མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྱུ་རྩལ་པ་ཀྲའོ་པིན་ཧྲན་ཞི་ཅིན་ཕིན་གྱི་རྙི་སྒོར་བསླེབས།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༦ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ལའོ་ནེན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་གཞོན་པ་ཝེའུ་ཅོན་ཞིན་(Wei Junxing)ལ་ཁྲིམས་འགལ་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་གསལ་བསྒྲགས་བྱས་པ་དང་མཉམ་དུ། རྒྱ་ནག་གི་གཏམ་བརྗོད་འཁྲབ་སྟོན་པ་གྲགས་ཆེན་ཀྲའོ་པིན་ཧྲན་ (Zhao Benshan)དང་ཝེའུ་ཅོན་ཞིན་གཉིས་འབྲེལ་བ་ཡོད་སྐོར་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྗོད་བཞིན་འདུག

སྒྱུ་རྩལ་པ་ཀྲའོ་པིན་ཧྲན་ནི་རྒྱ་ནག་ནང་སྐད་གྲགས་ཆེ་བའི་གློག་བརྙན་དང་གཏམ་བརྗོད་འཁྲབ་སྟོན་པ་དང་། རོལ་དབྱངས་སྒྱུ་རྩལ་པ། མིང་གྲགས་ཆེ་བའི་པིན་ཧྲན་བརྒྱུད་ལམ་ (本山传媒)གྱི་འགན་འཛིན་བཅས་ཡིན། ༢༠༡༢ ལོར་རྒྱ་ནག་ཁྲོན་ཆེན་གྲོང་ཁྱེར་སྤྱི་ཁྱབ་པའོ་ཞི་ལེ་དང་ཉེན་རྟོག་འགན་འཛིན་ཝང་ལིའི་ཅུན་གཉིས་ཀྱི་གྱོན་དོན་ཕྱི་ཕྱོགས་སུ་ཁྱབ་པ་དང་འབྲེལ་ཏེ། ཀྲའོ་པིན་ཧྲན་ཡང་སྤྱི་ཚོགས་ནང་གླེང་སློང་བྱུང་མགོ་ཚུགས་ཡོད་ཅིང་། རིམ་གྱིས་སྒྱུ་རྩལ་གར་སྟེགས་དང་བརྙན་འཕྲིན་བརྒྱུད་ལམ། སྤྲོ་ཚོགས་མཛད་སྒོ་སོགས་སུའང་ཀྲའོ་པིན་ཧྲན་གྱི་སྣང་བརྙན་ཇེ་ཉུང་དུ་ཕྱིན་ཡོད།

རྒྱ་ནག་གཞུང་ཕྱོགས་ནས་ད་སྔ་ཀྲའོ་པིན་ཧྲན་གྱི་ནག་ཉེས་དང་ཞིབ་བཤེར་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་བསྒྲགས་མེད་ཀྱང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཚོད་དཔག་སྣ་ཚོགས་བྱས་ཏེ། ཁག་ཅིག་གིས་ཀྲའོ་པིན་ཧྲན་རྒྱ་གཞུང་གིས་བཀག་ཉར་འདྲི་རྩད་བྱས་ཡོད་སྐོར་དང་། ཁག་ཅིག་གིས་ཁོ་ད་དུང་བཀག་ཉར་བྱས་མི་འདུག ཉེ་ལམ་ཡེ་ཤུའི་ལོ་གསར་སྐབས་གར་སྟེགས་ཤིག་ཏུ་མངོན་ཡོད་སྐོར་སོགས་བརྗོད་འདུག

ཡང་ཁག་ཅིག་གིས་ཀྲའོ་པིན་ཧྲན་ད་སྔ་ཞིབ་བཤེར་འོག་ཚུད་མེད་ཀྱང་། གང་མགྱོགས་ཁོ་ཞི་ཅིན་ཕིན་གྱི་རྙི་ནང་དུ་ཚུད་རྒྱུ་ཡིན་པ་མ་ཟད། ཁོ་ལ་ནག་ཉེས་ཆེན་པོ་གསུམ་ཡོད་པ་ནི། ཁྲིམས་མཐུན་མིན་པའི་དངུལ་སྒོར་ཧ་ཅང་ཕོན་ཆེན་པོ་ཡོད་པ་དང་། ཀྲའོ་པིན་ཧྲན་ནི་རྒྱ་ནག་གི་ཐལ་སྤྱོད་ཕྱོགས་ཁག་གི་ཁོངས་མི་ཡིན་པ་མ་ཟད། ཁོས་ཅང་ཙེ་མིན་དང་ཚིན་ཆེན་ཧོན། པའོ་ཞི་ལེ་དང་ཝང་ལི་ཅོན། ཀྲུའུ་ཡོང་ཁང་སོགས་དང་འབྲེལ་བ་བྱས་ཏེ་བྱ་བ་མང་པོ་བསྒྲུབས་ཡོད་པ་དང་། ནག་ཚོང་དང་ནག་ཚོགས་ལ་ལྐོག་འབྲེལ་ཡོད་པ་དང་། སྒེར་གྱི་ཁེ་ཕན་ཆེད་དུ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་གནོད་སྐྱོན་བཟོས་པ་སོགས་བགྲང་འདུག

ཀྲའོ་པིན་ཧྲན་ལ་སྤུས་ཚད་མཐོ་བའི་སྤྲོ་སྐྱིད་ཁང་དང་སྒེར་སྤྱོད་གཏམ་གྲུ་སོགས་ཡོད་སྟབས། སྲིད་འཛིན་ཞི་ཅིན་ཕིན་གྱིས་སྒྱུ་རྩལ་པ་ཀྲའོ་པིན་ཧྲན་གྱི་གཏམ་བརྗོད་དང་གློག་བརྙན་ཁག་ཅིག་རྒྱ་ནག་གི་བརྙན་འཕྲིན་ཁང་ཁག་གི་ལས་རིམ་ལས་ཕྱིར་འཐེན་བྱས་ཡོད་པ་མ་ཟད། རིག་རྩལ་སྤྲོ་ཚོགས་དང་མཛད་སྒོ་ཁག་ཏུའང་ཞུགས་འཇུག་གི་མེད་པ་དང་། ཉེ་ལམ་ཞིག་ནས་ཁོའི་འགུལ་སྐྱོད་ལའང་ཚོད་འཛིན་བྱེད་ཀྱིན་ཡོད་སྐོར་གླེང་བཞིན་འདུག

ཟླ་འདིའི་ཚེས་ ༢༦ ཉིན་ཐེ་ཝན་གྱི་ཀུ་ཤུ་ཉིན་རེ་ཚགས་ཤོག་སྟེང་། ཝེའུ་ཅོན་ཞིན་ ༢༠༠༥ ལོར་ལའོ་ནེན་ཞིང་ཆེན་ཁེ་ཡོན་གྲོང་ཁྱེར་ཨུ་ཡོན་ཡིན་སྐབས། ས་ཁུལ་དེའི་སོ་མ་ར་ཙ་ (亚麻)ནག་ཚོང་བྱེད་མཁན་ཚོ་དང་འབྲེལ་བ་ཡོད་པ་རྒྱ་གཞུང་གིས་ཤེས་རྟོགས་བྱུང་རྗེས། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཝེའུ་ཅོན་ཞིན་འཛིན་བཟུང་བྱ་འཆར་ཡོད་ཀྱང་། སྐབས་དེར་ཀྲའོ་པིན་ཧྲན་བརྒྱུད་ནས་ལའོ་ནེན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགན་འཛིན་ཝང་ཝའུ་ཀྲོན་ (Wang Weizhong)ལ་རྒྱ་སྒོར་ས་ཡ་ ༡༠ སྤྲད་དེ་ཝེའུ་ཅོན་ཞིན་ལ་ཉེན་ཁ་དེ་ལས་ཐར་ཐུབ་བྱས་ཡོད་འདུག

ཝེའུ་ཅོན་ཞིན་ལའོ་ནེན་ཁེ་ཡོན་གྲོང་ཁྱེར་གྱི་མགོ་གཙོ་ཡིན་སྐབས། ཀྲའོ་པིན་ཧྲན་གྱིས་ཁེ་ཡོན་ས་ཁུལ་ནས་གློག་བརྙན་འཁྲབ་པ་དང་། ལས་ཀ་གཞན་ག་རེ་བྱས་ཀྱང་ཁེ་ཡོན་གྲོང་ཁྱེར་སྲང་ལམ་གྱི་གློག་ལྗང་ཁུ་དུས་ནམ་ཡང་སྒྱུ་རྩལ་པ་ཀྲའོ་པིན་ཧྲན་ལ་སྤར་ཡོད་པ་མ་ཟད། ཀྲའོ་པིན་ཧྲན་གྱིས་གློག་བརྙན་མཱ་ཏཱ་ཧྲད་ 《马大帅2》བ་དང་། མཱ་ཏཱ་ཧྲད་《马大帅3》། གྲོང་གསེབ་བརྩེ་དུང་། 《乡村爱情3》སོགས་འཁྲབ་སྐབས། ཀྲའོ་པིན་ཧྲན་ཁེ་ཡོན་འགྲོན་ཁང་དུ་བསྡད་ཡོད་ཅིང་། སྐབས་དེར་ཝེའུ་ཅོན་ཞིན་གྱིས་ཁོ་ལ་ཁང་གླ་དང་ཟས་གླ་རིན་མེད་བྱས་ཡོད་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་ལའོ་ནེན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་གཞོན་པ་ཝེའུ་ཅོན་ཞིན་ལ་གཞུང་གིས་ཞིབ་བཤེར་བྱེད་བཞིན་ཡོད་པ་གསལ་བསྒྲགས་བྱས་པ་ལས། ཁོའི་ནག་ཉེས་གང་ཡིན་གསལ་བཤད་བྱས་མེད་ཀྱང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། ཝེའུ་ཅོན་ཞིན་ནི་ལྐོག་ཏུ་ཡིབ་པའི་ལའོ་ནེན་ཞིང་ཆེན་གྱི་ནག་ཚོགས་མགོ་བ་གཏེ་བོ་དེ་ཡིན་པ་མ་ཟད། ས་ཁུལ་དེའི་ཁྲིམས་མཐུན་མིན་པའི་ནག་ཚོང་མང་པོ་ཞིག་དང་འབྲེལ་བ་ཡོད་ཅིང་། ཁོས་དེ་སྔོན་ཡུ་ནན་གྱི་ནག་ཚོགས་དང་འབྲེལ་བ་བྱས་ཏེ་བུ་མོ་ལོ་ཆུང་མེ་ཏོག་མ་མང་པོ་བསླུ་འགུག་བྱས་ཏེ། ཀྲུའུ་ཡོང་ཁང་སོགས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོར་ལེགས་སྐྱེས་སུ་སྤྲད་ཡོད་འདུག

༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཕྱོགས་ཁག་གི་སྟག་རྒན་ཚོ་ཞི་ཅིན་ཕིན་གྱི་དྲ་ནང་དུ་ཚུད་པ་ནས་བཟུང་། སྒྱུ་རྩལ་པ་ཀྲའོ་པིན་ཧྲན་གྱི་གླེང་གཞི་ཡང་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། ཞི་ཅིན་ཕིན་གྱི་སྣེ་འཁྲིད་འོག་རྒྱ་ནག་དབུས་རིག་རྩལ་ལས་འགུལ་གྱི་ཚོགས་འདུ་དེ་སྔར་ལོའི་ཕྱི་ཟླ་ ༡༠ བའི་ཚེས་ ༡༥ ཉིན་པེ་ཅིན་ནས་བསྐོངས་སྐབས། འདས་པའི་ལོ་ ༡༥ རིང་དབུས་བརྙན་འཕྲིན་ལས་ཁང་ནས་བྱ་དགའ་ཨང་དང་པོ་ཐོབ་མཁན་དང་། གཏམ་བརྗོད་སྒྱུ་རྩལ་གྱི་རྒྱལ་བོ་རུ་འབོད་པའི་ཀྲའོ་པིན་ཧྲན་ཚོགས་འདུ་དེར་ཞུགས་མེད་པའི་ཐད། དཔྱད་ཞིབ་པ་ཚོས་གླེང་སློང་མང་པོ་བྱས་ཡོད་ཅིང་། ཁ་ཤས་ཀྱིས་ཚོགས་འདུ་དེར་ཅང་ཕྱོགས་ཁག་གི་སྒྱུ་རྩལ་པ་ཀྲའོ་པིན་ཧྲན་དང་ཀྲིང་ཡེ་མའོ་ (Zhang Yimou)། ལི་ཧྲོང་ཅོང་ (Lishuang Jiang)། ཁྲིན་ལོན་ (Cheng Long)སོགས་ཀྱང་མགྲོན་འབོད་བྱས་མེད་སྐོར་བརྗོད།

༢༠༡༤ ལོའི་ཟླ་ ༡༡ ཚེས་ ༧ ཉིན་ཝང་ཡེ་ (网易)དྲ་ཚིགས་སྟེང་། སྒྱུ་རྩལ་པ་ཀྲའོ་པིན་ཧྲན་རྒྱ་ནག་དབུས་རིག་རྩལ་ཚོགས་འདུར་ཞུགས་མེད་པ་མ་ཟད་དེའི་རྗེས་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལའོ་ནེན་ཞིང་ཆེན་དུ་རིག་རྩལ་ཚོགས་འདུ་ཞིག་བསྐོངས་བའི་ཐོག་ཏུའང་འཛུལ་བཞུགས་བྱས་མེད། ཧྲང་ཧེ་ཡི་གསར་འགོད་པ་ཞིག་གིས་གནད་དོན་དེའི་སྐོར་ལ་བཅར་འདྲི་ཞུས་པའི་ལན་དུ་ཀྲའོ་པིན་ཧྲན་གྱིས་ “རྒྱ་ནག་དབུས་རིག་རྩལ་ཚོགས་འདུ་བསྐོངས་སྐབས་འཛམ་གླིང་ཡོངས་ཀྱི་སྐུ་མགྲོན་མང་པོ་ཞིག་གདན་འདྲེན་ཞུས་ཡོད་ཀྱང་མང་བོ་ཞིག་ཐེབས་ཐུབ་ཡོད་པ་མ་རེད། ལའོ་ནེན་ནས་ཚོགས་འདུ་བསྐོངས་སྐབས་ང་པེ་ཅིན་དུ་ཡོད།” ཅེས་བརྗོད་འདུག གསར་འགོད་པས་མུ་མཐུད་དུ་ “ཁྱོད་ཆབ་སྲིད་ཀྱི་ཉེ་སར་གཅར་རྒྱུ་མང་དྲགས་མེད་དམ།” ཞེས་དྲིས་པའི་ལན་དུ་ཀྲའོ་པིན་ཧྲན་གྱིས་ “ཁྱོད་ཆབ་སྲིད་ཀྱི་ཉེ་སར་མ་གཅར་ན། ཁྱོད་ཀྱི་ཏང་ལ་སུས་ཡིད་ཆེས་བྱེད་ཐུབ། ཡིད་ཆེས་བྱེད་མཁན་མེད་ན་སྒྱུ་རྩལ་ཡོང་། ཁྱོད་ཀྱིས་ཏང་གི་སྐད་ཆར་མ་ཉན་པར་སྒྱུ་རྩལ་ག་རེ་བཟོ་རྒྱུ་ཡིན།” ཞེས་བརྗོད་ཡོད་འདུག

གཞན། འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་པ་ལྟར་ན། ཉེ་ལམ་ཀྲུང་དབྱང་བརྙན་འཕྲིན་རིག་རྩལ་ལས་ཚན་དུ་སྲིད་གཞུང་གིས་བརྡ་ཁྱབ་ཅིག་འབྱོར་བའི་ནང་། ཀྲའོ་པིན་ཧྲན་གྱི་འཁྲབ་གཞུང་གློག་བརྙན་ལས་རིམ་ཁག་མེད་པ་བཟོ་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་གཙོ་བོ་ཀྲའོ་པིན་ཧྲན་གྱི་འཁྲབ་གཞུང་ཁག་གི་རྒྱུ་སྤུས་ཞན་དྲགས་པས་རེད་ཟེར།

༢༠༡༤ ལོའི་ཟླ་ ༡༢ ཚེས་ ༣༡ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་སྟེང་། རྒྱ་ནག་གི་ལོ་གསར་སྐབས་དེ་སྔོན་ནས་ལེའུ་ངོ་བོར་སྟོན་བཞིན་པའི་ཀྲའོ་པིན་ཧྲན་མི་སྣ་གཙོ་བོ་ཡིན་པའི་གྲོང་གསེབ་བརྩེ་དུང་ (乡村爱情故事)ཞེས་པའི་གློག་བརྙན་དེའི་ཁག་བརྒྱད་པ་ད་ལོའི་ལོ་གསར་སྐབས་སྟོན་དགོས་ཀྱང་། ལོ་གསར་སྔོན་ལ་བརྙན་འཕྲིན་ཁང་ཁག་གིས་རྒྱ་ནག་གི་ལོ་གསར་སྐབས་ལས་རམ་གང་དག་སྟོན་རྒྱུའི་ཐད་ཚོགས་འདུ་ཞིག་ཚོགས་སྲོལ་ཡོད་པ་ལྟར། ཉེ་ལམ་ལའོ་ནེན་བརྙན་འཕྲིན་ཁང་དང་ཧེ་ལོན་ཅང་བརྙན་འཕྲིན་ཁང་། ཅང་སོའི་བརྙན་འཕྲིན་ཁང་། ཐན་ཅིན་བརྙན་འཕྲིན་ཁང་སོགས་ཀྱིས་ཚོགས་འདུ་བསྐོངས་སྐབས། སུ་གང་གིས་ཀྱང་ཀྲའོ་པིན་ཧྲན་གྱི་གློག་བརྙན་དེ་གླེང་མི་འདུག

ལོ་སྔོན་མའི་ཟླ་ ༡༢ ཚེས་ ༢༨ ཉིན་གྱི་ལའོ་ནེན་ཚགས་ཤོག་སྟེང་གི་ལའོ་ནེན་ཞིང་ཆེན་གྱི་རིག་རྩལ་བརྩམས་ཆོས་དང་སྒྱུ་རྩལ་པའི་མིང་ཐོའི་ཁྲོད། ལོ་མང་རིང་སྙན་གྲགས་རྒྱས་པའི་སྒྱུ་རྩལ་པ་ཀྲའོ་པིན་ཧྲན་གྱི་བརྩམས་ཆོས་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཅེས་འཁོད་ཡོད་འདུག

ཟླ་འདིའི་ཚེས་ ༤ ཉིན་ཏཱ་ཅི་ཡོན་ (大纪元)ཞེས་པའི་དྲ་ཚིགས་སྟེང་། ཀྲའོ་པིན་ཧྲན་གྱི་པིན་ཧྲན་ཟློས་གར་ཚོགས་པས་འཁྲབ་པའི་གློག་བརྙན་ལེའུ་ཅན་ “ཕ་མའི་རྭ་སྐོར་གང་བ་”(爹妈满院) ཞེས་པ་དེ་ལོ་སྔོན་མའི་ཟླ་ ༩ བའི་ཚེས་ ༢༢ ཉིན་རྒྱ་ནག་བརྙན་འཕྲིན་གྱི་ལས་རིམ་ཁག་ཏུ་སྟོན་རྒྱུ་བྱས་ཡོད་ཀྱང་། ཚེས་ ༢༡ ཉིན་གྱི་དགོང་མོར་གློག་བརྙན་དེའི་རྒྱུ་སྤུས་ལ་སྐྱོན་ཡོད་ཚུལ་བརྗོད་དེ་ཕྱིར་འཐེན་བྱས་ཡོད་འདུག

ཀྲའོ་པིན་ཧྲན་སློབ་སྟོན་པ་ཡིན་པའི་རྒྱ་ནག་གི་ཕུལ་བྱུང་མི་སྣའི་ལས་ཚན་ “རྨི་ལམ་བཟོ་མཁན་” (造梦者)ཞེས་པ་དེ་ཟླ་ ༡༢ ཚེས་ ༡༩ ཉིན་བར་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་སྟོན་རྒྱུའི་ཁྱབ་བསྒྲབས་བྱས་ཡོད་ཀྱང་། ཟླ་ ༡༢ ཚེས་ ༡༧ ཉིན་ཀྲའོ་པིན་ཧྲན་ལས་ཚན་དེའི་སློབ་སྟོན་པའི་གོ་གནས་ནས་ཕབ་སྟེ་ཧོན་ཧང་ (Hong Huang) སློབ་སྟོན་པར་བསྐོས་ཡོད་པ་དང་། ཆུ་ཚོད་ཀྱང་འཕར་འགྱངས་བྱས་ཏེ་ ༢༠༡༥ ལོའི་ཟླ་ ༡ ཚེས་ ༩ ཉིན་བསྟན་རྒྱུ་བྱས་ཡོད་འདུག

ལའོ་ནེན་བརྙན་འཕྲིན་ལས་ཁང་གི་ “ལོ་གསར་དགོང་ཚོགས་སྟེང་པིན་ཧྲན་གྱིས་སུ་ཞིག་འདེམས་པ་” (本山选谁上春晚)ཞེས་པའི་ལས་ཚན་གྱི་སྒྲ་འཇུག་དང་། སྔོན་ཆད་ལའོ་ནེན་བརྙན་འཕྲིན་ཁང་གིས་ཀྲའོ་པིན་ཧྲན་གྱི་གཏམ་བརྗོད་ཕྱོགས་བསྒྲིགས་སྟོན་བཞིན་ཡོད་པ་དེ་ད་ལོར་མཚམས་འཇོག་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༣ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་སྟེང་། སྒྱུ་རྩལ་པ་ཀྲའོ་པིན་ཧྲན་ཡང་ཅང་ཙེ་མིན་ཕྱོགས་ཁག་གི་གྲུ་ནང་དུ་ཚུད་ཡོད། དེ་ནི་ཕ་ཡུལ་གཅིག་པ་ཡིན་པའི་དེ་སྔའི་ཁྲོན་ཆིན་གྲོང་ཁྱེར་ཉེན་རྟོག་འགན་འཛིན་ཝང་ལིའི་ཅུན་ལ་འབྲེལ་བ་དམ་པོ་ཡོད་སྟབས། ཁོ་བརྒྱུད་ནས་པའོ་ཞི་ལེ་ལ་སྤུན་གྲོགས་བསྒྲིགས་པ་དང་། རིམ་བཞིན་ཅང་ཙེ་མིན་གྱི་དགའ་རོགས་སོན་ཙོ་ཡེན་ (Song zuying)ལ་མང་སྲིང་བསྒྲིགས་པ་སོགས་བརྒྱུད་དེ། ཀྲའོ་པིན་ཧྲན་གྱི་སྙན་གྲགས་སྔར་ལས་རྒྱས་ཡོད་ཅེས་བརྗོད། ཅང་ཙེ་མིན་གྱི་དགའ་མ་སོན་ཙོ་ཡེན་དང་ཀྲའོ་པིན་ཧྲན་གཉིས་མཉམ་དུ་འཁྲབ་གཏམ་བརྗོད་ཟློས་གར་སོགས་ཀྱང་ཡོད་འདུག་ལ། ཀྲའོ་པིན་ཧྲན་གྱིས་སོན་ཙོ་ཡེན་ངའི་སྲིང་མ་ཡིན་ཞེས་རྗོད་ཀྱིན་ཡོད་ཀྱང་། སྤྱི་ཚོགས་ཐོག་ཁོ་གཉིས་བར་གྱི་འབྲེལ་བ་དེ་མིང་སྲིང་གི་འབྲེལ་བ་ལས་བརྒལ་ཡོད་པའི་གླེང་སློང་བྱེད་བཞིན་ཡོད།

༢༠༡༤ ལོའི་ཟླ་ ༡ ཚེས་ ༣ ཉིན། ཏཱ་ཅེ་ཡོན་《大纪元》ཞེས་པའི་དྲ་བའི་སྟེང་། ཅང་ཙེ་མིན་གྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་ ༢༠༠༠ ལོའི་ལོ་གསར་དགོང་ཚོགས་ཐོག ཀྲའོ་པིན་ཧྲན་གྱི་ཐ་ཤལ་རང་གཤིས་ཀྱི་ནུས་བ་ཧ་གོ་ཡོད་པ་དང་། རྒྱ་ནག་མི་མང་གི་ཀླད་པ་འཁྲུད་དགོས་ན་ཀྲའོ་པིན་ཧྲན་དང་མཉམ་འབྲེལ་བྱེད་དགོས་པའི་གནད་འགག་རྟོགས་ཏེ། ༢༠༠༠ ལོའི་སྟོན་ཁ་ཞིག་ལ་ཅང་ཙེ་མིན་གྱི་དམག་སྤྱིའམ་རྒྱ་ནག་དབུས་རྩ་འཛུགས་ཚོགས་ཆུང་གི་འགན་འཛིན་ཚིན་ཆེན་ཧོན་དངོས་སུ་ཀྲའོ་པིན་ཧྲན་ལ་ཐུག་འཕྲད་བྱེད་པར་མངགས་ཏེ། ༢༠༠༡ ལོའི་ལོ་གསར་དགོང་ཚོགས་སྟེང་། སྲིད་གཞུང་དང་ཆོས་འཁོར་རྩ་རླུང་བར་གྱི་གནད་དོན་དེ་གཏམ་བརྗོད་ཀྱི་ཐོག་ནས་གསལ་བོ་བཟོ་དགོས་ཞེས་མངགས་བཀོལ་བྱས་ཡོད་འདུག སྐབས་དེར་ཚིན་ཆེན་ཧོན་གྱིས་ “འདི་ནི་སྲིད་འཛིན་ཅང་ཙེ་མིན་གྱི་དགོངས་པ་ཡིན་པས། ངེས་པར་དུ་རྒྱལ་ཁ་ཐོབ་དགོས་པ་ལས་ཕམ་ཁ་རྩ་བ་ནས་རག་མི་ཆོག་” ཅེས་བཀའ་ཕབ་ཡོད་པ་ལྟར། ཧའུ་ཆིན་ཁོའི་ (Heqing Kui)ཡིས་རྩོམ་བསྒྲིགས་རོགས་སྐྱོར་འོག ༢༠༠༡ ལོའི་ལོ་གསར་དགོང་ཚོགས་སྟེང་། ཀྲའོ་པིན་ཧྲན་དང་ཧྥན་ཝེས་ (Fan Wei)། ཀའོ་ཞོ་མིན་ (GaoXiumin)བཅས་ཀྱིས་ཆོས་འཁོར་རྩ་རླུང་ལ་དམའ་འབེབས་བྱེད་པའི་གཏམ་བརྗོད་ ‘འཁར་བ་འཚོང་བ’ (卖拐)ཞེས་པ་ཞིག འཁྲབ་སྟོན་བྱས་པ་དེར་ཅང་ཙེ་མིན་ཡིད་ཧ་ཅང་ཚིམ་སྟེ། ༢༠༠༡ ལོའི་ལོ་གསར་དགོང་ཚོགས་ཀྱི་བྱ་དགའ་ཨང་དང་པོ་གཏམ་བརྗོད་དེར་སྤྲོད་དགོས་པའི་བཀའ་ཕབ་ཡོད་པ་དང་། ༢༠༠༢ ལོར་ཀྲའོ་པིན་ཧྲན་གྱིས་མུ་མཐུད་དུ་ ‘འཁར་བ་འཚོང་བ’ (卖拐)དང་། ‘རླངས་འཁོར་འཚོང་བ’ (卖车)། ༢༠༠༥ ལོར་ ‘འགྱོགས་བྱམས་འཚོང་བ’ (卖担架)སོགས་འཁྲབ་སྟོན་བྱས་ཏེ་ཆོས་འཁོར་རྩ་རླུང་ལ་དམའ་འབེབས་བྱས་ཡོད།

པའོ་ཞི་ལེ་ཡིས་ཁྲོན་ཆིན་དུ་བྱ་བ་སྒྲུབ་སྐབས་ཀྲུའུ་ཡོང་ཁང་དང་པའོ་ཞི་ལེ་གཉིས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་རྗེས། ཞི་ཅིན་ཕིན་གྱི་ལག་ནས་རྒྱ་ནག་གི་སྲིད་དབང་འཕྲོག་རྒྱུ་དང་། སྲིད་ཇུས་བཅོས་བསྒྱུར་གྱི་ལས་འཆར་ཁྲོད་སྒྱུ་རྩལ་པ་ཀྲའོ་པིན་ཧྲན་དབུས་རིག་རྩལ་ལྷན་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱ་འཆར་ཡོད་ཀྱང་། ༢༠༡༢ ལོའི་ཟླ་ ༢ ཚེས་ ༦ ཉིན་ཝང་ལི་ཅུན་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་བྱོལ་བྱས་པ་དེས་ཁྲོན་ཆིན་གྱི་གནས་ཚུལ་ཡོངས་རྫོགས་ཕྱི་གྱར་ཕྱིན།

༢༠༠༧ ལོར་ལའོ་ནེན་ཞིང་ཆེན་གྱི་ཡཱི་ལིས་ཧྲིན་ (蚁力神)སྨན་རྫུན་གྱོན་དོན་གླེང་སློང་བྱུང་སྐབས། པའོ་ཞི་ལེ་ལའོ་ནེན་ཞིང་ཆེན་གྱི་མགོ་གཙོ་དང་ཚོང་འབྲེལ་མགོ་གཙོ་ཡིན་སྟབས། ཁོས་དབང་ཆ་སྒེར་སྤྱོད་ཀྱིས་ཡཱི་ལིས་ཧྲིན་སྨན་རྫུན་ལ་སྲུང་སྐྱོབ་བྱས་ཡོད་འདུག སྐབས་དེར་ཀྲའོ་པིན་ཧྲན་གྱིས་སྨན་རྫུན་དེ་བརྙན་འཕྲིན་ནང་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཏེ་རྒྱ་སྒོར་ས་ཡ་ ༢ ལྷག་གི་ཁེ་བཟང་ཟོས་ཡོད་འདུག ༢༠༠༧ ལོའི་ཟླ་ ༡༡ ནང་ཡཱི་ལིས་ཧྲིན་སྨན་རྫུན་ཀྱི་གྱོན་དོན་ཕྱི་གྱར་བྱུང་བ་དང་བསྟུན་ཏེ། བཟོ་གྲྭ་དེས་མང་ཚོགས་ཀྱི་དངུལ་སྒོར་ཐེར་འབུམ་ ༡༠ ལྷག་གཡོ་ལེན་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། བཟོ་གྲྭ་དེར་མ་དངུལ་འཇོག་མཁན་ཁ་ཤས་ཀྱིས་རང་ཤི་བརྒྱབ་ཡོད་འདུག

ཟླ་སྔོན་མའི་ཚེས་ ༢༧ ཉིན་ལ་རྒྱ་ནག་ནང་ཁུལ་གྱི་སྤྱི་ཚོགས་དྲ་ཚིགས་ཝེ་པའོ་སྟེང་། དྲ་མིང་ལ་ (永康小裁缝)ཞེས་པ་ཞིག་གིས། སྒྱུ་རྩལ་པ་ཀྲའོ་པིན་ཧྲན་ནག་ཚོགས་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་སྐབས་ཁོས་རང་ཤི་རྒྱག་གྲབས་བྱས་ཡོད་ཅིང་། ཁོའི་ཁང་པའི་ནང་དུ་གསེར་རྒྱ་མ་ ༤༠༠༠༠ ཙམ་ཐོན་ཡོད་པ་དང་། དེའི་མ་གནས་རྒྱ་སྒོར་དུང་ཕྱུར་ ༤ ལྷག་ཡིན་ཚུལ་བཀོད་ཡོད་ཀྱང་། གནས་ཚུལ་དེ་དྲ་ཐོག་ཏུ་སྤེལ་ཏེ་ཅུང་ཙམ་རྗེས་ནག་གསུབ་བཏང་ཡོད་འདུག

ཟླ་འདིའི་ཚེས་ ༡༣ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་སྟེང་། སྒྱུ་རྩལ་པ་ཀྲའོ་པིན་ཧྲན་ལ་རླངས་འཁོར་མང་པོ་ཞིག་ཡོད་པ་མ་ཟད། སྒེར་ལ་པིན་ཧྲན་ཧའོ་ (本山号)ཞེས་པའི་གནམ་གྲུ་ཞིག་ཀྱང་ཡོད་འདུག གནམ་གྲུ་དེའི་མིང་དབྱིན་སྐད་དུ་ (Bombardier Challenger 850) ཟེར་ཞིང་། དེའི་རིན་གོང་ཨ་སྒོར་ཁྲི་ ༣༠༠༠ ལྷག་ཡིན་འདུག གནམ་གྲུ་དེའི་ནང་མི་ ༡༧ གྱི་སྡོད་གནས་ཡོད་ཅིང་། རང་འདོད་ལྟར་བཟོ་བཅོས་རྒྱག་ཆོག་པ་དང་། ཆང་ཁང་དང་གཞུང་སྒྲུབ་ཁང་། གཟུགས་པོ་སྦྱོང་བརྡར་བྱེད་ས་སོགས་བཟོ་ཐུབ་ཀྱི་ཡོད་འདུག གནམ་གྲུ་དེའི་ཉིན་རེའི་ཞིག་གསོ་དང་ཉེན་འགོག་འགྲོ་གྲོན། ཁ་ལོ་བ་སོགས་ཀྱི་ལོ་གཅིག་གི་འགྲོ་སོང་རྒྱ་སྒོར་ས་ཡ་ ༥ ཡས་མས་ཡིན་པ་དང་། གནམ་གྲུ་དེའི་སྣུམ་གྱི་འགྲོ་སོང་ཆུ་ཚོད་གཅིག་ལ་རྒྱ་སྒོར་ ༡༥༠༠༠ ལྷག་ཡིན་འདུག

སྒྱུ་རྩལ་པ་ཀྲའོ་པིན་ཧྲན་གྱིས་ ༢༠༡༡ ལོའི་ཟླ་ ༨ པའི་ནང་པེ་ཅིན་དུ། ལའུ་ལའོ་ཀུན་ཚོམས་ཁང་ (刘老根会馆) ཞེས་པ་ཞིག་སྒོ་འབྱེད་བྱས་ཡོད་པ་དང་། དེ་ནི་པེ་ཅིན་མདུན་སྒོའི་ཚོང་འབྲེལ་ལོ་རྒྱུས་རིག་གཞུང་སྲུང་སྐྱོབ་ས་ཁུལ་དུ་ཡོད་འདུག སྤྲོ་ཚོམས་ཁང་དེའི་སྤྱིའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ ༡ ལྷག་ཡོད་ཅིང་། དེའི་ནང་དུ་ཁང་རྩེག་གཉིས་ཅན་གྱི་གསོལ་ཚིགས་ཁང་གཅིག་དང་རྭ་བ་གྲུ་བཞི་ཡིན་པའི་ཁང་པ་དྲུག་ཡོད་འདུག ཟ་མ་གཙོ་བོ་ ‘ལའུ་ལའོ་སྒེར་ཚད་’ཅེས་པ་ཞིག་ཡིན་པ་དང་། ཟས་རིགས་མང་ཆེ་བ་རྒྱ་མཚོའི་ནང་གི་སྲོག་ཆགས་དང་སྐྱེས་དངོས་ཡིན་འདུག གསོལ་ཚིགས་ཁང་དེའི་ཟ་མ་རིན་གོང་མཐོ་ཤོས་སྡེར་མ་གཅིག་ལ་རྒྱ་སྒོར་ ༢༠༠༠ ཙམ་ཡིན་པ་དང་། ཉིན་གཅིག་གི་ཡོང་འབབ་ཉུང་ཤོས་རྒྱ་སྒོར་ཁྲི་ ༡༨ ཡིན་འདུག སྤྲོ་ཚོམས་ཁང་དེར་རྒྱ་ནག་གི་འཁྲབ་སྟོན་པ་དང་ཚོང་པ། དཔོན་རིགས་མཐོ་གྲས་བཅས་ཀྱིས་སྤྲོ་སྐྱིད་གཏོང་ས་ཞིག་ཡིན་ཞིང་། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་མགོ་འཛུགས་བྱས་པ་དང་བསྟུན་ཏེ་སྤྲོ་ཚོམས་ཁང་དེར་རྒྱས་སྤྲོས་བྱེད་མཁན་ཇེ་ཉུང་དུ་ཕྱིན་ཡོད་ཅིང་། ༢༠༡༤ ལོའི་ཟླ་ ༩ བའི་ནང་སྒོ་བརྒྱབ་ཡོད་འདུག

སྒྱུ་རྩལ་པ་ཀྲའོ་པིན་ཧྲན་རྒྱ་ནག་གི་བུད་མེད་འཁྲབ་སྟོན་མ་གཞས་མ་དག་ལ་འབྲེལ་བ་ཡོད་ཅིང་། དེ་དག་ནི་ཀྲོང་པཱད་ཀྲི་ (张柏芝) དང་ཀྲང་ཙི་ཡཱི་ (章子怡) ལིན་ཀྲི་ལེན་ (林志玲) ཙིན་པའོ་ཡཱི་ (曾宝仪) ཧོང་ཧྲིན་ཡཱི་ (黄圣依) སོན་ཙོ་ཡེན་ (宋祖英) ཀོན་ཐེན་ནཱ་ (关婷娜) ཡེན་ནཱེ་ (闫妮) ཡན་ཞའོ་ཅིན་ (阎学晶) ཡའོ་ཡའེ་ཞན་ (于月仙) སོགས་ཡིན་འདུག

ཟླ་སྔོན་མའི་ཚེས་ ༢༨ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་ཀྱི་གསར་འགོད་པས། ཨ་རི་དང་རྒྱ་ནག་གི་གནད་དོན་དཔྱད་ཞིབ་པ་ཀྲོང་ཅན་ (Zhang Jian) ལ་བཅའ་འདྲི་བྱས་སྐབས་ཁོས། ཀྲའོ་པིན་ཧྲན་ནི་ཁེ་དབང་གཡོ་གཉེར་བྱེད་མཁན་གྱི་སྒྱུ་རྩལ་པ་ཞིག་རེད། ཀྲའོ་པིན་ཧྲན་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་དེའང་ཁོ་ཅང་ཙེ་མིན་ཕྱོགས་ཁག་དང་འབྲེལ་བ་ཆེ་དྲགས་པས་རེད། ཁོས་ཝང་ལིའི་ཅུན་དང་པའོ་ཞི་ལེ་གཉིས་ལ་སྤུན་གྲོགས་བསྒྲིགས་པ་དང་། ཅང་ཙེ་མིན་ལ་ཤ་འདྲེས་ཁྲག་འདྲེས་ལྟ་བའི་འབྲེལ་བ་ཡོད་སྟབས། ཁོའི་འཁྲབ་སྟོན་མང་པོའི་ནང་ཁོ་ཅང་ཕྱོགས་ཁག་གི་གར་སྟེགས་ལ་ལངས་ཅི་ཐུབ་བྱས་ཡོད། རྒྱ་ནག་ནས་ལས་ཀ་ག་རེ་བྱེད་དགོས་ཀྱང་ངེས་པར་དུ་ཆབ་སྲིད་ཀྱི་རྒྱབ་རྟེན་ཞིག་དགོས་པ་གསལ་བོ་རེད། ཁྱོད་ཚོང་པ་ཡིན་ན་འགྲིག སྒྱུ་རྩལ་པ་ཡིན་ནའང་རུང་། ཤེས་ཡོན་པའི་སྡེ་ལ་ཡོད་ནའང་ཆོག གང་ལྟར་ཁྱོད་ལ་ངེས་པར་དུ་ཆབ་སྲིད་ཀྱི་རྒྱབ་རྟེན་ཞིག་དགོས་ཀྱི་ཡོད།

སྒྱུ་རྩལ་པ་ཀྲའོ་པིན་ཧྲན་དེ་རིང་ཆབ་སྲིད་ཀྱི་གནས་སྟངས་འདི་འདྲ་ཞིག་ལ་ལྷུང་ཡོད་པ་དེའང་ཅང་ཕྱོགས་ཁག་ནི་ཁོའི་ཆབ་སྲིད་རྒྱབ་རྟེན་ཡིན་པས་རེད། སྲིད་འཛིན་ཞི་ཅིན་ཕིན་གྱི་དཔུང་ཁག་དང་ཅང་ཙེ་མིན་ཕྱོགས་ཁག་གཉིས་ནི་མེ་དང་ཆུ་ལྟར་ཕན་ཚུན་མི་མཐུན་སྟབས་རྒྱ་ནག་ནང་དུ་ལམ་ལུགས་གཉིས་ལྟ་བུ་ཆགས་ཡོད། ཀྲའོ་པིན་ཧྲན་འཛུལ་བཞུགས་བྱེད་ཡུལ་གྱི་ཕྱོགས་ཁག་ནོར་ཡོད་སྟབས། ཁོ་ལ་བདེ་སྐྱིད་ཀྱི་ཉི་མ་བསྐྱར་དུ་ཤར་རྒྱུར་ཧ་ལམ་རེ་བ་མེད་པ་མ་ཟད། ངས་རྒྱ་གཞུང་གིས་ད་ལྟ་ལྐོག་ནས་ཁོའི་གྱོད་དོན་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་ཡིད་ཆེས་བྱེད་ཀྱིན་ཡོད། འོན་ཀྱང་ག་དུས་ཞིག་ལ་དངོས་སུ་ལག་བསྟར་བྱེད་མིན་ད་དུང་ཚོད་དཔག་བྱེད་ཐུབ་ཀྱི་མི་འདུག ཅེས་བརྗོད་འདུག

སྒྱུ་རྩལ་པ་ཀྲའོ་པིན་ཧྲན་ནི་ ༡༩༥༧ ལོའི་ཟླ་ ༡༠ ཚེས་ ༢ ཉིན་ལའོ་ནའེ་ཞིང་ཆེན་ཁེ་ཡོན་གྲོང་ཁྱེར་ནས་སྐྱེས། ཁོ་ནི་རྒྱ་ནག་གི་གཏམ་བརྗོད་འཁྲབ་སྟོན་སྒྱུ་རྩལ་པ་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། རྒྱ་ནག་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི། ལའོ་ནའེ་སློབ་ཆེན་པིན་ཧྲན་སྒྱུ་རྩལ་སློབ་གླིང་གི་འགན་འཛིན་དང་། པིན་ཧྲན་བརྒྱུད་ལམ་གྱི་འགན་འཛིན་བཅས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese