སྲིད་སྐྱོང་མཆོག་གིས་ལ་དྭགས་བོད་མི་ཚོར་གསུང་བཤད་གནང་སྟེ། བཀའ་ཤག་གི་ངོས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ནུས་པ་ཆ་ཚང་ཐོན་ཐུབ་པར་ཤེས་ཡོན་ལས་ལྷག་མེད་པའི་ངོས་འཛིན་གནང་གི་ཡོད་སྟབས། ཕ་མ་ཚོས་ཕྲུ་གུ་སློབ་གྲྭ་བཏང་བ་ཙམ་མིན་པར་ནམ་རྒྱུན་དོ་སྣང་དང་འགན་འཁུར་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༦།༣༠ ཡས་མས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་དྭགས་ལྷོ་བྱང་གཞིས་སྤྱི་ལས་ཁུངས་ཀྱི་སྤྱི་ཁང་དུ་ཕེབས་ཏེ། མི་མང་ལ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་དང་དབུ་མའི་ལམ་ངོ་སྤྲོད། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་སོང་།
མདང་དགོང་གི་འདུ་འཛོམས་ཐོག་སྲིད་སྐྱོང་མཆོག་གིས། ལ་དྭགས་ལྷ་སྤྱི་ལས་ཁུངས་ཀྱི་གཞིས་སྤྱི་དོན་འགྲུབ་བཀྲ་ཤིས་ལགས་དང་། གཞིས་སྤྱི་ལས་ཁུངས་ཀྱི་ལས་བྱེད། བོད་མིའི་གཞིས་ཆགས་ཁག་ཅིག་གི་གཞིས་མགོ མཉམ་འབྲེལ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི། ལ་དྭགས་ལྷོ་བྱང་གཉིས་ཀྱི་མི་མང་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་ཆོས་ཞུ་བ་བཅས་མི་ ༡༠༠༠ ལྷག་ལ། སྐབས་བཅུ་བཞི་བའི་བཀའ་ཤག་གི་ངོས་ནས་འདི་ལོ་༸གོང་ས་མཆོག་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་གནང་གི་ཡོད་པ་ལྟར། མི་འགྱངས་བར་དཔལ་འབྱོར་བཀའ་བློན་མཆོག་ལ་དྭགས་སླེ་དང་བྱང་ཐང་བཅས་ས་གནས་ཁང་ན་སྐོར་སྐྱོད་ཀྱིས། མི་མང་ལ་བཀའ་དྲིན་རྗེས་དྲན་དང་དབུ་མའི་ལམ་གྱི་སྐོར་གྱི་གསུང་བཤད་གནང་རྒྱུ་ཡིན་སྐོར་ངོ་སྤྲོད་དང་འབྲེལ། བཀའ་ཤག་གིས་ཐོག་མའི་དུས་ནས་ཤེས་ཡོན་གལ་ཆེན་དུ་བཟུང་གི་ཡིན་ཞེས་གསུས་བ་ལྟར་འབད་བརྩོན་གནང་སྟེ་ཕྲན་བུ་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། ཤེས་ཡོན་གལ་ཆེན་དུ་བརྩི་དགོས་དོན་གཙོ་བོ་། རྒྱ་ནག་ནང་མི་འབོར་ཐེར་འབུམ་གཅིག་དང་ས་ཡ་སུམ་བརྒྱ་དང་། རྒྱ་རིགས་རང་ཐེར་འབུམ་གཅིག་དང་ས་ཡ་ཉིས་བརྒྱ་བཅས་ཁྱོན་ས་ཡ་ ༡༢༠༠ ཡོད་པ་དང་། ང་ཚོར་བོད་ནང་བོད་མི་ས་ཡ་དྲུག་དང་། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཀ བརྒྱ་ཆ་བགོས་པ་ཡིན་ན། བོད་པའི་མི་འབོར་ས་ཡ་ཕྱེད་ཀ་རེད། རྒྱ་རིགས་བརྒྱ་ཆའི་དགུ་བཅུ་གོ་དགུ་དང་ཕྱེད་ཀ་ཆགས་འདུག བོད་པ་གཅིག་གིས་རྒྱ་མི་ ༡༩༩ ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་། ད་ལྟའི་བར་ང་ཚོས་བདེན་པའི་ཐོག་ནས་རྩ་དོན་འཐབ་རྩོད་བྱེད་ཀྱི་ཡོད་སྟབས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ནུས་པ་ཆ་ཚང་ཐོན་ཐུབ་པར་ཤེས་ཡོན་ལས་ལྷག་མེད་པར་ངོས་འཛིན་གནང་སྟེ་གལ་ཆེན་དུ་བརྩི་དགོས་པ་དང་། ལ་དྭགས་ཀྱི་ཕ་མ་ཚོས་ནས་ཕྲུ་གུ་སློབ་གྲྭ་བཏང་བ་ཙམ་མིན་པར། ནམ་རྒྱུན་དོ་སྣང་དང་འགན་འཁུར་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
དབུ་མའི་ལམ་གྱི་སྐོར་ལ་སྲིད་སྐྱོང་མཆོག་གིས། ༡༩༧༤ ལོར་༸གོང་ས་མཆོག་གིས་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་མང་པོས་བཀའ་བསྡུར་གནང་སྟེ་གཏན་ཁེལ་དང་། ༡༩༩༧ ལོར་གྲོས་ཚོགས་ཀྱི་སྤྱི་མོས་ཐོག་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི། རྒྱ་ནག་གཞུང་མཁྲེགས་འཛིན་གྱི་སྲིད་ཇུས་དང་ལ་བརྟེན་ནས་བོད་ནང་དཀའ་སྡུག་ཚད་མེད་མྱོང་བཞིན་པ་མཚམས་འཇོག་དང་། བོད་ནང་ཆབ་སྲིད་ཐོག་རྨང་གཞིའི་རང་དབང་། རིག་གཞུང་དབྱེ་མེད། ཁོར་ཡུག་སྲུང་སྐྱོབ་བཅས་ཡོང་ཆེད་ལ་བསྟར་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་ལེའུ་ཞའོ་པོ་གཙོས་པའི་རྒྱ་རིགས་རྩོམ་པ་དང་མཁས་དབང་། བོད་ནང་གི་མཁས་དབང་། རྒྱ་གར་གཞུང་། ཨ་རི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་བཅས་ཀྱི་རྒྱབ་སྐྱོར་གནང་གི་ཡོད་སྐོར་སོགས་གསུངས་སོང་།
དོལ་རྒྱལ་གྱི་སྐོར་ལ་སྲིད་སྐྱོང་མཆོག་གིས། ད་རེབ་ལ་དྭགས་དུས་དབང་ཐོག་མི་འབུམ་གཅིག་དང་ཕྱེད་ཀ་མ་ཟིན་ཙམ་འཛོམས་འདུག ཕྱི་རྒྱལ་གྱི་མི་སྣ་ཡང་མང་པོ་འདུག ༸གོང་ས་མཆོག་གི་མཛད་འཕྲིན་རྒྱས་ཡོང་སྐབས་མཚན་དམོད་ཞུ་མཁན་ཡང་ཡོང་བསྡད་ཀྱི་ཡོད་པ་རེད། ཉེ་དུས་ནས་དོལ་རྒྱལ་རྗེས་འབྲངས་པ་འགའ་ཤས་ཤིག་གིས་ཕྱི་རྒྱལ་ཁག་ཏུ་ཕེབས་སྐབས་མཚན་སྨད་ཞུ་བ་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་བསྡད་ཀྱི་ཡོད་པ་རེད། དེ་བོད་པ་ཞིག་ཡིན་པའི་ཆ་ནས་ཧ་ཅང་ཐབས་སྐྱོ་བོ་རེད། ༸གོང་ས་མཆོག་ནོར་ཝེ་ཆིབས་བསྒྱུར་གནང་སྐབས་ས་གནས་མི་མང་གིས་དགའ་སྤྲོའི་ངང་ཕེབས་བསུ་དང་། ནོར་ཝེ་གཞུང་གི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཙོས་པའི་གནད་ཡོད་མི་སྣ་གཞུང་འབྲེལ་ཐོག་༸གོང་ས་མཆོག་ལ་མཇལ་འཕྲད་གནང་དགོས་ཞེས་བརྒྱུད་ལམ་དུ་བགྲོ་གླེང་ཤུགས་ཆེར་གནང་བ་རེད། ཡིན་ནའང་། དོལ་རྒྱལ་རྗེས་འབྲངས་པ་ཚོས་བརྒྱུད་ལམ་ཁག་ནང་༸གོང་ས་མཆོག་རྒྱ་ནག་གི་གནོན་ཤུགས་འོག་ནོར་ཝེའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་སོགས་ལ་མཇལ་ཐུབ་ཀྱི་མི་འདུག་ཅེས་པ་དེར་རྒྱབ་སྐྱོར་ཡོད་ཅེས་ལབ་འདུག ཁོང་ཚོས་ཆོས་དད་དང་གཏམ་བརྗོད་རང་དབང་མི་འདུག་ཅེས་ལབ་བསྡད་ཀྱི་ཡོད་ཀྱང་། དོན་དག་གི་ཐོག་ནས་ཆབ་སྲིད་ཀྱི་བེད་སྤྱོད་འོག་འགྲོ་གི་ཡོད་པ་ཧ་ཅང་གསལ་བོ་རེད། ཁོང་ཚོའི་སྐད་ཆ་དེ་དག་ཆོས་དད་རང་དབང་དང་འབྲེལ་བ་མི་འདུག འབོད་ཚིག་ཡང་བོད་པ་ཞིག་ཡིན་པའི་ཆ་ནས་བསམ་ཡུལ་ལས་འདས་པ་དེ་འདྲ་བེད་སྤྱོད་གཏོང་གི་ཡོད་པ་རེད། ཧ་ཅང་ཐབས་སྐྱོ་བོ་རེད། བཀའ་ཤག་གི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཁོང་ཚོས་ག་རེ་གནང་གི་ཡོད་མེད་ཤེས་རྒྱུ་གལ་ཆེན་ཡིན་སྟབས། ང་ཚོས་དེའི་ཐད་ལས་ཀ་བྱེད་མུས་ཡིན། ཁྱེད་རང་ཚོའི་ངོས་ནས་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།
དྲི་བ་དྲིས་ལན་སྐབས་བོད་མི་ཞིག་གིས་རྒྱ་གར་གྱི་གཞུང་དང་དབུ་ཁྲིད་འཕོ་འགྱུར་བྱུང་བ་དེས་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་གནས་སྟངས་འགྱུར་བ་ཐེབས་མིན་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། ང་རང་གི་ངོས་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་དང་ཡིད་ཆེས་བྱེད་བསྡད་ཀྱི་ཡོད། ངས་སྔོན་མ་ནས་ཀང་རི་སི་དང་པེ་ཇི་པེ་གཙོས་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་མང་པོར་འབྲེལ་བ་བྱེད་བསྡད་ཀྱི་ཡོད་ལ། མཇལ་མྱོང་ཡང་ཡོད། ད་རེབ་སྲིད་བློན་དམ་འབུལ་སྐབས་ཡང་ང་རང་བཅར་བ་ཡིན། པེ་ཇི་པེའི་ངོས་ནས་ད་ལྟའི་བར་བོད་དོན་ཐོག་རྒྱབ་སྐྱོར་ཕྲན་བུ་ཡོད་པ་ཞིག་སྟོན་གྱི་ཡོད་པ་རེད། ཉེ་ཆར་སིམ་ལའི་ཆིངས་ཡིག་དང་འབྲེལ་བའི་ཚོགས་འདུ་སྐབས་ཁོང་ཚོའི་མི་སྣ་ཕེབས་ཡོད་པ་རེད། མ་འོངས་པར་ཡང་མུ་མཐུད་གནང་གི་རེད་བསམ་པའི་རེ་བ་དང་ཡིད་ཆེས་ཡོད། ཅེས་གསུངས་སོང་།
བོད་མི་ཞིག་གིས་ཉེ་ཆར་གསར་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་ ༸གོང་ས་མཆོག་དང་ལྷན་དུ་གྲོས་མོལ་གནང་རྒྱུར་ག་དུས་ཡིན་ཡང་སྒོ་ཕྱེ་ཡོད་ཅེས་པའི་སྐད་ཆ་བཤད་པ་དེ་གང་འདྲ་ཡིན་མིན་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། ཉེ་སྔོན་ང་ཚོས་སྤྱི་ཚོགས་ནང་དབུ་མའི་ལམ་ཤེས་མཁན་དང་མ་ཤེས་མཁན། རྒྱ་ནག་གཞུང་གིས་འགྲེལ་བཤད་ལོག་པར་བརྒྱབ་པའི་དབང་གིས་གོ་ནོར་ཐེབས་པའི་རིགས་མང་པོ་འདུག་སྟབས། དྷ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་ཚོགས་ཏེ་ དབུ་མའི་ལམ་གྱི་སྐོར་ཁྱབ་བསྒྲགས་བྱས་པ་རེད། ཉིན་ཤས་རྗེས་རྒྱལ་སྤྱིའི་གསར་འགོད་པ་ཚོས་རྒྱ་ནག་ཕྱི་སྲིད་ལྷན་ཁང་ལ་ང་ཚོའི་གསར་འགོད་གསལ་བསྒྲགས་སྐོར་སྐད་ཆ་དྲིས་སྐབས། མགྲིན་པ་ཚབ་པས་ངའི་མིང་ཡང་མ་བོས་པར། ང་ཁ་བྲལ་བ་བརྒྱ་ཆའི་ ༡༠༠ ཡིན་ཚུལ་སོགས་བཤད་ཡོད་པར་མ་ཟད། ནམ་རྒྱུན་བོད་མིའི་སྒྲིག་འཛུགས་མཉམ་ཐད་ཀར་བཀའ་མོལ་གནང་གི་མིན་པ་དང་། ༸གོང་ས་མཆོག་མཉམ་བཀའ་མོལ་གནང་རྒྱུར་ག་དུས་ཡིན་ཡང་སྒོ་ཕྱེ་ཡོད་ཅེས་སྐད་ཆ་ཞིག་འདུག དེ་གསར་བ་དེ་འདྲ་མ་རེད། ཁོང་ཚོས་ག་དུས་ཡིན་ཡང་༸གོང་ས་མཆོག་ལ་སྐྱོན་བརྗོད་དང་མཚན་དམོད་བྱེད་བསྡད་ཀྱི་ཡོད་པ་རེད་ལ། བཀའ་མོལ་གནང་གི་ཡིན་ཞེས་ཀྱང་བཤད་བསྡད་ཀྱི་ཡོད་པ་རེད། དེ་གསར་འགྱུར་བརྒྱུད་ལམ་ཁག་ནང་དམིགས་བསལ་བཀའ་མོལ་ཞེས་གོ་ནོར་ཐེབས་པ་བྱུང་འདུག་བསམ་གྱི་ཡོད། ང་རང་གི་གོ་ཐོས་ལ་འདི་ལོའི་ཕྱི་ཟླ་ ༧ པའི་རྒྱ་ནག་གིས་བོད་ཀྱི་སྐོར་ལ་ཚོགས་འདུ་ཚོགས་ཀྱི་ཡོད་སྐོར་གོ་བྱུང་། དེ་ཚོགས་རྗེས་ཁོང་ཚོས་བོད་ཐོག་སྲིད་བྱུས་གང་འདྲ་འཛིན་གྱི་ཡིན་མིན་གསར་ལམ་ནས་གསལ་བོ་གོ་ཡོང་གི་རེད། ཅེས་གསུངས་སོང་།
བོད་མི་ཞིག་གིས་ཨ་རིའི་ནང་བོད་མི་ ༥༠༠༠ ལྔ་སྟོང་འཐེན་རྒྱུའི་ལས་གཞིའི་ནང་ལ་དྭགས་བོད་མིར་བརྒྱ་ཆའི་ ༨༠% གོ་སྐབས་གནང་རྒྱུའི་རེ་བ་ཞུ་བའི་ལན་དུ་སྲིད་སྐྱོང་མཆོག་གིས། དེའི་ཐད་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལས་གྲོས་ཚོགས་གོང་མས་རྒྱབ་སྐྱོར་གནང་ཡོད་པ་རེད། མཁྱེན་དགོས་པ་ཞིག་ལ་གྲོས་ཆོད་དེ་བོད་མི་གཅིག་པུའི་ཆེད་དུ་མ་རེད། ད་ལྟ་ཨ་རིའི་ནང་ཁྲིམས་མཐུན་མིན་པའི་མི་ས་ཡ་ ༡༡ ཡོད་པ་རེད། དེ་དག་ཚང་མ་ཁྲིམས་མཐུན་བཟོ་དགོས་ཀྱི་འདུག་ཅེས་གྲོས་ཆོད་ཨ་མ་ཞིག་བཞག་ཡོད་པ་རེད། ད་ཆར་གྲོས་ཚོགས་འོག་མའི་ངོས་ནས་རྒྱབ་སྐྱོར་མ་གནང་བར་གྲོས་ཆོད་ཨ་མ་དེ་ལྷག་ཡོད་པ་རེད། གྲོས་ཆོད་ཨ་མ་ཕྱིན་པ་ཡིན་ན་ང་ཚོའི་མི་འཐེན་ཐུབ་རྒྱུར་ང་རང་རེ་བ་ཆེན་པོ་ཡོད། གྲོས་ཆོད་ཨ་མ་འགྲོ་མ་ཐུབ་ཚེ་ལྷག་འགྲོ་གི་རེད། ད་དུང་ལོ་རྗེས་མའི་ཕྱི་ཟླ་ ༡༡ ནང་གྲོས་ཚོགས་གོང་འོག་གི་མི་སྣ་འཕོ་འགྱུར་དང་། སྲིད་འཛིན་རྗེས་མའི་འོས་བསྡུ་བཅས་ལ་བལྟ་དགོས་པ་རེད། གལ་སྲིད། གྲོས་ཆོད་འགྲོ་ཐུབ་པ་ཡིན་ན། ང་ཚོའི་ངོས་ནས་ཀྱང་ས་གནས་ཀྱི་མི་འབོར་ལ་དཔག་པའི་ལས་འཆར་དང་འཆར་གཞི་ཡོད་པ་རེད་ཅེས་གསུངས་སོང་།
དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་སྲིད་སྐྱོང་མཆོག་གཞིས་སྤྱི་ལས་ཁུངས་དུ་ཕེབས་ཏེ། གཞིས་སྤྱི་དོན་འགྲུབ་བཀྲ་ཤིས་གཙོས་ལས་ཁུངས་ཀྱི་ལས་བྱེད་དང་། གཞིས་གྲོང་ཁག་གི་མི་སྣ་འདུ་འཛོམས་ཀྱིས་ནང་ཁུལ་བཞུགས་མོལ་ཚོགས་འདུ་ཚོགས་ཀྱི་ཡོད་འདུག