོད་པ་དང་། མི་ངོ་ཡང་མི་ཟིན་པའི་སྐབས་དེ་འདྲ་ཞིག་ལ། སྤྲ་ཁྱིམ་དེ་ནས་ཕོ་གསར་དེ་སྒོ་རུ་བུད་ནས་ཁྱེད་ཚོ་མགྱོགས་པོ་ནང་དུ་ཤོག་ཟེར་ནས་སྐད་བཏང་བ་ལྟར། ཁོང་ཚོ་ཡང་མགྱོགས་པོ་སྤྲ་ཁྱིམ་དེ་ཡི་ནང་དུ་ཕྱིན་པ་རེད། སྤྲ་ཁྱིམ་དེ་ཡི་ནང་དུ་སླེབས་པ་དང་ཕོ་གསར་དེས་གང་མགྱོགས་སྤྲ་ཁྱིམ་དེ་ཡི་སྒོ་དམ་པར་བརྒྱབས་དེ། དེ་ནས་བསྡོད་ཟེར་ཞོར་ཁོ་རང་མེ་ཐབ་ཀྱི་འགྲམ་དུ་ས་རུ་བསྡད་པ་རེད།
མུ་འགོད།
སྤུན་ཟླ་ཁྱེད་གཉིས་སྔ་གཞུག་གནང་དེ་ཕེབས་ནས་བསམ་ཚུལ་གསུང་བ་བཀའ་དྲིན་ཆེ། ཁོམ་དུས་སུ་ཕེབས་རྐྱང་བྱོས། སྒོ་ཁ་ནས་སྒུག་ནས་འདུག
བསེ་རུ་ལགས།་་་གསུངས་པ་ལྟར་རྒྱུགས་དགོས་ད་དུང་རྒྱུགས་ནམ་ཞིག་ཐང་ཆོད་ཆོད་བར་རུ་རྒྱུགས་ལྭོ།་་་་་་་་་ཧཧཧཧཧཧཧཧཧཧཧ
དྲ་གྲོགས་ལགས། མ་མཇལ་ཡུན་རིང་། ངས་སྐུ་ཉིད་ཀྱི་སྒྲུང་རྩོམ་ཆ་ཚང་ཀློག་ཐུབ་ཀྱི་མི་འདུག འོན་ཀྱང་། བམ་ཀློག་རེ་བྱེད་སྐབས་སྐུ་ཉིད་ཀྱི་དག་སྡེབ་དང་སྒྲུང་གཏམ་གྱི་བྱུང་རིམ་དང་སྒྲིག་གཞི། མི་སྣ་ཞིབ་འབྲི་སོགས་ལ་ཡར་རྒྱས་ཤུགས་ཆེ་བྱུང་ཡོད་པའི་ཚོར་སྣང་ཞིག་ཡོང་གི་འདུག དེར་བརྟེན་རྟ་ཕོར་རྒྱུག་ཤེད་ཡོད་ན། བྱང་ཐང་སྟོང་པའི་དཔེ་བཞིན།
ད་དུང་རྒྱུགས་དང་། ནམ་ཞིག་རེ་བའི་འབྲས་བཟང་སྨིན་དུས་མི་ཚེ་འདི་ཡི་བསམ་དོན་ཡང་གང་འཚམ་འགྲུབ་པ་རེད།
ས་མཐའ་ནས་སེམས་པ་སྐྱོ་གིན་སྐྱོ་གིན་བོད་ཡིག་དང་ཁ་མ་བྲལ་ཨང་། །