རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་སྤྱོད་ལ་རྒོལ་རྡུང་གཏོང་བའི་སྲིད་བྱུས་དེ་དབང་ཆའི་འཐབ་རྩོད་ཅིག་ལ་ངོས་འཛིན་བྱེད་མཁན་ཡོད་པ་ལྟར། དེང་སྐབས་ཁོས་ཅང་ཕྱོགས་ཁག་གི་དཔོན་རིགས་དག་རྩ་མེད་བཟོས་ཏེ། ཁོ་རང་དང་འབྲེལ་བ་ཡོད་པའི་མི་སྣ་མང་པོ་ཞིག་གོ་གནས་སྤར་བཞིན་ཡོད་འདུག
ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་པ་དང་བསྟུན་ཏེ་ལྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་སྤྱོད་ལ་རྡུང་རྡེག་གཏོང་བའི་གོ་སྐབས་བརྒྱུད་ནས་ཅང་ཙེ་མིན་ཤོག་ཁག་གི་དཔོན་རིགས་མང་པོ་ཞིག་གི་གོ་གནས་ནས་ཕབ་པ་དང་འཛིན་བཟུང་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་ཅང་ཕྱོགས་ཁག་གཙང་འཁྲུད་བྱེད་བཞིན་ཡོད་པ་དང་། ཞི་ཅིན་ཕིན་གྱིས་རང་གི་མཐུན་ཕྱོགས་དཔོན་རིགས་མང་པོ་ཞིག་རྒྱ་ནག་དབུས་གཞུང་ལ་འཐེན་ཏེ། ཁོ་རང་གི་སྟོབས་ཤུགས་རྒྱ་སྐྱེད་དང་གོ་གནས་བརྟན་སྲུང་ལ་འབད་བརྩོན་བྱེད་བཞིན་ཡོད་སྟབས། གནས་ཚུལ་དེའི་ཐོག་གསར་འགྱུར་བརྒྱུད་ལམ་ཁག་དང་ཆབ་སྲིད་དཔྱད་ཞིབ་པ་ཚོས་དོ་སྣང་བྱེད་ཆེན་པོ་བྱེད་ཡུལ་ཞིག་ཆགས་ཡོད།
གོང་གི་གནད་དོན་དེའི་སྐོར་ལ་ཟླ་འདིའི་ཚེས་ ༢༨ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་ཀྱིས་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ལུང་འདྲེན་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་ ༡༨ པའི་རྗེས་སྣོན་ཨུ་ཡོན་ཡིན་པའི་ཧྥི་ཅན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ལའེ་ཁྲོན་མཱེ་ (Lei Chunmei)། ཟླ་འདིའི་ཚེས་ ༢༥ ཉིན་ཧྥི་ཅན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ནང་འཛུལ་བཞུགས་བྱས་པ་དང་མཉམ་དུ་ཞིང་ཆེན་སྲིད་གྲོས་འགན་འཛིན་གཞོན་པའི་ལས་གནས་ནས་དགོངས་པ་ཞུས་ཡོད་འདུག ཁོ་མོ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་རིམ་པའི་ཁྲོད་ནས་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ཏུ་འཛུལ་བཞུགས་བྱེད་མཁན་ཐོག་མ་དེ་ཆགས་ཡོད་འདུག
ལའེ་ཁྲོན་མཱེ་ནི་ ༡༩༥༩ ལོར་ཧྥི་ཅན་ཧྥི་ཨན་ནས་སྐྱེས་ཤིང་། ཧྥི་ཀྲའོ་སློབ་ཆེན་ནས་མཐར་ཕྱིན་རྗེས་ཧྥི་ཅན་དུ་ལོ་མང་རིང་སྲིད་གཞུང་གི་ལས་དོན་བསྒྲུབས་ཡོད་པ་མ་ཟད། ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྔོན་ཆད་ཧྥི་ཅན་ནེན་ཏའུ་གྲོང་ཁྱེར་དུ་ལས་ཀ་བྱེད་སྐབས་ཁོང་གཉིས་མཉམ་ལས་བྱས་ཡོད་འདུག སྐབས་དེར་ཞི་ཅིན་ཕིན་ནེན་ཏའུ་ས་གནས་མགོ་གཙོ་ཡིན་པ་དང་། ལའེ་ཁྲོན་མཱེ་རྫོང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ཡིན་འདུག ༢༠༡༢ ལོར་ལའེ་ཁྲོན་མཱེ་གོ་གནས་འཕར་ཏེ་ཞིང་ཆེན་སྲིད་གྲོས་འགན་འཛིན་གཞོན་པ་དང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་བྱས་ཡོད་འདུག ལོ་དེའི་ཟླ་ ༡༡ པའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སྣོན་ཨུ་ཡོན་དུ་བདམས་ཡོད་འདུག
སྔོན་ཆད་ཞི་ཅིན་ཕིན་གྱིས་ཧི་པཱེ་དང་ཧྥི་ཅན། ཀྲའེ་ཅང་། ཧྲང་ཧེ་སོགས་ནས་བྱ་བ་བསྒྲུབས་ཡོད་པ་དང་། དེའི་ཁྲོད་ཀྱི་དུས་ཡུན་རིང་ཤོས་ཧྥི་ཅན་ནས་བྱ་བ་བསྒྲུབས་པ་དེ་ཆགས་ཡོད་འདུག ༡༩༨༥ ལོའི་ཟླ་ ༦ པ་ནས་ཞི་ཅིན་ཕིན་ཧྥི་ཅན་ཞིང་ཆེན་ནེན་ཏའི་གྲོང་ཁྱེར་མགོ་གཙོ་དང་ཞཱ་མིན་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ། ནེན་ཏའུ་དམག་མིའི་འགན་འཛིན་སོགས་ཀྱི་ལས་ཀ་བྱས་ཡོད་པ་དང་། ༢༠༠༠ ལོ་ནས་ཧྥི་ཅན་ཞིང་ཆེན་གྱི་འགན་འཛིན་དང་ ༢༠༠༢ ལོའི་ཟླ་ ༡༠ པའི་ནང་ཀྲའི་ཅང་ལ་གོ་གནས་སྤར་ཡོད་འདུག
ཟླ་འདི་ཚེས་ ༢༦ ཉིན་ཝའེ་པའོ་སྟེང་གནས་ཚུལ་སྤེལ་པའི་ནང་། ཞཱ་མིན་གྲོང་ཁྱེར་གྱི་འགན་འཛིན་ལེའུ་ཁུ་ཆན་ (Liu Keqing )ཞིང་ཆེན་སྲིད་གྲོས་ཏང་གི་རྩ་འཛུགས་མགོ་གཙོའི་གོ་གནས་ལ་བཞུགས་ཡོད་པ་དང་། ཞིང་ཆེན་འགན་འཛིན་གཞོན་པ་ཁྲིན་རོན་ཁད་ (Chen Rongkai)ཞིང་ཆེན་སྲིད་གྲོས་རྩ་འཛུགས་ཚོགས་མི་ཡིན་སྐོར་སོགས་བརྗོད་འདུག
ལེའུ་ཁུ་ཆན་ནི་ ༡༩༥༥ ལོར་ཧྥི་ཅན་ཀྲའོ་ནེན་རྫོང་ནས་སྐྱེས་ཤིང་། ལོ་མང་ལ་ཧྥི་ཅན་ནས་ལས་ཀ་བྱས་པ་དང་ཐན་ཀྲའོ་གྲོང་ཁྱེར་གྱི་མགོ་གཙོ། ཐན་ཀྲའོ་གྲོང་ཁྱེར་གྱི་ཨུ་ཡོན་རྒྱུན་ལས་ཀྱི་མགོ་གཙོ། ཞཱ་མིན་གྲོང་ཁྱེར་མགོ་གཙོ་གཞོན་པ་དང་གྲོང་ཁྱེར་སྲིད་གཞུང་གི་འགན་འཛིན་སོགས་བྱས་ཡོད་འདུག
ཁྲིན་རོན་ཁད་ནི་ ༡༩༥༥ ལོར་ཧྥི་ཅན་མིན་ཧོ་ནས་སྐྱེས་ཤིང་། ༡༩༧༩ ལོའི་ཟླ་ ༢ ནས་ཞཱ་མིན་སློབ་ཆེན་དཔལ་འབྱོར་སྡེ་ཚན་ནས་མཐར་ཕྱིན་རྗེས། ནེན་ཏའུ་གྲོང་ཁྱེར་གྱི་མགོ་གཙོ་དང་གྲོང་ཁྱེར་ཨུ་ཡོན་རྒྱུན་ལས་ཀྱི་འགན་འཛིན། ཧྥི་ཅན་ཞིང་ཆེན་སྲིད་གཞུང་གི་འགན་འཛིན་གཞོན་པ་བཅས་ཀྱི་འགན་འཁུར་ཡོད་འདུག
ཟླ་འདིའི་ཚེས་ ༢༧ ཉིན་ཧོང་ཀོང་ཏཱ་ཀོན་དྲ་ཚིགས་ (大公网)ཀྱིས། ཟླ་འདིའི་ཚེས་ ༢༥ ཉིན་ནས་ཁྲིན་ཏཱོན་ (Chen Dong) ཧྥི་ཅན་ཞིང་ཆེན་འགན་འཛིན་གཞོན་པའི་གོ་གནས་ནས་ཕྱིར་འཐེན་བྱས་ཡོད་པ་ནི། ཁྲིན་ཏཱོན་ཞིང་ཆེན་བརྒྱུན་ལས་ཨུ་ཡོན་ལ་བཞུགས་རྒྱུ་གཏན་འཁེལ་བྱས་ཡོད་པས་ཡིན་ཚུལ་འཁོད་འདུག
ཁྲིན་ཏཱོན་ནི་ ༡༩༦༤ ལོའི་ཟླ་ ༢ པའི་ནང་ཧྥི་ཅན་ལོ་ཡན་ནས་སྐྱེས་ཤིང་། ༡༩༨༣ ལོའི་ཟླ་ ༨ པའི་ནང་ཞཱ་མིན་སློབ་ཆེན་ནས་མཐར་ཕྱིན། ཁོ་དེ་སྔོན་ཧྥི་ཅན་ཞིང་ཆེན་གྱི་མགོ་གཙོ་དང་ཐན་ཀྲའོ་གྲོང་ཁྱེར་གྱི་མགོ་གཙོ་གཞོན་པ། ཐན་ཕོ་རྫོང་གི་མགོ་གཙོ་གཅིག་ལྕོགས་བཅས་བྱས་ཡོད་པ་མ་ཟད། ཐན་ཀྲའོ་གྲོང་ཁྱེར་གྱི་འགན་འཛིན་དང་གྲོང་ཁྱེར་མགོ་གཙོ། ༢༠༡༣ ལོའི་ཟླ་ ༡ པོའི་ནང་ཞིང་ཆེན་འགན་འཛིན་གཞོན་པ་སོགས་བྱས་ཡོད་འདུག
ཟླ་འདི་ཚེས་ ༢༦ ཉིན་ཧྥི་ཅན་ཚགས་ཤོག་སྟེང་། ཧྥི་ཅན་ཞིང་ཆེན་མི་མང་འཐུས་མི་ཁྱབ་བསྒྲགས་བྱས་པའི་ནང་། གསར་བཞུགས་བྱས་པའི་ཚོགས་མི་ ༡༡ ཡོད་པའི་ཁྲོད། སྐབས་ ༡༨ པའི་དབུས་སྒྲིག་ཁྲིམས་ཨུ་ཡོན་ཁྲིན་ལན་ (Chen Lun)ཡང་ཚོགས་མི་གསར་བའི་གྲས་ཡིན་འདུག་ལ། ཟླ་འདིའི་ཚེས་ ༡༧ ཉིན་ཅི་ལིན་ཚགས་ཤོག་སྟེང་། ཉེ་སྔོན་རྒྱ་ནག་དབུས་སྒྲིག་ཁྲིམས་ཨུ་ཡོན་ཚའུ་ཧྲོ་ཕིན་ (Cui Shaopeng)ཅི་ལིན་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཁྲིམས་མགོ་གཙོ་རུ་བསྐོས་ཡོད་པ་དང་། རྒྱ་ནག་དབུས་སྒྲིག་ཁྲིམས་མགོ་གཙོའི་གོ་གནས་ལ་ཁྲིན་ལན་བསྐོ་རྒྱུ་ཡིན་སྐོར་བརྗོད་འདུག
ཁྲིན་ལན་ནི་ ༡༩༥༣ ལོའི་ཟླ་ ༡༢ ནང་ཧྥི་ཅན་ཧྥི་ཀྲའོ་ནས་སྐྱེས་ཤིང་། ཁོ་ཡང་ཧྥི་ཅན་ཞིང་ཆེན་གྱི་མཐོ་རིམ་དཔོན་རིགས་ཤིག་ཡིན་འདུག ཧྥི་ཀྲའོ་གྲོང་ཁྱེར་གྱི་དྲུང་ཡིག་གཞོན་པ་དང་གྲོང་ཁྱེར་མགོ་གཙོ། ཞིང་ཆེན་སྒྲིག་ཁྲིམས་མགོ་གཙོ་སོགས་བྱས་རྗེས། ༢༠༡༡ ལོའི་ཟླ་ ༢ པའི་ནང་ཅི་ལིན་ཞིང་ཆེན་ཨུ་ཡོན་རྒྱུན་ལས་དང་ཞིང་ཆེན་མགོ་གཙོ་བྱས། ༢༠༡༢ ལོའི་ཟླ་ ༡༡ ནས་རྒྱ་ནག་དབུས་སྒྲིག་ཁྲིམས་ཀྱི་ཚོགས་མི་བཅས་ཡིན་འདུག
ཟླ་འདི་ཚེས་ ༡༥ ཉིན་རྒྱ་གཞུང་གིས་ཁྲིན་ལན་ཅི་ལིན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་དང་ཅི་ལིན་ཞིང་ཆེན་སྒྲིག་ཁྲིམས་མགོ་གཙོར་མུ་མཐུད་དུ་བཞུགས་རྒྱུ་མིན་པ་དང་། ཁོ་གོ་གནས་གཞན་ལ་བཞུགས་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། ཧོང་ཀོང་ཏཱ་ཀོན་དྲ་ཚིགས་ཀྱི་དབྱེ་ཞིབ་པ་ཚོས། ཁྲིན་ལན་ཕལ་ཆེར་ཕྱིར་ཕ་ཡུལ་ཧྥི་ཅན་ལ་སོང་ནས་ལས་ཀ་བྱ་སྲིད་པ་དང་། ཁོ་ཞིང་ཆེན་འགན་འཛིན་གཞོན་པའི་གོ་གནས་ནས་ཞིང་ཆེན་མི་མང་འཐུས་མིའི་རྒྱུན་ལས་ཨུ་ཡོན་འགན་འཛིན་གཞོན་པ་ཆགས་སྲིད་ཅེས་བརྗོད་འདུག
ཀྲུང་གོར་ལྟ་བ་ཞེས་པའི་གསར་འགོད་པ་ཚོས་དབྱེ་ཞིབ་བྱེད་འོས་པ་ཞིག་ནི། གོང་གི་མཐོ་རིམ་དཔོན་རིགས་འདི་ཚང་མ་ཧྥི་ཅན་གྱི་ས་སྐྱེས་རྡོ་སྐྱེས་རྐྱང་རྐྱང་ཡིན་པ་དང་། ཚང་མ་ཞི་ཅིན་ཕིན་གྱི་ལས་ཀ་དང་འབྲེལ་པ་ཡོད་པ་ཞིག་ཆགས་ཡོད་པ་མ་ཟད། དེའི་ནང་གི་ལའེ་ཁྲོན་མཱེ་ནི་ཞི་ཅིན་ཕིན་གྱིས་ཧྥི་ཅན་ནེན་ཏའུ་ནས་ལས་ཀ་བྱེད་པའི་བརྒྱུད་རིམ་ལ་འབྲེལ་པ་ཡོད་མཁན་ཞིག་ཆགས་འདུག་ཅེས་བརྗོད་འདུག
བརྒྱུད་ལམ་ཁག་མང་པོ་ཞིག་ཏུ། ཞི་ཅིན་ཕིན་ལ་སྔོན་ཆད་ནས་འབྲེལ་བ་ཡོད་པའི་ཀྲའི་ཅང་དཔོན་རིགས་དེ་དག་ཉེ་བའི་ལོ་གཉིས་རིང་ལ་གཅིག་རྗེས་གཉིས་མཐུད་དུ་གོ་གནས་འཕར་ཡོད་པ་མ་ཟད། རྒྱ་ནག་གི་གོ་གནས་གལ་ཆེན་དག་ལ་བཞུགས་ཡོད་པ་དང་། དམིགས་བསལ་གྱིས་དབུས་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་ཚད་ཆིས་ (Caiqi)དང་། དབུས་དྲིལ་བསྒྲགས་རྒྱུན་ལས་འགན་འཛིན་གཞོན་པ་ཧོང་ཁོན་མིན་ (Huang Kunming)སོགས་མང་པོ་ཞིག་རྒྱ་ནག་དབུས་ཚོགས་འདུ་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་ཁུངས་ཁག་གི་མགོ་གཙོར་བསྐོས་ཡོད་ཅེས་འཁོད་འདུག
ཀྲའི་ཅང་ནས་རྒྱ་ནག་དབུས་ལ་སླེབས་ཡོད་པའི་ཚད་ཆིས་དང་ཧོང་ཁོན་མིན་སོགས་ཞི་ཅིན་ཕིན་དང་འབྲེལ་བ་ཆགས་ཏེ་ལོ་ ༢༠ ལྷག་འགྲོ་བཞིན་ཡོད་པ་མ་ཟད། ཁོ་ཚོ་ཚང་མ་ཧྥི་ཅན་ནས་ཡིན་པ་དང་། ཚང་མ་ཧྥི་ཅན་ནས་འདབས་ལག་རྒྱས་པའི་དཔོན་རིགས་ཡིན་པ་དང་། རྗེས་སུ་ཞི་ཅིན་ཕིན་དང་འགྲོག་ནས་ཀྲའི་ཅང་གི་མཐོ་རིམ་དཔོན་རིགས་ཆགས་ཡོད་ལ། ད་ཆར་མུ་མཐུད་དུ་ཞི་ཅིན་ཕིན་ལ་འགྲོག་ནས་རྒྱ་ནག་དབུས་གཞུང་ལ་བསླེབས་ཡོད་ཚུལ་སོགས་བརྗོད་འདུག
་་་་་་་ དེང་སྐབས་ཁོས་ཅང་ཕྱོགས་ཁག་གི་དཔོན་རིགས་དག་རྩ་མེད་བཟོས་ཏེ། ཁོ་རང་དང་འབྲེལ་བ་ཡོད་པའི་མི་སྣ་མང་པོ་ཞིག་གོ་གནས་སྤར་བཞིན་ཡོད་འདུག ་་་་་་་
ཞེས་དང་།
་་་་་་་་་ ཞི་ཅིན་ཕིན་གྱིས་རང་གི་མཐུན་ཕྱོགས་དཔོན་རིགས་མང་པོ་ཞིག་རྒྱ་ནག་དབུས་གཞུང་ལ་འཐེན་ཏེ། ཁོ་རང་གི་སྟོབས་ཤུགས་རྒྱ་སྐྱེད་དང་གོ་གནས་བརྟན་སྲུང་ལ་འབད་བརྩོན་བྱེད་བཞིན་ཡོད་་་་་་་་་་་
གྱོང་ངོ་མ་གྲང་ཉུང་མི་རིགས་ཁག་ལ་སྤྲོད་རྒྱུ་ཡིན་འགྲོ་