ཁ་སང་ཧོང་ཀོང་མཐོ་རིམ་ཁྲིམས་ཁང་གིས་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་འཕྲལ་དུ་མཚམས་འཇོག་མ་བྱས་ཚེ་ལས་འགུལ་བ་འཛིན་བཟུང་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བསྒྲགས་འདུག
ཧོང་ཀོང་ནང་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་སྤེལ་ཏེ་ཉིན་གྲངས་ ༤༥ འགྲོ་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཧོང་ཀོང་གི་སློབ་མ་དང་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས། རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་ཧོང་ཀོང་གི་ཆབ་སྲིད་བསྒྱུར་བཅོས་རྩིས་མེད་གཏོང་དགོས་པ་དང་། རྒྱ་ནག་དབུས་གཞུང་དང་སློབ་ཕྲུག་མཐུན་ཚོགས་བར་གང་མགྱོགས་འབྲེལ་མོལ་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༡༠ ཉིན་ཧོང་ཀོང་མཐོ་རིམ་ཁྲིམས་ཁང་གིས་ལྟེ་གནས་བཙན་བཟུང་གི་ལས་འགུལ་འཕྲལ་དུ་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཉེན་རྟོག་ཕྱོགས་ནས་བཀའ་རྒྱ་ལག་བསྟར་བྱེད་པར་གྲ་སྒྲིག་ལེགས་པོ་དགོས་པའི་བཀའ་བཀོད་བཏང་ཡོད་འདུག
དེ་རིང་ཧོང་ཀོང་སྲིད་དོན་ལྷན་ཁང་གི་མགོ་ཁྲིད་ལིན་ཀྲིན་ཡེ་ཨི་ཡིས། བཀའ་རྒྱ་དེ་ཁྲིམས་ཁང་གིས་བསྒྲགས་པའི་བཀའ་ནན་པོ་ཞིག་ཡིན་པས་ངེས་པར་དུ་གུས་བརྩི་བྱེད་དགོས་པ་དང་། གལ་སྲིད་དགོས་མཁོ་བྱུང་ཚེ་ཉེན་རྟོག་ཁང་གིས་རོགས་འདེགས་དགོས་པ་མ་ཟད། བཀའ་རྒྱ་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་མཁན་རྣམས་འཛིན་བཟུང་བཙན་ཁྲིད་བྱ་རྒྱུ་ཡིན་པས། དཀྱིལ་དབུས་བཙན་བཟུང་ཁུལ་དུ་ཡོད་པའི་ལས་འགུལ་བ་ཚོ་རང་འགུལ་གྱིས་འཕྲལ་དུ་ཡུལ་དངོས་དང་ཁ་བྲལ་དགོས་པའི་འབོད་སྐུལ་བྱས་འདུག
ལས་འགུལ་སྣེ་ཁྲིད་པ་ཞིག་གིས། འདས་པའི་ཟླ་གཅིག་ལྷག་གི་རིང་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་གཞུང་གིས་མི་མང་གི་མངོན་འདོད་ལ་ཐད་ཀར་གྱི་བརྡ་ལན་སྤྲད་མེད་སྟབས། ཉེ་སྔོན་ནས་ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མི་ཚོ་པེ་ཅིན་དུ་སོང་སྟེ། དབུས་གཞུང་གི་མཐོ་རིམ་དཔོན་རིགས་དང་དངོས་སུ་འབྲེལ་མོལ་བྱེད་པའི་རེ་བ་རྒྱག་བཞིན་ཡོད་པ་ལས། དམིགས་བསལ་སྲིད་འཛིན་ཉིང་ཁྲིན་ཡེན་གྱི་སྐད་ཆར་ཡིད་ཆེས་མེད་སྐོར་བརྗོད་འདུག
གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་པེ་ཅིན་དུ་ཚོགས་པའི་ཨེ་ཤ་ཡའི་དཔལ་འབྱོར་གླེང་སྟེགས་ཐོག་ཞུགས་པའི་དམིགས་བསལ་སྲིད་འཛིན་ཉིང་ཁྲིན་ཡེན་གྱིས། ཞི་ཅིན་ཕིན་ལ་ཧོང་ཀོང་ནང་གི་གནས་སྟངས་ཡར་ཞུ་བྱས་ཏེ། ད་ལྟའི་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་གྱིས་ཧོང་ཀོང་གི་ཁྲིམས་སྐྱོང་དང་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། ཞི་ཅིན་ཕིན་གྱིས་ཁྲིམས་སྐྱོང་ནི་ཧོང་ཀོང་ཡུན་རིང་བརྟན་བརླིང་ཡོང་བའི་རྨང་གཞི་ཡིན་སྟབས། དབུས་གཞུང་གིས་ནུས་པ་ཡོད་རྒུས་ཉིང་ཁྲིན་ཡེན་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་བྱུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག
གསར་འགོད་པ། པདྨ་མཚོ།