ཉེ་ཆར་རྔ་བར་རང་ལུས་མེར་བསྲེཊ་གནང་མཁན་གྲྭ་བློ་བཟང་དཔལ་ལྡན་ལཊ་འབར་ཁམས་ཀྱི་དམག་མིའི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་འདུག
ཟླ་འདིའི་ཚེས་ ༡༦ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་དུ་རང་ལུས་མེར་བསྲེཊ་གནང་མཁན་གྲྭ་བློ་བཟང་དཔལ་ལྡན་ལགས། ཉིན་དེར་རྫོང་ཐོག་ཏུ་ཡོད་པའི་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་ཁོང་གི་ལུས་སྟེང་གི་མེ་བསད་རྗེས་བཙན་ཁྲིད་བྱས་ཏེ་ཉིན་ལྔའི་རིང་འཆི་གསོན་གྱི་གནས་སྟངས་གསལ་བོ་ཤེས་མེད་པ་ལྟར། ཟླ་འདིའི་ཚེས་ ༢༡ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡།༣༠ ཁོང་རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་ཀྱི་དམག་མིའི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་འདུག ཉེ་ལམ་ཁོང་གི་ནང་མི་འབར་ཁམས་དུ་སྐུ་ཕུང་ལེན་པར་ཕྱིན་ཡོད་ཀྱང་། རྒྱ་གཞུང་གིས་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་མེར་བསྲེཊ་བཏང་རྗེས་རུས་ཐལ་ཞིག་སྤྲད་ཡོད་འདུག
ད་ལྟ་རང་ལོ་ ༢༣ ཡིན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས་ནི། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཨ་ཤེར་ཚང་གི་ཡིན་པ་དང་། མ་མིང་ལ་ནམ་ཁོ་དང་། ཕ་གཡར་གྱི་མིང་ལ་ཤེས་རབ་ཞུ་བཞིན་ཡོད་འདུག ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ད་ལྟ་འཛིན་གྲྭ་བསྡུས་ཆེན་ལ་བསླེབས་ཡོད་འདུག
ཉེ་ཆར་རྔ་བར་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་རྒྱ་གཞུང་གིས་རྫོང་གི་ས་གནས་གང་སར་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱིན་པ་མ་ཟད། དམིགས་བསལ་དགོན་སྡེ་ཁག་ཏུ་ཉེན་རྟོག་པ་དང་དམག་མི། དམིགས་བསལ་ཉེན་རྟོག་པ། སྤྱི་བདེ་ཉེན་རྟོག་པ་སོགས་མངགས་གཏོང་གིས་ལྟ་རྟོག་དང་ས་གནས་ཀྱི་བརྒྱུད་ལམ་ལ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དོན་གོ
ཨོཾ་མ་ཎི་པདྨེ་ཧཱུཾཿ དྲྭ་གློགས་རྣམ་པས་གང་ཉིད་ལ་ཐུགས་སྨོན་སྐྱབས་འཇུག་གནང་སྐྱོང་ཡོང་བ་ཞུ།