རྒྱ་གར་གྱིས་ཝེ་ཋི་ནམ་དང་མཉམ་འབྲེལ་ཐོག་ད་ལྟ་རྒྱ་ནག་གི་བདག་འཛིན་འོག་ཡོད་པའི་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་ཀྱི་གླིང་ཕྲན་ཐོག་རྡོ་སྣུམ་སྔོག་འདོན་ས་ཚིགས་རྒྱག་འཆར་ཡོད་པ་དེར་རྒྱ་ནག་ཁོང་ཁྲོ་ལངས་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་མ་འབྱོར་བའི་དུས་ཚོད་ ༢༤ ཡི་སྔོན་ཏག་ཏག་ལ། གཟའ་འཁོར་འདིའི་ནང་རྒྱ་གར་གྱིས་ཝེ་ཋི་ནམ་དང་མཉམ་དུ་ཚོང་ལས་དང་ཞིང་ལས་ཐོན་སྐྱེད་སྐོར་ལ་གྲོས་ཆོད་ཁག་ཅིག་བཞག་པའི་ཁྲོད། རྒྱ་གར་གྱི་རྡོ་སྣུམ་སོལ་རླངས་མཉམ་ལས་ཁང་ (ONGC)ཞེས་པས་རྒྱ་ནག་གི་བདག་དབང་འོག་ཡོད་པའི་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་ཀྱི་རྒྱ་ནག་གིས་ནན་ཞཱ་གླང་ཕྲན་(Nansha Islands)དུ་འབོད་པའི་མཐའ་འཁོར་དུ་རྡོ་སྣུམ་སྔོག་འདོན་ས་ཚིགས་གསར་རྒྱག་གིས་རྡོ་སྣུམ་སྔོག་འདོན་བྱེད་འཆར་ཡོད་པ་དེར་ངོས་ལེན་རྩ་བ་ནས་མེད་ཅེས་བརྗོད་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ (Hong Lei) ཡིས་གསར་འགོད་པར། རྒྱ་ནག་གཞུང་གིས་ཝེ་ཋི་ནམ་དང་རྒྱལ་ཁབ་གང་རུང་བར་ཁྲིམས་མཐུན་གྲོས་ཆོད་གང་འདྲ་ཞིག་བཞག་ཀྱང་དགག་བྱ་མེད་མོད། རྒྱ་ནག་གི་བདག་དབང་འོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཐོག་རྒྱ་ནག་གི་བཀའ་འཁྲོལ་མེད་པར་རྡོ་སྣུམ་སྔོག་འདོན་ལྟེ་གནས་འཛུགས་འཆར་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
ཟླ་འདིའི་ཚེས་ ༡༤ ནས་ ༡༧ ཉིན་བར། རྒྱ་གར་གྱི་སྲིད་འཛིན་པུར་ནཱ་མོར་ཀར་ཇེ་ (Pranab Mukherjee)ཝེ་ཋི་ནམ་དུ་ཕེབས་ཏེ། ཝེ་ཋི་ནམ་དང་རྒྱ་གར་གཉིས་ཀྱི་ཐུན་མོང་གི་མངོན་འདོད་དམག་དོན་ཐབས་ཇུས་ཀྱི་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་ཆེད་ལྷོ་ཤར་ཨེ་ཤ་ཡའི་སྲིད་དོན་དང་བདེ་འཇགས་མཉམ་ལས་གཙོས། ཚོང་ལས་དང་ཚན་རིག་ལག་རྩལ། ཞིང་ལས་ཐོན་སྐྱེད། རིག་གཞུང་བརྗེ་ལེན་བཅས་ཀྱི་ཐོག་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་ཁྲོད། རྒྱ་གར་གྱི་རྡོ་སྣུམ་སོལ་རླངས་མཉམ་ལས་ཁང་གིས་ཝེ་ཋི་ནམ་དང་རྩོད་རྙོག་ཡོད་པའི་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་གླིང་ཕྲན་ཐོག་རྡོ་སྣུམ་སྔོག་འདོན་ས་ཚིགས་རྒྱག་རྒྱུར་མིང་རྟགས་བཀོད་ཡོད་འདུག
ད་ལོའི་ཟླ་ ༥ ཚེས་ ༢ ཉིན། རྒྱ་གཞུང་གིས་ནམ་ཞཱ་མཚོ་གླིང་རྒྱ་ནག་གི་རྒྱལ་ཁོངས་ཡིན་ཚུལ་བརྗོད་དེ་རྡོ་སྣུམ་སྔོག་འདོན་ས་ཚིགས་རྒྱག་མགོ་ཚུགས་ཡོད་ཀྱང་། ཝེ་ཋི་ནམ་མི་མང་གིས་ཝེ་ཋི་ནམ་ནང་ཡོད་པའི་རྒྱ་ནག་གི་བཟོ་གྲྭ་ཁག་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་སྟབས། རྒྱ་གཞུང་གིས་ཝེ་ཋི་ནམ་ནང་བཟོ་པ་ ༧༠༠༠ ཙམ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད།
རྒྱ་ནག་དང་ཝེ་ཋི་ནམ་བར་རྩོད་རྙོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་དེར། རྒྱ་ནག་གིས་ནམ་ཞཱ་མཚོ་གླིང་ཟེར་གྱི་ཡོད་པ་དང་། ཝེ་ཋི་ནམ་གྱིས་ཁ་འཐོར་མཚོ་གླིང་ (Paracel Islands) ཞེས་འབོད་ཀྱིན་ཡོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། སྲིད་འཛིན་ཞི་ཅིན་ཕིན་གྱི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་འོག རྒྱ་ནག་གིས་ཉི་ཧོང་དང་ཧྥི་ལི་ཕིན། ཝེ་ཋི་ནམ། ཐའེ་ཝན། མ་ལཱ་ཤི་ཡ། སྦར་ནེ་ (Brunei) བཅས་ཀྱི་རྒྱལ་ཁོངས་སུ་ཡོད་པའི་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་ཀྱི་མཚོ་གླིང་ཁག་ཅིག་རྒྱ་ནག་གི་རྒྱལ་ཁོངས་ཡིན་པར་བསྒྲགས་སྟབས། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཆུང་ཆུང་ཚོར་འཇིགས་སྣང་སྐྱེས་ཏེ་ཉི་ཧོང་དང་རྒྱ་གར་བར་འབྲེལ་ལམ་ཇེ་ཟབ་ཏུ་འགྲོ་རྒྱུ་ཡིན་ཚུལ་བརྗོད་འདུག
རྒྱ་གར་གཞུང་དམངས་གཉིད་ལས་སད་རན་པའི་དུས་ལ་སླེབ་ཡོད། ཕྱི་ལོ་ ༡༩༦༢ ནས་བཟུང་ད་བར་མཐོང་ཆུང་དང་ཁྱད་གསོད་བྱས་དང་བྱེད་བཞིན་པར་འདི་གཏན་གཏན་ནུས་པ་ཐོན་པའི་ལན་འདེབས་ཤིག་བྱེ་རན་པའི་དུས་ཡིན།
རྒྱ་སྐྱེད་རིང་ལུགས་པའི་ལག་ཏུ་ས་ཆ་ཐོ་གང་མ་ཤོར་པར་དགོག་སྲུང་ནན་མོའི་བྱེད་དགོས།
རྒྱ་སྐྱེད་རིང་ལུགས་པའི་ལག་ཏུ་ས་ཆ་ཐོ་གང་མ་ཤོར་པར་དགོག་སྲུང་ནན་མོའི་བྱེད་དགོས།
རྒྱ་སྐྱེད་རིང་ལུགས་པའི་ལག་ཏུ་ས་ཆ་ཐོ་གང་མ་ཤོར་པར་དགོག་སྲུང་ནན་མོའི་བྱེད་དགོས།