དུས་དབང་ཐེངས་ ༣༣ པའི་ཐོག་མི་མང་ལ་དཀའ་ངལ་ཆེ་ཤོས་ལམ་ཁ་དང་སྡོད་གུར། ཆུ་དང་གློག གསང་སྤྱོད་བཅས་ཀྱི་མཐུན་རྐྱེན་ཡག་པོ་མེད་པ་དང་། དམིགས་བསལ་གསུང་ཆོས་རྭ་བའི་བརྒྱ་ཆ་ ༤༠ མ་གཏོགས་གུར་མེད་སྟབས། ཚ་བའི་དཀའ་ངལ་ཆེན་པོ་འཕྲད་སོང་ཟེར།
ཟླ་འདིའི་ཚེས་ ༣ ཉིན་ནས་བཟུང་༸གོང་ས་མཆོག་གིས་ལ་དྭགས་ལྕོག་ལམ་ས་ཞི་བའི་ཚལ་གསུང་ཆོས་རྭ་བར་ལ་དྭགས་དང་ཧི་མ་ལ་ཡའི་རི་རྒྱུད་གཙོས། འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་ཆོས་ཞུ་བ་འབུམ་གཅིག་དང་ཁྲི་ལྔ་ལྷག་ལ་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་གནང་ཡོད་པ་ལྟར། དེ་རིང་ཚེས་ ༡༣ ཉིན་གྱི་དུས་དབང་གི་ཉིན་མཐའ་མར་གསར་འགོད་པས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཁག་ཅིག་ལ་དུས་དབང་སྐབས་གོ་སྒྲིག་དང་ཆ་རྐྱེན་སོགས་ཀྱི་སྐོར་ལ་བསམ་ཚུལ་བསྡུ་རུབ་བྱས་པར། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་བྱམས་པ་ལུང་རྟོགས་ལགས་ཀྱིས། ང་རང་ལ་མཚོན་ན་ད་བར་དུས་འཁོར་དབང་ཆེན་ཐེངས་བདུན་ལ་ཕྱིན་པ་ཡིན། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ཁོང་ཚོས་སྔོན་མར་བཤད་པའི་སྐད་ཆ་དང་ཆ་མཚུངས་ཀྱི་མི་འདུག སྔོན་མ་ཁོང་ཚོས་མུ་ན་ལེ་ནས་སྣེ་ལེན་བྱེད་མཁན་དང་རིན་མེད་ཀྱི་རླངས་འཁོར་ཡོད་ཅེས་དང་། ལྡི་ལི་ནས་ཉིན་རེར་གནམ་གྲུ་གཉིས་རེ་དང་ཇམ་མུ་ནས་རླངས་འཁོར་བཅས་རིན་མེད་མིན་ཚུལ་སོགས་བཤད་འདུག་ཅེས་ངའི་གྲོགས་པོས་བཤད་སོང་། ཡིན་ནའང་། དངོས་སུ་ལམ་ཁར་ཡོང་དུས་སྣེ་ལེན་བྱེད་མཁན་དང་རིན་མེད་ཀྱི་རླངས་འཁོར་སོགས་རྐང་གཅིག་མི་འདུག སྤྱིར་བཏང་གནས་སྟངས་ཀྱི་དབང་གིས་དཀའ་ངལ་ཡོད་ཀྱང་། མི་མང་ཁྱབ་བསྒྲགས་གནང་སྐབས་དྲང་པོ་བཤད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དང་པོ་གནས་ཚུལ་ཡག་པོ་མ་བསྒྲགས་པའི་དབང་གིས་མི་མང་པོར་དཀའ་ངལ་འཕྲད་ཀྱི་འདུག ང་རང་གི་ངོས་ནས་སྐབས་སྔོན་མ་ལྟར་གོ་སྒྲིག་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་། ཞེས་བརྗོད་བྱུང་།
རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་གི་གྲྭ་སྐལ་བཟང་གདུགས་དཀར་ལགས་ཀྱིས། ངས་ད་བར་དུས་འཁོར་དབང་ཆེན་ཐེངས་བཞི་ཞུས་པ་ཡིན། འདིར་ཡོང་སྐབས་ལམ་ཁ་ཡག་པོ་མི་འདུག དུས་དབང་གོ་སྒྲིག་གི་ཐད་ནས་སྐབས་སྔོན་མ་དག་དང་བསྡུར་ན་ཡག་པོ་དེ་འདྲ་མི་འདུག ཡིན་ནའང་། ང་ཚོ་གྲྭ་ཚང་གི་གྲྭ་བ་ ༣༠ ཡས་མས་ལ་དྭགས་མི་མང་སློབ་གྲྭའི་སློབ་སྦྱི་དང་སྦྱིན་བདག ལས་བྱེད་བཅས་ཀྱིས་སྡོད་གནས་དང་ཟ་མ། སྤྱི་སྤྱོད་རླངས་འཁོར་བཅས་གོ་སྒྲིག་ཡག་པོ་གནང་སོང་ལ། ང་ཚོར་རོགས་རམ་དང་མཐུན་འགྱུར་ཡག་པོ་གནང་སོང་། ཁ་སང་ང་ཚོའི་ངོས་ནས་ཁོང་ཚོར་རིག་གསུམ་མགོན་པོའི་ཐང་ག་དང་སྒོར་མོ་བཅས་ཐུགས་རྗེ་ལེགས་འབུལ་གནང་བ་ཡིན། སྤྱི་ཡོངས་ཀྱི་ཆ་ནས་གྲ་སྒྲིག་གང་ལ་གང་འཚམ་ཡག་པོ་འདུག་བསམ་སོང་། ཞེས་བརྗོད་བྱུང་།
ལ་དྭགས་ཐུབ་བསྟན་ཆོས་འཁོར་གླིང་དགོན་པའི་ཨ་ནེ་བསྟན་འཛིན་དཔལ་མོ་ལགས་ཀྱིས། ངས་ད་བར་དུས་འཁོར་དབང་ཆེན་ཐེངས་གཉིས་མ་གཏོགས་ཞུས་ཐུབ་མེད། ད་རེབ་༸གོང་ས་མཆོག་ལ་དྭགས་ཀྱི་དགོན་པ་མང་པོར་ཕེབས། འདིར་དུས་འཁོར་དབང་ཆེན་དང་མི་མང་ལ་ལམ་སྟོན་བཀའ་སློབ་བཅས་གཞན་དང་མི་འདྲ་བ་གནང་སོང་། ང་རང་གི་ངོས་ནས་ད་རེབ་ང་ཚོར་གོ་སྐབས་ཡག་པོ་རག་སོང་བསམ་གྱི་ཡོད། ད་རེབ་ཀྱི་གོ་སྒྲིག་གི་ཐད་ནས་ང་རང་ལ་དྭགས་པ་ཡིན་པའི་ཆ་ནས་གོ་སྒྲིག་ཚོགས་ཆུང་གིས་འགན་སྤྲད་པ་ལྟར། ང་ཚོའི་བཙུན་མ་ལྷན་ཚོགས་ཀྱིས་དྷ་རམ་ས་ལ་དང་ལྷོ་ཕྱོགས། བལ་ཡུལ། ལྡེ་ར་རྡུན། ཟངས་དཀར། སྤི་ཏི་བཅས་ས་གནས་ཁག་གི་བཙུན་མ་ཡོངས་ལ་ཞལ་ལག་དང་སྡོད་གནས། འཕྲོད་བསྟེན་སོགས་ཀྱི་གྲ་སྒྲིག་བྱས་ཏེ་ཞབས་ཞུའི་གོ་སྐབས་ཡག་པོ་རག་སོང་། ད་རེབ་ཆོས་ཞུ་བ་ཚོས་དཀའ་ངལ་གཙོ་བོ་སྔ་དྲོ་ཚ་བ་དང་ཕྱི་དྲོ་རླུག་གཡུགས་ཏེ་གུར་ཚང་མ་འཁུར་འགྲོ་བའི་དཀའ་ངལ་འཕྲད་ཀྱི་འདུག མ་འོངས་པར་འདི་འདྲའི་གོ་སྐབས་བྱུང་བ་ཡིན་ན། ལ་དྭགས་དགོན་ཚོགས་དང་ནང་ཚོགས་བཅས་ཚོགས་པ་སུ་ཡིན་ཡང་། མི་རེ་ངོ་རེས་འགན་འཁུར་ཏེ་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་གྲོང་གསེབ་ཁག་གི་ཚོགས་ཁང་དང་དགོན་པ། སློབ་གྲྭ་བཅས་སུ་གོ་སྒྲིག་གནང་རྒྱུ་དང་། གུར་ལས་ཁང་པའི་ནང་གོ་སྒྲིག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་སོང་། ཞེས་བརྗོད་བྱུང་།
བལ་ཡུལ་ཡང་ལེ་ཤོ་ནས་ཡོང་བའི་སྐལ་བཟང་སྐྱབས་ལགས་ཀྱིས། ངས་ད་བར་དུས་འཁོར་དབང་ཆེན་ཐེངས་གསུམ་ལ་ཞུས་པ་ཡིན། ད་རེབ་མང་ཆེ་བ་ལ་དྭགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ཞུ་བ་རེད། བོད་ནང་རྒྱ་ནག་གི་དམ་དྲག་འོག་མི་མང་པོ་བསླེབ་མི་འདུག ས་གནས་གཞན་ལ་མཚོན་ནའང་ལམ་ཁ་ཡག་པོ་མེད་པ་དང་ས་ཐག་རིང་པོ་ཡིན་སྟབས། མི་མང་པོ་ཡོང་མི་འདུག གོ་སྒྲིག་གི་ཐད་ནས་འགན་ཆ་ཚང་ལ་དྭགས་ཁོ་རང་ཚོས་འཁྱེར་གྱི་ཡོད་ཚུལ་གོ་སོང་། ཁོང་ཚོའི་ངོས་ནས་༸གོང་ས་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཐད་ཡག་པོ་འདུག་མོད། ད་རེབ་སྔོན་མ་དང་མི་འདྲ་བར་ཁ་པར་དང་པར་ཆས་མི་ཚང་མས་གང་བྱུང་འཁྱེར་ཆོག་གི་འདུག དེ་ཡག་པོ་མཐོང་མ་སོང་། གསུང་ཆོས་རྭ་བའི་ནང་གི་མི་མང་འདུག་སར་ཡི་གེ་གསལ་བོ་མ་བྲིས་པའི་དབང་གིས་ཚང་མ་དཀྲུག་དཀྲུག་བཏང་འདུག དེའི་ཐད་ནས་རྙོག་གྲ་ཡང་མང་པོ་ཡོང་གི་འདུག གོ་སྒྲིག་གི་ཕྱོགས་ནས་མ་འདང་བ་དང་ཆ་རྐྱེན་མ་འདང་བའི་རིགས་མང་པོ་ཞིག་མཐོང་གི་འདུག གལ་སྲིད། མ་འོངས་པར་འདི་འདྲའི་གོ་སྐབས་བྱུང་ན། གོ་སྒྲིག་གནང་མཁན་ཚོས་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་སོང་། ཞེས་བརྗོད་བྱུང་།
དྷ་རམ་ས་ལ་ནས་ཡོང་བའི་བསྟན་པ་ཆོས་འཕེལ་ལགས་ཀྱིས། ངས་ད་བར་དུས་འཁོར་དབང་ཆེན་ཐེངས་བཞི་ཞུས་ཚར་ཡིན། སྐབས་སྔོན་མ་དག་གི་ཚོགས་ས་རྒྱལ་ས་དང་གྲོང་ཁྱེར་དེ་འདྲ་རེད། གྲ་སྒྲིག་དང་མཐུན་རྐྱེན་གྱི་ཕྱོགས་ནས་ཀྱང་ཡག་པོ་འདུག ལ་དྭགས་ལ་མཚོན་ན་ས་ཆ་ཁུག་ཀྱོག་དང་། མཐུན་རྐྱེན་ཡག་པོ་མེད་སྟབས། ད་རེབ་གྲྭ་བ་དང་བཙུན་མ་ལས་མི་མང་མང་ཆེ་བ་གུར་ནང་གོ་སྒྲིག་གནང་འདུག གསུང་ཆོས་རྭ་བར་ཡང་གུར་ཡག་པོ་ཞིག་ཀྱང་བརྒྱབ་མེད་པར། མི་མང་གིས་དངུལ་གྱི་འགྲོ་སོང་བཏང་སྟེ་ཉི་གདུགས་སོགས་ཉོ་བ་དང་། རང་ངོས་ནས་རས་གུར་དེ་འདྲ་འཁུར་ནས་ཡོང་གི་འདུག དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་སྐབས་སྔོན་མ་དག་དང་བསྡུར་ན་སྐྱོ་བོ་འདུག སྔོན་མ་ཁོང་ཚོས་གྲ་སྒྲིག་ཡག་པོ་ཡོད་ཅེས་བརྙན་འཕྲིན་དང་ཚགས་པར་སོགས་སུ་བསྒྲགས་འདུག མུ་ན་ལེ་ནས་ལྕོག་ལམ་སར་ཡོང་རག་བར་སྣེ་ལེན་སོགས་ཀྱི་རིགས་གཅིག་ཀྱང་མཐོང་མ་སོང་། ས་ཆ་གོ་སྒྲིག་སོགས་མེད་སྟབས། ཁང་པ་གཅིག་ལ་ཧིན་སྒོར་ ༡༨༥༠༠ སྤྲད་པ་ཡིན། ཆུ་དང་གསང་སྤྱོད་སོགས་དཀའ་ངལ་ཆེན་པོ་འདུག ཆ་རྐྱེན་ཡག་པོ་ཁྱོན་ནས་མི་འདུག མ་འོངས་པར་དུས་འཁོར་དབང་ཆེན་གོ་སྒྲིག་གནང་ཚེ། ཁ་བཤད་དོན་ལ་གནས་རྒྱུ་གལ་ཆེན་པོ་རེད། བརྙན་འཕྲིན་དང་ཚགས་པར་ནང་འདྲ་ཆགས་པོ་བཤད། མང་ཚོགས་འདིར་ཡོང་དུས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དཀའ་ངལ་འཕྲད་མཁན་ཡང་ཉམ་ཐག་དང་སྐྱོ་བོ། དཔལ་འབྱོར་མེད་མཁན་རེད། དབང་དང་རྒྱུ། ཡོན་ཏན་ཡོད་མཁན་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་རེད། མ་འོངས་པར་དེ་འདྲ་མི་གནང་བར་ཐུགས་རྗེ་གཟིགས་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།
ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ནས་ཡོང་བའི་ཨ་ཅག་སྐལ་བཟང་ལགས་ཀྱིས། ངས་ད་བར་དུས་འཁོར་དབང་ཆེན་ཐེངས་བཞིར་ཞུས་པ་ཡིན། ད་རེབ་ལ་དྭགས་སུ་ཡོང་སྟེ་དགོན་པ་དང་མཁར་དེ་འདྲ་མང་པོ་ཞིག་ལ་མཇལ་རྒྱུ་རག་སོང་། དུས་འཁོར་དབང་ཆེན་ཡག་པོ་ཞུ་རྒྱུ་བྱུང་སོང་། ཡིན་ནའང་། ལམ་བར་དང་སྡོད་སའི་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་སོང་། ལམ་ནས་ཚུར་ཡོང་སྐབས་རླངས་འཁོར་ཡོང་མ་ཐུབ་པར། ལམ་ཁ་བཟོ་ཞོར་དང་ཡོང་ཞོར་བྱས་ཏེ་འདིར་བསླེབ་པ་རེད། འདིར་བསླེབ་དུས་གྲ་སྒྲིག་གི་ཐད་ནས་ཀྱང་ཧ་ལས་པ་མི་འདུག ང་ཚོ་ད་བར་གུར་ནང་བསྡད་པ་ཡིན། སྔ་དྲོ་ཚ་བ་ཆེན་པོ་འདུག ཕྱི་དྲོ་རླུང་གཡུགས་ཏེ་ཐལ་རྡུལ་གྱི་ཁེངས་ཡོང་གི་འདུག མཚམས་ལམ་རེར་གུར་རླུང་གིས་འཁུར་འགྲོ་གི་འདུག གསུང་ཆོས་རྭ་བར་འགྲོ་སྐབས་དང་ཕྱིར་ལོག་སྐབས་ལམ་འགྲམ་དུ་སྡོད་ས་ཡག་པོ་ཞིག་ཀྱང་མི་འདུག ཆུ་མང་ཆེ་བ་བཙོག་པ་རེད་འདུག དེ་རིང་གྲ་སྒྲིག་ཚོགས་ཆུང་གིས་མ་འོངས་པར་ཁོང་ཚོའི་ངོས་ནས་གྲ་སྒྲིག་ཡག་པོ་གནང་ཡིན་ཞེས་གསུངས་སོང་། རྗེས་མར་གྲ་སྒྲིག་ཡག་པོ་མ་བྱུང་བ་ཡིན་ན། དཀའ་ལས་ཁག་པོ་འདུག ང་ཚོའི་ཕྲུ་གུ་ཚོས་ཀྱང་དུས་འཁོར་དབང་ཆེན་ལ་གཏོང་གི་མ་རེད། ཅེས་བརྗོད་བྱུང་།
ཀུ་ལུ་མུ་ན་ལེ་ནས་ཡོང་བའི་ཐུབ་བསྟན་འཕྲིན་ལས་ལགས་ཀྱིས། ངས་ད་བར་དུས་འཁོར་དབང་ཆེན་ཐེངས་དྲུག་ཞུས་ཚར་ཡིན། ད་རེབ་ལམ་བར་ནས་དམིགས་བསལ་དཀའ་ངལ་འཕྲད་མ་སོང་། འདིར་བསླེབ་རྗེས་སླེ་རུ་བསྡད་དེ་ཡག་པོ་བྱུང་སོང་། གོ་སྒྲིག་གི་ཐད་ནས་གྲ་སྒྲིག་ཚོགས་ཆུང་གིས་མི་མང་ལ་གུར་དང་ཁང་པ། ཞོགས་པ་པག་ལེབ་དང་ཇ་སོགས་སྤྲོད་ཀྱི་འདུག ང་རང་གི་ངོས་ནས་དུས་འཁོར་དབང་ཆེན་སྔོན་མ་དག་ལས་ད་རེབ་ཡག་པོ་མཐོང་སོང་། དཀའ་ངལ་ཆེ་ཤོས་གསུང་ཆོས་རྭ་བའི་ནང་ཚ་བ་ཆེ་བ་དང་། ལྕོག་ལམ་ས་ནས་སླེ་བར་རླངས་འཁོར་མ་རག་པ་སོགས་ཀྱི་དཀའ་ངལ་ཏོག་ཙམ་འཕྲད་སོང་། ཞེས་བརྗོད་བྱུང་།
Â
གསར་འགོད་པ་དོན་གོས་ལ་དྭགས་རྒྱལ་ས་སླེ་ནས།
རང་དབང་ལུང་པ་རུ་རང་དབང་བྲལ་ཞིང་གཞན་དབང་སྟབས་བསྟུན་ཆགས་ཚར་བའི་གཞོན་ནུ་ལྷན་ཚོགས་དང་བླངས་སྒྲིག་འཛུག་གིས་ཞབས་ཞུ་མེད་སྟབས་བྱས་པ་རེད། ཅལ་འདྲོགས་དང་རྨོངས་དད་ཆེ་བས་བྱུང་བ་རེད།
དེང་སྐབས་ཆོས་ཞུ་སར་སོང་དུས་མང་པོ་ཞིག་གི་སྤྲོད་སྐྱིད་ལ་འགྲོ་གྱིན་ཡོད་པའི་བཟོ་འདྲ་བོ་འདུག སྔོན་དུས་ཆོས་ཀྱི་ཆེད་དུ་དཀའ་ལས་ག་ཚད་ཡོད་མེད་རྣམ་ཐལ་ལོ་རྒྱུས་རྣམས་ལ་གཟིགས་དང་། དེང་སྐབས་དཀའ་ལས་སྐོར་འདི་ལྟར་བཤད་པ་དེ་གདན་ས་ཁག་གིས་གཙོས་པའི་ཚོགས་པ་སྡེ་ཚན་རྣམས་ཀྱིས་མི་དམངས་ལ་ངན་ལངས་ལ་བཏང་བ་མ་ཡིན་ནམ།
ཆོས་ཞུ་གི་སོང་བ་ལས་སྐྱིད་པོ་གཏོང་གི་སོང་ནི་མིན་པས་སྡུག་གྱོང་རེད། ག་དུས་འདི་ཚོས་ཁེ་བཟང་ཟིག་བསམ