ཉེ་ལམ་ཀྲུང་གོའི་སྤྱི་ཚོཊ་ཚན་རིག་ཞིབ་འཇུག་ཁང་གི་མགོ་གཙོས། ཁོ་ཚོ་ཏང་གི་དབུ་ཁྲིད་པའི་བསམ་བློ་དྲིལ་བསྒྲཊ་ཀྱི་འཐབ་ར་དང་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་ཡིན་ཚུལ་བསྒྲཊ་འདུག
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་མགོ་གཙོ་ཝང་ཝེ་ཀོང་གིས། སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ ༢༠༡༤ ལོའི་སྒྲིག་ཁྲིམས་གསུམ་གསར་འཛུགས་ཀྱི་ལས་དོན་ཚོགས་འདུའི་ཐོག་གཏམ་བཤད་ཅིག་སྤེལ་ཏེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་ནི། ཏང་གི་དབུ་ཁྲིད་པའི་བསམ་བློ་དྲིལ་བསྒྲགས་ཀྱི་འཐབ་ར་གཙོ་བོ་དང་། རིག་པའི་གཞུང་ལུགས་ཀྱི་གཙོ་གནད་ལས་ཁུངས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བཅས་ཡིན་ཚུལ་བསྒྲགས་ཡོད་པར་མ་ཟད། ཁོས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དེ་རང་དབང་གིས་རྩོམ་ཡིག་འབྲི་མཁན་ཚོས་སྣང་བ་སྐྱིད་པོ་བཟོ་སའི་མནའ་འབྲེལ་ཞིག་དང་། ཡོང་ཆོག་ཆོག་དང་འགྲོ་ཆོག་ཆོག ཅི་བཤད་འདི་བཤད་བྱེད་ཆོག་པ། གང་འདོད་འདོད་འབྲི་ཆོག་པ། ཅི་འདོད་འདོད་ལས་ཆོག་པ། ཆབ་སྲིད་ཀྱི་རང་བཞིན་དང་། སྒྲིག་འཛུགས་རང་བཞིན། སྒྲིག་ཁྲིམས་རང་བཞིན་མེད་པའི་ཚོགས་པ་ཞིག་མིན་སྐོར་བརྗོད་འདུག
ད་དུང་ཁོས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་དག་ནི་སྤྱིར་བཏང་གི་ཤེས་ཡོན་པ་ཙམ་མིན་པར། ཏང་གི་བསམ་བློའི་གཞུང་ལུགས་དང་རིག་གཞུང་གི་ལས་སྣེ་བ་རྐྱང་དང་། ཏང་གི་བསམ་བློའི་དཔལ་ཡོན་འཐབ་རའི་ཁྲོད་ཀྱི་འཐབ་མོ་བ་ཡིན་སྟབས། ཁོ་ཚོས་རང་ཉིད་རང་དབང་གི་རྩོམ་ཡིག་སྤེལ་ཏེ་སྣང་བ་སྐྱིད་པོ་བཟོ་མཁན་ལྟ་བུའི་གོ་གནས་དམའ་བོར་ངོས་འཛིན་མི་རུང་བ་དང་། རང་དཀྲོལ་རང་ལེན་དང་རང་དོན་རང་བཤད། རང་འཁྲབ་རང་ལེན་སོགས་སྤྱི་ཚོགས་ཀྱི་དྲ་རྒྱ་ལྟ་བུའི་སྤྱི་དམངས་ཀྱི་ཤེས་པའི་ལས་དོན་བྱེད་མི་རུང་ཚུལ་སོགས་བསྒྲགས་འདུག
ཉེ་ལམ་སྤེལ་བའི་ཝང་ཝེ་ཀོང་གི་གཏམ་བཤད་ཆ་ཚང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དྲ་རྒྱར་བརྒྱུད་འགོད་བྱས་རྗེས། རྒྱ་ནག་ནང་ཁུལ་གྱི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་ཏུ་གླེང་སློང་ཤུགས་ཆེར་བྱེད་ཀྱིན་པར་མ་ཟད། ཤེས་ཡོན་པ་དང་མི་མང་གིས་དཔྱད་གཏམ་འདྲ་མིན་སྤེལ་གྱི་ཡོད་འདུག་ལ། དེའི་ཁྲོད་དེ་སྔོན་རྒྱ་ནག་དྲིལ་བསྒྲགས་སྡེ་ཚན་དང་རྒྱ་ནག་དམར་ཤོག་གཞུང་སྒྲུབ་ཁང་དུ་ལས་ཀ་བྱེད་མྱོང་མཁན། དྲུག་བཞིའི་དོན་རྐྱེན་གྱི་དབང་གིས་ལོ་ ༣ བཙོན་ཁང་དུ་བསྡད་མྱོང་བའི་རྒྱ་རིགས་ཤེས་ཡོན་པ་ཝུའུ་ཅ་ཤང་གིས་ཞིན་ལང་ཝེ་པའོ་དྲ་རྒྱའི་སྟེང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་རང་དབང་གི་མནའ་འབྲེལ་ཚོགས་པ་ཞིག་མིན་ཚེ། བྲན་གཡོག་གི་བཙོན་ར་ཞིག་ཡིན་ཚུལ་བརྗོད་ཡོད་འདུག
ཡང་དྲ་རྒྱའི་དཔྱད་བརྗོད་པ་ཁག་ཅིག་གིས། གཞུང་ངོས་ནས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་ཞེས་པའི་མིང་དེ་ཏང་གི་ཚན་རིག་ཞིབ་འཇུག་ཁང་དུ་མིང་བསྒྱུར་བྱས་ན་ཡག་ཚུལ་དང་། སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དངོས་ནས་ཏང་ཀྲུང་དབྱང་གི་བཅོས་བསྒྱུར་གྱི་ར་བར་འགྱུར་བར་བློ་ཕམ་ཡོད་ཚུལ་སོགས་གླེང་སློང་འདྲ་མིན་ཡོང་གི་ཡོད་འདུག
ཉེ་བའི་ལོ་གཉིས་ཀྱི་རིང་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་འདུ་ཤེས་འཛིན་སྟངས་དང་འབྲེལ་བའི་གླེང་སློང་ཡོང་གི་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་འགན་འཛིན་ཀྲང་ཡོན་ཝེ་ཡིས། སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་གི་ལས་བྱེད་ཚོར་སྒྲིག་ཁྲིམས་གསུམ་གྱི་སྙིང་སྟོབས་བརྒྱུད་བསྒྲགས་དང་འབྲེལ། འདུ་ཤེས་འཛིན་སྟངས་ཐོག་མཚམས་རེར་ཁྲིམས་དང་འགལ་བའི་ཐོག་འབྲེལ་མཐུད་ཀྱི་ལས་ཀ་བྱེད་དགོས་པ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་རེ་རེར་དང་ལེན་བྱ་དགོས་པ་བཅས་གནད་དོན་བཞི་བསྒྲགས་ཡོད་སྟབས། རྒྱ་ནག་གི་ཤེས་ལྡན་པ་དང་བརྒྱུད་ལམ་ཁག་ཏུ་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་འདུག
གསར་འགོད་པ། དོན་གོ