རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྤྱི་དམངས་ཁེ་དབང་རྩོད་ལེན་པ་ཀྲང་ལི་མུ་རྒྱ་ནག་ལྷོ་རྒྱུད་ཀོང་ཏུང་ཞིང་ཆེན་གྱི་བཀག་བསྐྱིལ་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག
དེ་རིང་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༤ ཉིན་ཀོང་ཏུང་ཞིན་ཆེན་བཀག་བསྐྱིལ་ལྟེ་གནས་ནས་ཁ་པར་བརྒྱུད་ཀྲང་ལི་མུའི་ནང་མིར་ཀྲང་ལི་མུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བཤད་ཡོད་པ་དང་། ཉིན་དེར་ཁོང་གི་ནང་མི་དང་ཁྲིམས་རྩོད་པ། དེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ལྟ་རུ་ཕྱིན་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་ཚོ་ཀྲང་ལི་མོའི་ཕུང་བོར་ལྟ་རུ་བཅུག་མེད་པ་མ་ཟད། འདས་རྐྱེན་གང་ཡིན་ཡང་གསལ་བཤད་བྱས་མི་འདུག
ཀྲང་ལི་མུའི་སྲིང་མོ་ཀྲང་ཝེ་ཁྲུའུ་ཡིས་གསར་འགོད་པར། བཀག་བསྐྱིལ་ཁང་གི་ཉེན་རྟོག་པས་ང་ཚོར་ཕུ་བོ་གྲོངས་སོང་ཞེས་བཤད་པ་ཙམ་ལས། ཁོ་ཇི་ལྟར་གྲོངས་པ་དང་། བཙོན་ཁང་དང་སྨན་ཁང་གང་དུ་གྲོངས་པ་གསལ་བཤད་བྱས་མ་སོང་ལ། ང་ཚོ་བཀག་བསྐྱིལ་ཁང་དུ་ཐོན་མ་ཐག་ཉེན་རྟོག་པས་ང་ཚོ་ཁང་མིག་ཅིག་ཏུ་ཁྲིད་དེ་ཉེན་རྟོག་ཁང་གི་ཡིག་ཆ་འགའ་བསྟན་ཏེ། ཀྲང་ལི་མུས་དམར་ཤོག་ཚོགས་པར་རྒྱབ་འགལ་བྱས་པ་རེད་ཟེར་བ་ཙམ་ལས། དོན་དམ་པའི་ངའི་ཕུ་བོས་ནག་ཉེས་ཅི་ཞིག་བསགས་པ་དང་ཁོ་ཇི་ལྟར་གྲོངས་པའི་སྐོར་གསལ་བཤད་བྱས་མ་སོང་། ང་ཚོ་སྤྱི་དམངས་ཕལ་བ་ཞིག་གིས་དམར་ཤོག་ཚོགས་པར་རྒྱབ་འགལ་བྱེད་ཕོད་དམ། དེ་རྫུན་གཏམ་ཁོ་ན་རེད། ང་ལ་ཞེད་སྣང་དང་སྐྱོ་སྣང་ཆེན་པོ་སྐྱེས་སོང་། རྒྱུ་མཚན་ངའི་ཕུ་བོ་དོན་མེད་ལ་འཛིན་བཟུང་བྱས་ཏེ་ལས་ཀ་ཤོར་བ་དང་། མཐའ་གཞུག་བཙོན་ཁང་དུ་གྲོངས་པ་རེད། ཆག་སྒོ་འདི་ངའི་ཕུ་བོ་ཙམ་མ་ཟད་ནང་མི་ཡོངས་ཀྱི་སྐྱོ་སྡུག་ཅིག་རེད། ཅེས་སོགས་བརྗོད་འདུག
འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཆེ་བྷོ་ཟེར་བ་ཞིག་གིས་གསར་འགོད་པར། མི་ཞིག་ལ་རང་གི་བསམ་ཚུལ་བརྗོད་པའི་ཐོབ་ཐང་ཙམ་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་པ་ནི་ཆེས་ཡིད་སྐྱོ་བ་ཞིག་རེད་ལ། སྤྱི་བཏང་གི་བསམ་ཚུལ་ཞིག་བཏོན་པ་ཙམ་གྱིས་སྤྱི་མང་ནང་དཀྲོག་རྐྱེན་དང་དཀའ་རྙོག་བཟོས་སོང་ཞེས་ཁྲིམས་ལུགས་གླེང་ཡོང་བ་དེ། ངས་བསམ་ན་སྤྱི་མང་གི་ཁེ་དབང་འཕྲོག་བྱེད་ཀྱི་མཐུན་འགྱུར་འབའ་ཞིག་རེད། ཅེས་བརྗོད་འདུག
འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་དུ་ཀྲང་ལི་མུ་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་ཅིང་། ཁོའི་ནང་མི་ཚོས་ཀྲང་ལི་མུས་ཀོང་ཏུང་ཞིང་ཆེན་དུ་སྤྱི་དམངས་ཁེ་དབང་དང་འབྲེལ་བའི་དུས་དེབ་ཅིག་འགྲེམ་སྤེལ་བྱས་པའི་རྐྱེན་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། རྒྱ་གཞུང་གིས་ཁོས་ཉེས་དོན་གང་བསགས་ཡོད་མེད་གསལ་བཤད་བྱས་མེད་པར་རྒྱུ་ནོར་ཡོད་ཚད་གཞུང་བཞེས་བཏང་ཡོད་འདུག
ཀྲང་ལི་མུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་ཐོན་མ་ཐག ཁོའི་ནང་མི་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་རྩོམ་པ་པོ་སོགས་རྒྱ་རིགས་བརྒྱ་ཕྲག་མང་པོས་ཁོའི་འདས་རྐྱེན་ལ་གསལ་བཤད་དགོས་པའི་རྒྱབ་སྐྱོར་གྱི་ས་ཡིག་བསྡུ་རུབ་བྱས་ཏེ། རྒྱ་ནག་གཞུང་གིས་ཀྲང་ལི་མུའི་འདས་རྐྱེན་གསལ་བཤད་མ་བྱས་བར་དུ་ཁོའི་ཕུང་པོ་མེར་བསྲེགས་བཏང་མི་ཆོག་ཅེས་བརྗོད་དེ། ཀྲང་ལི་མུའི་ཕུང་པོ་ད་དུང་ཕུང་པོ་སྲེག་སར་ལྷག་ཡོད་འདུག
རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་སྙན་ཐོ་ལྟར་ན། ཞི་ཅིན་ཕིན་གྱི་སྲིད་ཇུས་དམ་དྲག་འོག་རྒྱ་ནག་གི་གྲོང་དང་གྲོང་ཁྱེར་ ༢༤ ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ ༡༤༦ ཙམ་འཛིན་བཟུང་བྱས་ཡོད་པའི་གྲས་ཀྱི་མི་ ༢༢ ལྷག་བཀག་བསྐྱིལ་ཁང་ནང་གློ་བུར་འདས་གྲོངས་འགྲོ་བཞིན་ཡོད་འདུག་ལ། འདས་ལོའི་ཕྱི་ཟླ་ ༣ ནང་པེ་ཅིན་གྲོང་ཁྱེར་གྱི་ཁེ་དབང་རྩོད་ལེན་པ་ལྕམ་ཚོ་ཧྲན་ལེ་གྲོངས་པ་དང་། འདི་ལོའི་ཕྱི་ཟླ་ ༦ ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གྲོངས་ཡོད།
རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པ་ཞིག་གིས། རྒྱ་ནག་གི་བཀག་བསྐྱིལ་ཁང་ཁག་ནང་དོགས་ཡོད་མི་སྣ་དང་ཁོ་ཚོའི་ནང་མི། རང་དབང་ཁྲིམས་རྩོད་པ་དང་སྨན་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁེ་དབང་རྩོད་ལེན་པ། ལྷག་པར་དུ་ཆབ་སྲིད་བཙོན་སོགས་ལ་མནར་གཅོད་སྐྱི་གཡའ་བ་གཏོང་གི་ཡོད་པའི་དངོས་གློག་བརྙན་ཞིག་ཀྱང་སྒྲིག་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།