ཁ་སང་དགོང་མོར་ཧོང་ཀོང་གཞུང་དང་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མིའི་བར་གྲོས་མོལ་ཐེངས་དང་པོ་བྱས་ཡོད་ཀྱང་། ཞི་རྒོལ་བའི་འདོད་བློ་མ་ཁེངས་བར་མུ་མཐུད་ངོ་རྒོལ་བྱེད་བཞིན་ཡོད་འདུག
ཁ་སང་དགོང་མོར་ཧོང་ཀོང་ཧང་ཀྲུའུ་ཁུན་གསོ་རིག་སློབ་ཁང་དུ། ཧོང་ཀོང་སྲིད་དོན་ལྷན་ཁང་གི་འགན་འཛིན་ལིན་ཀྲིན་ཡེ་ཨི་(Lín zhèngyuè é)སོགས་གཞུང་གི་འཐུས་མི་ ༥ དང་། སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མི་ ༥ བཅས་མཉམ་འཛོམས་ཀྱིས་ཆུ་ཚོད་ ༢ རིང་གྲོས་མོལ་དང་། བརྙན་རིས་བརྒྱུད་མི་མང་འདུ་འཛོམས་སར་གྲོས་མོལ་གྱི་ལས་རིམ་ཐད་གཏོང་བྱས་ཡོད་པ་དང་། སྐབས་དེར་ཧོང་ཀོང་སྲིད་དོན་ལྷན་ཁང་གི་འགན་འཛིན་ལིན་ཀྲིན་ཡེ་ཨི་ཡིས། ཧོང་ཀོང་གི་དམངས་གཙོའི་ལམ་ལུགས་ངེས་པར་དུ་གཞི་རྩའི་བཅའ་ཁྲིམས་དང་རྒྱ་ནག་གི་རྩ་ཁྲིམས་ལ་གཞི་བཅོལ་ནས་འཕེལ་རྒྱས་གཏོང་དགོས་སྐོར་བརྗོད་ཡོད་སྟབས། ཞི་རྒོལ་བ་ཚོ་གྲོས་མོལ་ལ་འདོད་བློ་མ་ཚིམས་པར་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག
གྲོས་མོལ་བྱས་རྗེས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་བའི་ཐོག ལིན་ཀྲིན་ཡེ་ཨི་ཡིས་གྲོས་མོལ་སྐབས་སྲིད་གཞུང་གིས་གཞི་རྩའི་ལན་འདེབས་ ༤ བྱས་པ་ནི། ཧོང་ཀོང་གི་ཆབ་སྲིད་བསྒྱུར་བཅོས་ཀྱི་འདྲི་རྟོག་ཐེངས་གཉིས་པའི་ཁྲོད། ཕྱི་ལོ་ ༢༠༡༧ ལོའི་ཧོང་ཀོང་དམིགས་བསལ་སྲིད་འཛིན་འོས་འདེམས་ཀྱི་སྒྲོམ་གཞི་རྒྱ་གང་ཆེ་བྱེད་ཐབས་ལ་མོས་མཐུན་དང་། འོས་མི་འདེམས་སྒྲུག་གི་བརྒྱུད་རིམ་སོགས་ལ་སློབ་ཕྲུག་མཐུན་ཚོགས་གི་གཙོས་ཚོགས་པ་ཁག་དང་མཉམ་དུ་མུ་མཐུད་གྲོས་མོལ་བྱེད་པ། ༢༠༡༧ ལོའི་དམིགས་བསལ་སྲིད་འཛིན་འོས་འདེམས་ཀྱི་འཆར་གཞི་དེ་མཐའ་མཇུག་གི་འཆར་གཞི་མིན་པས། མ་འོངས་པར་དགོས་མཁོ་ཡོད་ན་ཆབ་སྲིད་བསྒྱུར་བཅོས་ཀྱི་གོམ་སྟབས་ལྔ་བསྐྱར་དུ་ལག་བསྟར་བྱེད་ཆོག་པ། ཧོང་ཀོང་སྲིད་གཞུང་གིས་གོམ་གང་མདུན་སྤོས་ཀྱིས་ཐབས་ལམ་གང་མང་བཙལ་ཏེ། ཧོང་ཀོང་གི་སློབ་མ་དང་གཞོན་སྐྱེས་ཚུད་པའི་འཛམ་གླིང་མི་མང་ལ། ༢༠༡༧ ལོའི་རྗེས་ཀྱི་ཧོང་ཀོང་གི་ཆབ་སྲིད་འཕེལ་རྒྱས་ཐད་བགྲོ་གླེང་བྱེད་པའི་རེ་བ་བཅངས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ པའི་ཟླ་མཇུག་ནས་བྱུང་བའི་མི་མང་གི་བསམ་ཚུལ་རྣམས་ཐད་ཀར་རྒྱ་ནག་གཞུང་ལ་ཡར་ཞུ་བྱ་རྒྱུ་བཅས་ཀྱི་ལན་འདེབས་བྱས་ཡོད་སྐོར་བརྗོད་འདུག
ཐེངས་འདིའི་གྲོས་མོལ་ནང་ཞུགས་པའི་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་ཀྲུའུ་ཡོང་ཁཱང་གིས། སྲིད་གཞུང་གིས་དོན་དངོས་ཐོག་གནད་དོན་ཐག་གཅོད་བྱེད་ཐབས་ཅི་ཡང་མ་བརྗོད་པར་མི་མང་འཐུས་མིའི་ཚོགས་ཆེན་གྱི་གཏན་འབེབས་སྲིད་བྱུས་བསྐྱར་ཟློས་བྱེད་བཞིན་ཡོད་སྟབས། ཧོང་ཀོང་གཞུང་གིས་སྲིད་བྱུས་དེའི་འོག་ཆབ་སྲིད་བསྒྱུར་བཅོས་ཀྱི་གོམ་སྟབས་ལྔ་སྤོ་རྒྱུ་ལས་རེ་བ་མེད་སྐོར་བརྗོད་ཡོད་པ་ལྟར། ཐེངས་འདིའི་གྲོས་མོལ་ལ་ཞི་རྒོལ་བ་ཚོ་འདོད་བློ་མ་ཁེངས་བར་མུ་མཐུད་ངོ་རྒོལ་བྱེད་ཀྱིན་ཡོད་པ་དང་། སློབ་མས་སྣེ་ཁྲིད་དེ་ཧོང་ཀོང་ནང་ཞི་རྒོལ་བྱས་ནས་ཉིན་གྲངས་ ༢༥ འགྲོ་བཞིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།