སྐལ་བཟང་རྡོ་རྗེ། (ཨུ་རུ་སུ།)
སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་རྗེས་སུ་བྱུང་བའི་སྙན་གྲགས་ཆེས་ཤོས་ནི། ནང་པའི་ཁྲོད་ནས་༸གོང་ས་ཏཱ་ལའི་བླ་མ་ཡིན། དེ་ཡང་དུས་མཚམས་རེ་རེར་འཛམ་གླིང་དུ་ཆོས་ལུགས་མི་འདྲ་བའི་སྟོན་པ་མང་བོ་བྱོན་ཡོད། དེ་དག་ནི་མདོར་ན་གཙོ་བོ་མིའི་རིགས་ལ་འདོད་དོན་སྒྲུབ་པར་བྱོན་པ་ཡིན་ལ། ཆོས་ལུགས་ཀྱི་གཞི་རྩའི་རེ་བའང་མིའི་རིགས་ལ་བདེ་སྐྱིད་དང་ཞི་བདེ། འཆམ་མཐུན། བརྩེ་བ་བསྐྲུན་རྒྱུ་བཅས་ཡིན། དུས་རབས་ཉེར་གཅིག་པར་༸གོང་ས་ཏཱ་ལའི་བླ་མའང་དེ་མཚུངས་ཡིན་པ་མ་ཟད། ཆོས་ལུགས་དང་མ་འདྲེས་པའི་མི་ཚེའི་ཀུན་སྤྱོད་ཀྱི་བསླབ་བྱ་ནི་ཁོང་གཅིག་པུའི་ཁྱད་ཆོས་སུ་གྱུར་ཡོད་པས། ཁོང་ལ་སྟོན་པ་ཏཱ་ལའི་བླ་མའམ་དུས་རབས་ཉེར་གཅིག་པའི་སྟོན་པ་ཞེས་མཚན་འབུལ་དགོས།
སྟོན་པའི་མཚན་སྙན་བཞེས་པའི་ཆ་རྐྱེན་མངའ་བ།
༡༽ འགྲོ་བ་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་དེ་ཞེ་སྡང་ཅན་ཞིག་མིན་པར་བརྩེ་བ་དང་བྱམས་པའི་རང་བཞིན་དུ་ངོས་འཛིན་གནང་ཞིང་། དེ་ཉིད་གོང་སྤེལ་གཏོང་ཆེད་མཆོག་ཏུ་དགེ་བའི་རྣམ་དཔྱོད་ཀྱིས་ཆོས་དང་མ་འདྲེས་པའི་བཟང་སྤྱོད་ཅེས་པའི་ཐབས་ལམ་གསར་བཏོད་གནང་ཡོད།
༢༽ ཆོས་ལུགས་ནི་བདེན་པ་ལ་གཞི་བཅོལ་དགོས་པའི་དགོངས་པ་གསལ་སྟོན་གྱི་ཆེད་དུ་བདེན་པ་འཚོལ་བའི་ཚན་རིག་དང་ཆོས་ལུགས་ཟུང་དུ་སྦྲེལ་གནང་མཛད།
༣༽ སྙན་གྲགས་ཅན་གྱི་ཞི་བདེ་གཟེངས་རྟགས་བཞེས་པ་རྣམས་ལས་ཀྱང་སྙན་གྲགས་ཆེ་གྲས་ཀྱི་ཞི་བདེའི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད།
༤༽ བོད་རྒྱའི་དཀའ་གནད་དེ་ཞི་བདེའི་ལམ་ནས་སེལ་ཐབས་སུ་འབད་བརྩོན་ཞུམ་མེད་གནང་བས་འཛམ་གླིང་ཡོངས་ལ་ཞི་བདེའི་མིག་དཔེ་བླ་ན་མེད་པ་བཞག་གནང་མཛད་ཡོད།
དམིགས་ཡུལ་དངོས།
༸གོང་ས་མཆོག་ལ་སྟོན་པའི་མཚན་འབུལ་དོན་ནི་ཁོང་གི་དམ་པའི་མཛད་རྗེས་ལ་གུས་བཀུར་ཡི་རང་བྱེད་མཁན་རྣམས་ཀྱིས། ཞི་བདེ་དང་བརྩེ་བ། རྒྱལ་ཁབ་དང་མི་རིགས་འཆམ་མཐུན་སོགས་༸ཁོང་གི་རླབས་ཆེ་བའི་དགོངས་གཞི་རྒྱུན་བསྐྱངས་ཏེ། མ་འོངས་པའི་མི་རིགས་འཆམ་མཐུན་དང་། བྱམས་སྙིང་རྗེ། དངོས་པོ་ཡར་རྒྱས་ཀྱི་སྐབས་སུ་སེམས་ལ་ཞི་བདེ་བསྐྲུན་རྒྱུ་དང་། ཕན་ཚུན་གཅིག་མཚུངས་ངང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལམ་སྲོལ་འདི་ཆོས་ ལུགས་ཀྱི་བཀག་རྒྱ་ལས་གྲོལ་ཏེ། ཕྱོགས་རིས་གང་ཡང་མེད་པར་ཆོས་ལུགས་ཁས་ལེན་མིན་ཚང་མར་བྱམས་བརྩེའི་ལམ སྲོལ་གྱིས་ཁྱབ་པར་བྱ་རྒྱུ་དེ་ལགས།
གསལ་བཤད། གོང་གསལ་རྩོམ་ཡིག་འདི་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གཉིས་ལ་སྙན་ཞུའི་ངོ་བོར་ཕུལ་ཟིན་པ་ཞིག་ཡིན། ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་ལ།
་་་་་་་་་་ དུས་རབས་ཉེར་གཅིག་པར་༸གོང་ས་ཏཱ་ལའི་བླ་མའང་དེ་མཚུངས་ཡིན་པ་མ་ཟད། ཆོས་ལུགས་དང་མ་འདྲེས་པའི་མི་ཚེའི་ཀུན་སྤྱོད་ཀྱི་བསླབ་བྱ་ནི་ཁོང་གཅིག་པུའི་ཁྱད་ཆོས་སུ་གྱུར་ཡོད་པས། ཁོང་ལ་སྟོན་པ་ཏཱ་ལའི་བླ་མའམ་དུས་རབས་ཉེར་གཅིག་པའི་སྟོན་པ་ཞེས་མཚན་འབུལ་དགོས། ་་་་་་་་་