ཕྱི་ལོགས་ཀྱི་དཔྱད་བརྗོད་པ་ཚོས་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྟག་དང་འཐབ་འཛིང་བྱས་ཚུལ་དང་། ༢༠༡༥ ལོར་འཐབ་སྟངས་ག་འདྲ་ཡོད་མེད་དཔྱད་ཞིབ་བྱེད་བཞིན་པ་ལྟར། ཟླ་འདིའི་ཚེས་ ༨ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་གསར་འགོད་པ་ཐན་ཆིན་ (Tian Qin)གྱིས་ཀོ་ལོམ་བྷི་ཡ་གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་སློབ་དཔོན་ཆེན་མོ་རྒྱ་རིགས་ལིས་ཐན་ཞའོ་ (Litian Xiao)ལ་བཅར་འདྲི་ཞུས་པ་ཞིག་འདིར་བསྒྱུར་སྒྲིག་བྱས་ཡོད།
གསར་འགོད་པ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ ༢༠༡༤ ལོར་སྟག་རྒན་ཀྲུའུ་ཡོན་ཁང་དང་ཞི་ཚད་ཧོ་སོགས་འཛིན་སྐབས་སྟག་ཆེ་ཆུང་མང་བོ་ཞིག་རང་བཞིན་གྱིས་རྙི་ནང་དུ་ཚུད་ཡོད་པ་དེར་རྒྱ་རིགས་མང་ཚོགས་འདོད་པ་ཁེངས་བ་ཞིག་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་དམ།
ལིས་ཐེན་ཞའོ། དངོས་གནས་བྱས་ན་སྟག་རྒན་འདི་ཚོའི་གྱོད་དོན་མི་གཅིག་མ་ཡིན་པར་མི་མང་པོའི་ཚེ་སྲོག་ལ་འབྲེལ་བ་ཡོད་སྟབས། ཁོ་ཚོ་ནི་སྔ་མོ་ནས་འཛིན་འོས་པ་ཞིག་རེད། ཀྲུའུ་ཡོན་ཁང་དང་ཞི་ཚད་ཧོ་སོགས་སྟག་རྒན་འདི་ཚོ་འཛིན་བཟུང་བྱས་མཐར་མི་མང་པོ་ཞིག་གི་བསམ་དོན་འགྲུབ་ཡོད་པ་སྨོས་མ་དགོས་པ་རེད། ཁོ་ཚོའི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་རྒྱུ་འབྲས་འཁོར་ཡོད་པ་རེད། མཇུག་འབྲས་འདི་བརྒྱུད་དེ་མི་མང་པོ་ཞིག་ལ་སློབ་གསོ་དང་གཉེན་བརྡ་བཏང་ཡོད་པ་ནི། སྡུག་སྤང་དགེ་སྒྲུབ་དང་དྲང་བདེན་བྱས་ན་ད་གཟོད་བློ་རིག་དྭངས་མའི་རྣམ་དཔྱོད་ཡིན་པ་ར་སྤྲོད་བྱས་ཡོད།
ངས་གནད་དོན་དེའི་ཕྱི་ཚུལ་ནས་བལྟས་ན། ཞི་ཅིན་ཕིན་གྱིས་སྟག་ལ་འཐབ་འཛིང་ག་འདྲ་བྱ་མིན་དང་། དམིགས་ཡུལ་ག་རེ་ཡིན་མིན་སོགས་ལས་དབང་གི་གོ་སྒྲིག་ཅིག་ཡིན་པ་དང་། ལས་དབང་འདིས་དམངས་སེམས་འགུག་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ཡིན་ནའང་ད་དུང་སྟག་རྒན་ཚོར་ཉེས་ཆད་ག་རེ་ཕོག་མིན་གསལ་བོ་ཆགས་མེད་སྟབས། རྩ་བའི་སྟག་རྒན་ཚོས་མིའི་ནག་ཚོང་བརྒྱབ་པའི་ནག་ཉེས་དག་ལ། ཁྲིམས་ཞིབ་ཁང་གིས་ངེས་པར་ཏུ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་དེ་གནད་འགག་ཆེ་ཤོས་རེད། ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་པའི་དམིགས་ཡུལ་གཙོ་བོ་དེའང་བདེན་དོན་སྤེལ་བ་དང་། དྲང་བདེན་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེར་བརྟེན་ཉེས་ཅན་ཚོས་ནག་ཉེས་གང་བཟོས་ཡོད་པ་མང་ཚོགས་ལ་ཁྱབ་བསྒྲགས་བྱས་རྗེས། ཁྲིམས་ལུགས་ལྟར་ཉེས་ཆད་བཅད་པ་ཡིན་ན། ད་གཟོད་བདེན་དོན་སྤེལ་བ་དང་། དྲང་བདེན་སྲུང་སྐྱོབ་བྱས་པ་ཡིན་ལ། དེ་ལྟར་བྱས་ན་ད་གཟོད་མང་ཚོགས་ཀྱི་འདོད་པའང་ཁེངས་ཐུབ།
གསར་འགོད་པ། ད་ལྟའི་སྤྱི་ཚོགས་ནང་མཐར་ཐུག་གི་སྟག་རྒན་དེ་སུ་ཡིན་མིན་ལ་ཚོད་དཔག་དང་དཔྱད་ཞིབ་འདྲ་མིན་བྱེད་བཞིན་ཡོད་སྟབས། ཁྱོད་ཀྱིས་བལྟས་ན་ཞི་ཅིན་ཕིན་ལ་མཐར་ཐུག་གི་དམིགས་འབེན་སྟག་རྒན་ཞིག་ཡོད་དམ།
ལིས་ཐེན་ཞའོ། དམིགས་འབེན་ཡོད་དང་ཡོད། མཐར་ཐུག་གི་སྟག་རྒན་དེ་ཁྲག་གི་བུ་ལོན་ཚོགས་ཁག་གི་མགོ་གཙོ་ཅང་ཙེ་མིན་དང་ཚིན་ཆེ་ཧོན་(Ceng Qinghong)ཡིན་པ་གསལ་བོ་རེད། གང་ཡིན་ཞེ་ན། ༢༠༡༤ ལོར་རྙི་ནང་དུ་ཚུད་པའི་སྟག་རྒན་ཚོ་ལ་འདྲ་བའི་ཆ་ཞིག་ཡོད་པ་ནི། ཁོ་ཚོ་ཚང་མ་ཅང་ཙེ་མིན་ཤོག་ཁག་གི་མི་ཚོང་རྒྱག་མཁན་དང་། རྒྱལ་སྤྱིའི་ཞིབ་བཤེར་བཀའ་རྒྱ་བཀྲམས་ཏེ་འཛིན་བཟུང་བྱེད་འདོད་ཡོད་པའི་ཉེས་ཅན་རེད། ཁོ་ཚོའི་ཁྲོད་ཀྱི་མི་ ༦༠ ལྷག་ལ་རྒྱལ་ཁབ་དང་ས་གནས་ ༣༠ ནང་ཁྲིམས་གཏུག་བྱས་ཡོད་པའི་ཉེས་ཅན་རྐྱང་རྐྱང་རེད།
སྟག་གིས་མི་ཟ་བ་བཞིན། གལ་སྲིད་ཞི་ཅིན་ཕིན་གྱིས་ཅང་ཙེ་མིན་མེད་པར་མ་བཟོས་ན། ནམ་ཞིག་ཅང་ཙེ་མིན་གྱིས་ཞི་ཅིན་ཕིན་གྱི་རྐང་པར་རྨུག་རྒྱུ་ཡིན་པ་གསལ་བོ་རེད། དེར་བརྟེན། ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་ཁྲོད་ནས་ཞིན་ཅི་ཕིན་གྱིས་མཐར་ཐུག་གི་སྟག་རྒན་རྩ་མེད་བཟོ་རྒྱུ་ཡིན་པ་གཏན་ཁེལ་རེད། གང་ཡིན་ཞེ་ན། ཞི་ཅིན་ཕིན་ལ་རྒྱལ་ཁབ་སྐྱོང་བའི་བསམ་བློ་དང་མཛེས་སྡུག་གི་རྨི་ལམ་ཇི་འདྲ་ཡོད་ཀྱང་ཆོག གང་ལྟར། ཁོས་རང་གི་ཁྱིམ་མི་དང་རང་ཉིད་ཀྱི་ཚེ་སྲོག་སྲུང་སྐྱོབ་དེ་ཨང་དང་པོར་འཇོག་ངེས་ཡིན་པ་གསལ་བོ་ཡིན་སྟབས། ཁོས་ཅི་ཙམ་སྟག་རྒན་མེད་པར་བཟོ་ཐུབ་ན་དེ་ཙམ་གྱིས་ཁོ་ལ་ཞི་བདེ་ལྷིང་འཇགས་ཡོད་པ་ཁོ་རང་གིས་ཀྱང་ཤེས་ཀྱི་ཡོད།
གསར་འགོད་པ། ཞི་ཅིན་ཕིན་གྱིས་སྟག་དང་འཐབ་འཛིང་བྱེད་བཞིན་པའི་ལས་འགུལ་ཆེན་མོ་འདི་ ༢༠༡༥ ལོར་ག་འདྲ་ཞིག་ཆགས་མིན་དང་ལས་དོན་འདི་ལ་བར་ཆད་འདྲ་འབྱུང་སྲིད་དམ།
ལིས་ཐེན་ཞའོ། ཞི་ཅིན་ཕིན་གྱིས་འཆར་གཞི་ཡོད་པའི་སྒོ་ནས་སྟག་དང་འཐབ་འཛིང་བྱེད་བཞིན་ཡོད། ཁོས་འཐབ་འཛིང་དེའི་ཁྲོད་ནས་སྐབས་བསྟུན་གྱིས་བཅོས་བསྒྱུར་ཏོག་ཙམ་བཏང་ཡོད་ཀྱང་། བཅོས་བསྒྱུར་དེ་ནི་ཅང་ཙེ་མིན་དང་ཚིན་ཆེ་ཧོན་གཉིས་ཇི་ལྟར་དུས་གཅིག་ལ་འཛིན་བཟུང་བྱེད་དགོས་པའི་ཐད་གྲ་སྒྲིག་དང་ཐབས་ལམ་བརྟན་པོ་བཟོས་པ་ཞིག་ལ་མཐོང་སོང་། ༢༠༡༥ ལོར་སྟག་ལ་ག་ཚོད་འཐབ་ན་དེ་ཙམ་གྱིས་ངར་སློང་གི་ཡོད་སྟབས། ག་དུས་ཡིན་ཡང་འགྲོ་ཤེས་འདུག་ཤེས་དང་གཟབ་གཟབ་མ་བྱས་ན། ཤར་ཕྱོགས་རི་བོའི་སྟག་གིས་མི་གསོད་ངེས་ཡིན།
ཧྲང་ཧེ་ནས་མི་རྡོག་བརྫིས་བཏང་པའི་དོན་རྐྱེན་དང་། རྒྱུ་རྐྱེན་གང་ཡང་མེད་པར་གང་སར་མི་གསོད་པ། གནམ་གྲུ་བོར་བརླག་བྱུང་བ་འདི་དག་ཁྲོད་གནོད་སྐྱོན་ཐེབས་ས་མང་ཚོགས་ཆགས་ཡོད། མིའི་ཚེ་སྲོག་གི་ནག་ཉེས་གནམ་ཁར་མི་ཤོང་ཟེར་སྲོལ་ཡོད། འདི་ཁ་ནས་བཤད་པའི་སྐད་ཆ་སྟོང་པ་ཙམ་མིན་སྟབས། ཞི་ཅིན་ཕིན་གྱིས་སྟག་ལ་འཐབ་འཛིང་བྱེད་པ་དང་མཉམ་དུ་གང་མགྱོགས་མང་ཚོགས་ཇི་ལྟར་སྐྱོབ་པའི་ཐད་ལ་བསམ་བློ་གཏོང་དགོས། ཅང་ཕྱོགས་གཏོགས་ལ་ངར་ཤུགས་མ་སློང་སྔོན་ལ་ཅུང་ཞི་འཇམ་གཏོང་མ་ཐུབ་ན། མང་ཚོགས་ཀྱི་རྒྱུ་ནོར་དང་ཚེ་སྲོག་ལ་གནོན་སྐྱོན་ཚབས་ཆེན་འབྱུང་སྲིད།
ལས་དོན་རླབས་ཆེན་འདི་ལ་བར་ཆད་འབྱུང་མིན་དེ། སྒྲུང་གི་མཇུག་ལ་མགྱོགས་པོར་བསླེབ་ཐུབ་མིན་ལ་ཐུག་ཡོད། སྒྲུང་གི་མཇུག་ལ་བསླེབ་པ་ཅི་ཙམ་མགྱོགས་ན་དེ་ཙམ་གྱིས་བར་ཆད་ཉུང་བ་ཡོད། ཕྱིའི་ངོ་བོ་ཙམ་ལ་བལྟས་ན་དོན་རྐྱེན་ཁ་ཤས་བློ་ཡུལ་ལས་འདས་པ་ཞིག་ཡིན་ཡང་། དོན་དངོས་སུ་ཚང་མ་གོ་སྒྲིག་ཡོད་པ་ཞིག་རེད། དཔེར་ན། ཉེ་ཆར་རྙི་ནང་དུ་ཚུད་པའི་ལིན་ཅི་ཧྭ་ལྟ་བུ་རེད། ཁོའི་རྗེས་ལ་ཆོས་འཁོར་རྩ་རླུང་ལ་གནོད་སྐྱོན་བཟོ་མཁན་མགོ་གཙོ་ཁག་ཅིག་གཅིག་རྗེས་གཉིས་མཐུད་དུ་གོ་གནས་ནས་ཕབ་ཡོད་པ་དེ་ག་ཚང་མ་གོ་སྒྲིག་ཡོད་པ་ཞིག་རེད། མང་ཚོགས་ཀྱིས་དེ་ཚང་མ་མཐོང་ཡོད་ཀྱང་། སྟག་རྙི་ནང་དུ་ཚུད་དགོས་པའི་རྒྱུ་རྐྱེན་གཙོ་བོ་དག་དྲང་བདེན་ཐོག་ནས་གསར་ལམ་ཐོག་མ་བསྒྲགས་ན། མང་ཚོགས་ཀྱིས་ཆོས་འཁོར་རྩ་རླུང་ལ་གནོད་སྐྱོན་གཏོང་མཁན་གཏེ་བོ་སུ་ཡིན་པ་དང་དེའི་ནག་ཉེས་གཙོ་བོ་གང་ཡིན་གྱི་དྲི་བ་མཚམས་མི་ཆད། དཔེར་ན། ལིན་ཅི་ཧྭ་གོ་གནས་ནས་ཕབ་པའི་རྒྱུ་མཚན་ལ་དབྱེ་ཞིབ་བྱེད་བཞིན་པ་ལྟ་བུ་རེད། རྒྱ་གཞུང་གིས་ཆོས་འཁོར་རྩ་རླུང་ལ་གནོད་སྐྱོན་བཏང་བ་དེ་ནོར་འཁྲུལ་ཡིན་པར་ངོས་ལེན་བྱེད་དགོས་པའི་དུས་ལ་བསླེབས་ཡོད།
གསར་འགོད་པ། ཉེ་ཆར་ཕྱི་ལོའི་ལོ་གསར་སྐབས་ཧྲང་ཧེ་ནས་རྡོག་བརྫིས་དོན་རྐྱེན་བྱུང་པའི་ཉིན་གཉིས་རྗེས་ཅང་ཙེ་མིན་གྱིས་བཟའ་མི་ཚང་མ་འཁྲིད་ནས་ཧེ་ནན་ཞིང་ཆེན་གྱི་ཤར་ཕྱོགས་རི་རྩེ་ (东山岭)ལ་ཕྱིན་འདུག དཔྱད་ཞིབ་པ་ཁ་ཤས་ཀྱིས་ཅང་ཙེ་མིན་གྱིས་རང་ཉིད་ལ་ནུས་སྟོབས་ཡོད་པ་ཕྱིར་མངོན་ཐབས་བྱེད་ཀྱིན་ཡོད་པ་རེད་ཟེར་བ་དང་། མི་མང་པོ་ཞིག་གིས་ཤར་ཕྱོགས་རི་བོ་ཞེས་པའི་མིང་འདི་ཉི་མ་བསྐྱར་ཏུ་འཆར་བའི་དོན་ལ་འཇུག་པ་ལྟར། ཅང་ཙེ་མིན་གྱི་དབང་ཤུགས་བསྐྱར་གསོའི་རྣམ་པ་ཞིག་ཡིན་མིན་ཚོད་དཔག་བྱེད་བཞིན་ཡོད་པ་དེར་ལྟ་སྟངས་གང་འདྲ་ཡོད།
ལིས་ཐེན་ཞའོ། ཅང་ཙེ་མིན་གྱིས་གོ་སྐབས་ཤིག་བཙལ་ཏེ་ཕྱི་ལ་མངོན་ཐུབ་བྱས་པ་རེད། ཡིན་ནའང་སྟབས་མ་ལེགས་པར་དེ་ནི་མང་ཚོགས་ཀྱིས་ཁོའི་སྐྱོན་གནས་ཐེར་འདོན་བྱེད་པའི་གོ་སྐབས་ཤིག་ཆགས་པ་རེད། ཅང་ཙེ་མིན་གྱི་ཁྱིམ་མི་ཚང་མ་ཤར་ཕྱོགས་རི་རྩེར་བསྐྱོད་པའི་གནས་ཚུལ་དེ་ཐོག་མ་ཝེ་པའོ་དྲ་བའི་སྟེང་སྤེལ་བ་དང་། རྗེས་སུ་གསར་ལམ་ཁ་ཤས་ཐོག་སྤེལ་སོང་ཡང་། ཆུ་ཚོད་གཅིག་གཉིས་རྗེས་གསར་ལམ་ཁག་ཡོངས་རྫོགས་ནས་ནག་གསུབ་བཏང་སོང་།
ངས་ཕྱི་ཚུལ་ཙམ་གྱི་ཐོག་ནས་བཤད་ན། ད་རེབ་ཅང་ཙེ་མིན་འཁྱུག་ཙམ་རིང་ཕྱི་ལ་འཐོན་པའི་རྗེས་ལ། དེ་མ་ཐག་གནས་ཚུལ་ནག་གསུབ་བཏང་སྟེ་མེད་པ་ཆགས་པ་དེས། ཞི་ཅིན་ཕིན་གྱིས་ཅང་ཙེ་མིན་གྱི་སྐེ་བཙིར་ནས་གསོད་རྒྱུ་ཡིན་པ་དེ་མཚོན་པ་རེད། འོན་ཀྱང་། ཚང་མས་ཤེས་དགོས་པ་ཞིག་ལ་སྟག་ལ་འཐབ་ལུགས་འཐབ་སྟངས་ཡོད་པ་རེད། གང་ལྟར་འཐབ་འཛིང་གི་དམིགས་འབེན་གཙོ་བོ་ནི་ཅང་ཙེ་མིན་རེད། ཧེ་ནན་ལ་ཤར་ཕྱོགས་རི་རྩེ་མ་ཡིན་པར། གནམ་མཐའ་མཚོ་གཏིང་ཞེས་པའི་ས་ཆ་ཞིག་ཀྱང་ཡོད། ཅང་ཙེ་མིན་གནམ་འོག་གི་ས་ཆ་གང་དུ་སོང་ཡང་ཁྲིམས་ཀྱིས་ཁོ་མཐར་བ་གཏོང་གི་མ་རེད།
ཅང་ཙེ་མིན་གཙོ་བྱས་ཏེ་ཁོ་ཚང་གི་ཁྱིམ་མི་ཚོ་ཕྱིར་ཐོན་མ་ཐག སྤྱི་ཚོགས་སྟེང་གླེང་སློང་ཆེན་པོ་བྱུང་ཞིང་། སྐྱེ་བོ་སྟོང་གིས་སྡིགས་ཡུལ་དང་། མང་ཚོགས་ཁྲི་ཡིས་དམོད་ཡུལ་ཆགས་པ་དེས་ ༢༠༡༥ ལོ་ནི་སྟག་རྒན་འདི་མེད་པར་བཟོ་བའི་ལོ་ཡིན་པ་བསྟན་ཡོད། ཞི་ཅིན་ཕིན་གྱིས་ཧེ་ནན་ཞིང་ཆེན་གྱི་མགོ་གཙོ་གཞོན་པ་བརྗེས་པ་དང་མཉམ་དུ་ཅང་ཙེ་མིན་ཤོག་ཁག་གི་ཁྱི་རྒན་ནན་ཅིན་གྲོང་ཁྱེར་གྱི་ཨུ་ཡོན་མགོ་གཙོ་ཡུང་ཝེ་ཙེ་ (Yang weize)འཛིན་བཟུང་བྱས་ཡོད། ཡུང་ཝེ་ཙེ་ཞེས་པའི་མི་འདི་སྔོན་མ་ནས་རྒྱལ་སྤྱིའི་རྩད་ཞིབ་ཚོགས་པའི་ཞིབ་བཤེར་མིང་ཐོའི་ནང་བཞག་ཡོད། ཞི་ཅིན་ཕིན་གྱིས་ ༢༠༡༥ ལོའི་མགོ་འཛུགས་ལྟ་བུར་ཡུང་ཝེ་ཙེ་འཛིན་བཟུང་བྱས་པ་དེས་ཅང་ཙེ་མིན་གཙོ་བྱས་ཏེ་ཁོའི་ཤོག་ཁག་རྩ་མེད་བཟོ་རྒྱུ་ཡིན་པའི་མངོན་རྟོགས་རེད།
གསར་འགོད་པ། སྐུ་ཉིད་ཀྱི་གཟིགས་ཚུལ་ལྟར་ན་ཞི་ཅིན་ཕིན་སྟག་དང་འཐབ་འཛིང་ཁྲོད་རྒྱལ་དགོས་ན་རྒྱུ་རྐྱེན་གཙོ་བོ་གང་ལ་རག་ལས་ཡོད་དམ།
ལིས་ཐེན་ཞའོ། དང་པོ་དམངས་སེམས་འགུག་རྒྱུ་དེ་གལ་ཆེ་ཤོས་རེད། དེས་གཞི་རྩ་བརྟན་པོ་བཟོ་ཐུབ་པ་རེད། ཆོས་འཁོར་རྩ་རླུང་ཉམས་ལེན་བྱེད་མཁན་རྒྱ་མི་ཧ་ལམ་དུང་ཕྱིར་གཅིག་ལྷག་ཡོད། ཁོ་ཚོར་ནང་མི་གཉེན་འབྲེལ་དང་། སློབ་གྲོགས་དང་ལས་རོགས་ག་ཚོད་ཡོད། ཁོ་ཚོས་ཉམས་ལེན་བྱེད་བཞིན་པ་ནི་དྲང་བདེན་དང་བྱམས་བརྩེ། བཟོད་སྒོམ་བཅས་མི་ཡ་རབས་ཆགས་པའི་རྩ་དོན་ཞིག་རེད། དེར་བརྟེན། ཁྱོད་ཀྱིས་མང་ཚོགས་ཀྱི་འདོད་པ་ལྟར་ཁྲིམས་འགལ་གྱི་གཞུང་ལས་ཁང་ ༦༡༠ ཟེར་བ་དེ་མེད་པ་བཟོ་བ་དང་། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོ་ཀློད་གྲོལ་བཏང་སྟེ། ཁོ་ཚོ་ལ་རང་དབང་ཡོད་པའི་ཐོག་ནས་རང་གི་རྒྱལ་ཁབ་ནང་དུ་འཚོ་བ་རོལ་དུ་འཇུག་པ། ཁྲིམས་འགལ་གྱིས་གཞུང་བཞེས་བཏང་བའི་རྒྱུ་ནོར་ཡོངས་རྫོགས་ཕྱིར་རྩིས་སྤྲོད་བྱས་ན། ད་གཟོད་ཁྱོད་ཀྱིས་དམངས་ཚོགས་ཀྱི་སེམས་འགུག་ཐུབ། ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་པའི་དམིགས་འབེན་གཙོ་བོ་དེ་དྲང་བདེན་དང་གནས་ལུགས་རེད། དྲང་བདེན་དང་རང་དབང་མེད་པར་མི་ཉེས་མེད་བཙོན་ལ་བཅུག་པ་དང་། ཁྲིམས་མེད་ལུགས་མེད་ཀྱི་ ༦༡༠ གཞུང་སྒྲུབ་ཁང་མུ་མཐུད་དུ་གནས་པ་ཡིན་ན། ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་ཟེར་པའང་ཁ་སྟོང་ནང་གི་ཚིག་སྟོང་རེད།
གཉིས་པ། ཕྱོགས་གཅིག་ནས་སྟག་རྒན་མེད་པ་བཟོ་བ་དང་། ཕྱོགས་གཞན་ཞིག་ནས་གུང་ཁྲན་ཏང་སྲུང་སྐྱོབ་བྱས་ན་དམངས་སེམས་བརླག་འགྲོ་བ་མ་ཟད། རང་གི་ནུས་པའང་ཉམས་ཆག་ཏུ་ཕྱིན་ཏེ་རིམ་གྱིས་དམིགས་འབེན་གཙོ་བོ་དེ་ཡང་བརླག་སྲིད། གལ་སྲིད་ཁྱོད་ཀྱིས་ཏང་སྲུང་སྐྱོབ་བྱས་ན་ཏང་གིས་ཁྱོད་ལ་སྟངས་འཛིན་བྱེད་ངེས་ཡིན། ཏང་གི་རང་གཤིས་ནི་མི་དམར་གསོད་གཏོང་དགོས་པ་དེ་ཡིན་པ་མ་ཟད། རང་ཉིད་སྲུང་སྐྱོབ་ཆེད་ཏང་གི་དབང་ཆ་དང་ཁེ་དབང་ཁོ་ན་གཙུག་ཏུ་བཀུར་དགོས་ཀྱི་ཡོད་སྟབས་མང་ཚོགས་ཡོངས་རྫོགས་དགྲ་བོ་ཡིན།
གསར་འགོད་པ། དེ་ལྟར་ཡིན་ན། སྟག་ལ་འཐབ་འཛིང་བྱས་པ་དང་ཏང་སྲུང་སྐྱོབ་བྱས་པ་གཉིས་རང་གི་ཁྲབ་རྨོག་ལ་རང་གི་མདུང་བཙུག་པ་ལྟ་བུ་མ་ཡིན་ནམ།
ལིས་ཐེན་ཞའོ། རེད། བདེན་པ་རེད། ཅང་ཙེ་མིན་གྱིས་ཏང་སྲུང་སྐྱོབ་བྱེད་པའི་རྒྱུ་མཚན་གཙོ་བོ་དེ་ཏང་ནི་ཁོའི་སྲོག་སྐྱོབ་བྱེད་ཉག་གཅིག་སྟེ་ཡིན་སྟབས། ཏང་ཤི་དུས་ཁོ་ཤི་རྒྱུ་ཡིན་པ་གསལ་བོར་ཤེས་ཡོད་སྟབས། ཁོས་ཏང་མི་སྐྱོབ་ཐབས་མེད་ཡིན། ཡིན་ནའང་ཞི་ཅིན་ཕིན་གྱིས་ཏང་སྐྱོབ་པ་དེ་ཕྱིའི་སྣང་ཚུལ་ཙམ་རེད། གུང་ཁྲན་ཏང་གི་ལྐོག་ཟ་རུལ་སུངས་བ་དེ་སྐྱོབ་ཐབས་མེད་པའི་དུས་ཚོད་ཅིག་ཏུ་སླེབས་ཡོད་པ་ཚང་མས་ཤེས་གསལ་རེད། ཅང་ཙེ་མིན་ཤོག་ཁག་གི་མི་ཚོས་ཏང་བེད་སྤྱོད་བཏང་ནས་བྱ་བ་ངན་པ་བསྒྲུབ་པ་དང་། ཏང་བེད་སྤྱོད་བཏང་ནས་རང་ཉིད་འགེབ་སྲུང་བྱེད་བཞིན་ཡོད་པ་མ་ཟད། ཁོ་ཚོས་ཏང་བེད་སྤྱོད་བཏང་ནས་ཞི་ཅིན་ཕིན་ལ་སྟངས་འཛིན་བྱེད་པ་དང་། ཡང་ན་ཁོ་རྩ་མེད་བཟོ་ཅི་ཐུབ་བྱེད་ཀྱིན་ཡོད། ཞི་ཅིན་ཕིན་གྱིས་ཏང་སྐྱོབ་པ་ནི་ཁ་ནས་བཤད་པ་ཙམ་རེད། གང་ཡིན་ཞེ་ན། གལ་སྲིད་ཏང་བསྐྱབས་ཏེ་སྟབས་མ་འགྲིག་པ་བྱུང་ན། ཁོ་ཅང་ཙེ་མིན་གྱི་གཡོ་འོག་ཏུ་ཚུད་པའི་གཉེན་ཁ་ཡོད། ཐ་ན་ཁོ་རང་གི་མདུན་ལམ་ལའང་བར་ཆད་འབྱུང་སྲིད་པ་མ་ཟད། རྒྱལ་ཁབ་དང་མི་དམངས་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད། ཏང་གི་རང་གཤིས་བསྐྱུར་ནས་མིའི་རང་གཤིས་ངོ་མ་བཙལ་ན། གཞི་ནས་དམངས་སེམས་འགུག་ཐུབ་པ་དང་། རྣམ་རིག་གྲུང་པོའི་ཐོག་ནས་ཁུ་ཚུར་གཞུས་ན་ད་གཟོད་སྟག་རྒན་ཕམ་པར་རྒྱག་ཐུབ། ལོ་རྒྱུས་ནང་བལྟས་ན། གུང་ཁྲན་ཏང་དབུ་བརྙེས་པ་ནས་ད་ལྟའི་བར། ཏང་གིས་རང་ཉིད་ཀྱི་ཁེ་དབང་ཆེད་སྟག་དང་གཅིག་མཚུངས་བྱས་ཡོད་པ་ལས་མིའི་རང་གཤིས་མེད། དེ་རིང་གུང་ཁྲན་ཏང་ལ་གྱོང་གུད་ཡོང་བ་འདི་ནི་དཀོན་མཆོག་གི་གོ་སྒྲིག་རེད། སུ་གང་གིས་ཀྱང་རོགས་སྐྱོབ་བྱེད་ཐབས་མེད། ཞི་ཅིན་ཕིན་གྱིས་ཏང་བཞག་ནས་སྟག་རྒན་མེད་པར་བཟོ་བཞིན་པ་འདི་ནི། མདོར་བསྡུས་ན་ཁོས་རང་ཉིད་སྲུང་སྐྱོབ་བྱས་པ་དང་མཉམ་དུ་མང་ཚོགས་ལའང་རོགས་ཕན་བྱས་པ་ཞིག་ཆགས་ཡོད།
འཛམ་གླིང་གི་དྲང་བདུན་ལ་དགའ་མཁན་ཚོས་ཅང་ཙེ་མིན་དང་ཁོའི་ཤོག་ཁག་གི་ཉེས་ཅན་དག་རྩ་མེད་བཟོ་རྒྱུར་སྐུལ་འདེད་གཏོང་གི་ཡོད། རྒྱ་ནག་ནང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོའི་དབང་བོ་གསོན་ལེན་བྱེད་བཞིན་པའང་དཀོན་མཆོག་གིས་མཐོང་ཀི་ཡོད། འཇིག་རྟེན་མིས་ག་རེ་བྱས་པ་དཀོན་མཆོག་གིས་མཐོང་གི་ཡོད་ཟེར་བ་ལྟར། ཅང་ཙེ་མིན་གྱིས་མིའི་ནག་ཚོང་བྱས་པའི་མཇུག་འབྲས་ཁྲིམས་ཐོག་ཏུ་བསླེབ་གྲབས་ཡོད། ནག་ཉེས་དེ་དག་ལ་མིས་ཁྲིམས་ཆད་གཅོད་མ་ཐུབ་ཀྱང་དཀོན་མཆོག་གིས་ཁྲིམས་ཆད་གཅོད་རྒྱུ་ཡིན་པ་གཏན་འཁེལ་ཚར་བ་ཡིན་སྟབས་ཅིན་ཕིན་གྱིས་ལག་སྔ་བརྩད་དེ་བསྒྲུབ་དགོས།
བོད་ཀྱི་དུས་བབ་འཚོ་བའི་དུས་བབ་རེད།།
བོད་ཀྱི་དུས་བབ་བསམ་བློའི་དུས་བབ་རེད།།
བོད་ཀྱི་དུས་བབ་བདེན་པའི་དུས་བབ་རེད།།
བོད་ཀྱི་དུས་བབ་འཛམ་གླིང་དུས་བབ་རེད།།
བཅར་འདྲི་འདི་སྒྱུར་མཁན་སུ་ཡིན་ནམ། ངོ་མ་གསོན་ཉམས་ལྡན་པ་ཞིག་བསྒྱུར་འདུག ངས་འདིའི་མ་ཟིན་མཐོང་མྱོང་། ཁོའི་བརྗོད་བབ་དང་ཚོར་བ་སོགས་ཇེ་རྣོར་བཏང་འདུག་པ་ལྟ་བུ་བྱུང་།
འོན་ཀྱང་བཏགས་ནོར་རམ་ཡིག་ནོར་ཁ་ཤས་དང་ ཆད་ལྷག་ཁ་ཤས་བྱུང་འདུག