གླུ་མ་གྲགས་ཅན་ཧན་ཧོང་གིས་མཚོ་སྔོན་གྱི་རྫོང་ཁག་ ༡༢ ནང་རིན་མེད་སྨན་བཅོས་ཀྱི་ལས་འགུལ་ཉིན་ ༡༥ རིང་སྤེལ་བཞིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་ཉིན་གྲངས་ ༡༥ རིང་། གླུ་མ་གྲགས་ཅན་ཧན་ཧོང་བྱམས་བརྩེ་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག པེ་ཅིན་གྱི་གྲགས་ཅན་ཆེད་ལས་སྨན་པ་ ༣༨ གཙོས་རྒྱ་ནག་གི་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་བཅས་ཁྱོན་དང་བླངས་བ་ ༡༠༠ ལྷག་གིས། མཚོ་སྔོན་ཞིང་ཆེན་གྱི་མང་ར་རྫོང་དང་རྨ་སྟོད་རྫོང་། དར་ལག་རྫོང་། དགའ་བདེ་རྫོང་། རྨ་ཆེན་རྫོང་། རྩེ་ཁོག་རྫོང་། ཐུན་རིན་རྫོང་སོགས་རྫོང་ཁག་ ༡༢ ནང་། ལོང་ཏོག་གཤགས་བཅོས་སོགས་གཞི་རིམ་གྱི་ནད་པ་ ༥༣༧ ལ་རིན་མེད་སྨན་བཅོས་ཀྱི་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་ནས་ཡིན་པའི་ནད་པ་ཚབས་ཆེན་ཚོར་སྨན་བཅོས་རོགས་སྐྱོར་གྱི་སྒོར་མོ་སྤྲོད་ཀྱི་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ ཉིན་གྱི་མཛད་སྒོའི་ཐོག མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་སྡེ་ཁག་ཚོར་སྨན་བཅོས་ཆེད་བཀོལ་གྱི་ཅེ་ལི་རླངས་འཁོར་ ༣༠ དང་མྱུར་སྐྱོབ་རླངས་འཁོར་ ༡༠ བཅས་ཞལ་འདེབས་སུ་སྤྲད་ཡོད་པ་དང་། ཅེ་ལི་རླངས་འཁོར་དེ་ཚོར་ཁྱོན་རྒྱ་སྒོར་ཁྲི་ ༣༠༠ ལྷག་ཡིན་འདུག
གླུ་མ་གྲགས་ཅན་ཧན་ཧོང་གྱི་བོད་མིང་ལ་དབྱངས་ཅན་སྒྲོལ་མ་ཟེར་ཞིང་། ཕྱི་ལོ་ ༡༩༧༡ ལོར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་དུ་སྐྱེས་པ་དང་། ཕ་རྒྱ་རིགས་དང་མ་བོད་རིགས་ཡིན་འདུག ད་སྐབས་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་དང་རྒྱ་ནག་མཁའ་དམག་ཆབ་སྲིད་ཁང་བཟོ་རིག་ཚན་པའི་འགན་འཛིན་གཞོན་པ་བཅས་ཡིན་འདུག
གསར་འགོད་པ། པདྨ་མཚོ།