རྒྱ་ནག་གི་བཙོན་འོག་ནས་ཐར་ཏེ་ད་ལྟ་ཨ་རིར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁྲིན་ཀང་ཁྲུན་ལགས་ཉེ་ལམ་དབྱིན་ཡུལ་དུ་སྐྱོད་པ་དང་བསྟུན་ཏེ། ཧོང་ཀོང་རང་དབང་གསར་ཁང་གིས་བཅར་འདྲི་ཞུས་ཡོད་པ་འདི་གའི་གསར་འགོད་པས་བོད་བསྒྱུར་ཞུས།
ཧོང་ཀོང་རང་དབང་གསར་ཁང་། ཁྱེད་རང་གི་བྱ་བ་མདོར་བསྡུས་ཤིག་ངོ་སྤྲོད་གནང་ན་འགྲིག་གམ། དེང་སྐབས་ཁྱེད་ཀྱིས་ཨ་རིའི་རྒྱལ་ནང་དུ་བྱ་བ་ག་རེ་བྱེད་ཀྱིན་ཡོད།
ཁྲིན་ཀང་ཁྲུན། ངས་ཨ་རིའི་ཡེ་ཤུའི་སློབ་ཆེན་དང་། རང་དབང་ཞིབ་འཇུག་ལྟེ་གནས་ཁང་དང་མཉམ་འབྲེལ་ཐོག་རྒྱ་ནག་ནང་གི་རང་དབང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། སྤྱི་ཚོགས་བརྒྱུད་ལམ་ཁག་སྟངས་འཛིན་བྱེད་བཞིན་པའི་གནས་སྟངས་ལ་ཞིབ་འཇུག་བྱེད་བཞིན་ཡོད། ངས་ད་དུང་ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་སྐོར་ལའང་ཞིབ་འཇུག་བྱེད་མུས་ཡིན།
ཧོང་ཀོང་རང་དབང་གསར་ཁང་། ཁྱེད་རང་དབྱིན་ཡུལ་དུ་ཡོང་ནས་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ནང་ཞུགས་དོན་ཅི་ཡིན། ཁྱེད་ཀྱིས་དབྱིན་ཇིའི་གྲོས་ཚོགས་དང་གཙུག་ལག་སློབ་ཆེན་ཁག་ཏུ་གཏམ་བཤད་སྤེལ་བ་ཡིན་ནམ།
ཁྲིན་ཀང་ཁྲུན། རེད་རེད། ང་ད་ཐེངས་འདིར་ཡོང་དོན་གཙོ་བོ་ཧོང་ཀོང་གི་རང་དབང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གཙོས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དམ་དྲག་འོག་གི་རང་དབང་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་ཚོར་རྒྱབ་སྐྱོར་བྱེད་དུ་ཡོང་བ་ཡིན། མི་མང་གིས་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་ལ་དོ་སྣང་བྱེད་དགོས་ཀྱི་འདུག་ལ། རྒྱ་ནང་གི་ཚོང་ལས་ལས་ཀྱང་ང་ཚོས་རྒྱ་ནང་གི་མཁའ་དབུགས་འདྲ་བའི་འགྲོ་བ་མིའི་ཐོབ་ཐང་ལ་གཙོ་བོར་འགན་སྲུང་བྱེད་དགོས་ཀྱི་འདུག
དབྱིན་ཡུལ་གྱི་གཙུག་ལག་སློབ་ཆེན་ཁག་ཏུ་གཏམ་བཤད་སྤེལ་རྒྱུ་མ་བྱུང་མོད། ང་ཚོ་དབྱིན་ཇིའི་གྲོས་ཚོགས་ཁང་དུ་ཕྱིན་ཏེ་ཚོགས་པ་ཁག་གི་ཚོགས་གཙོ་གཞོན་དང་། སྐུ་ཚབ་རྣམ་པ་དང་ལྷན་དུ་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་སྐོར་ལ་གྲོས་མོལ་བྱས་པ་ཡིན།
ཧོང་ཀོང་རང་དབང་གསར་ཁང་། འདས་པའི་ལོ་ངོ་གསུམ་གྱི་སྔོན་ལ་ཁྱེད་རང་ཕྱི་རྒྱལ་དུ་ཕྱིན་པའི་རྗེས་སུ་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགྱུར་བ་བྱུང་འདུག་གམ།
ཁྲིན་ཀང་ཁྲུན། ད་ལྟའི་བར་དུ་ངས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་འཕོ་འགྱུར་ཆེན་པོ་ཞིག་བྱུང་འདུག་བསམ་གྱི་འདུག དེང་སྐབས་དྲག་གནོན་གྱི་གནས་སྟངས་ཁྱབ་ཆེ་རུ་ཕྱིན་ཏེ། ཁོ་ཚོས་མངོན་གསལ་དོད་པོར་ཁྲིམས་མེད་ལུགས་ལྡོག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད་སྟབས། ངས་བསམ་ན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནས་སྟངས་སྐྱོ་རུ་འགྲོ་བཞིན་འདུག ཀྲུའུ་ཡོང་ཁཱང་འཛིན་བཟུང་བྱས་ཡོད་ནའང་། དམར་ཤོག་ཚོགས་པ་ད་དུང་ཡང་ཀྲུའུ་ཡོང་ཁཱང་གི་དགོངས་དོན་དང་ཀྲུའུ་ཡོང་ཁཱང་གི་ལམ་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད། ཕྱི་ཕྱོགས་སུ་འདི་ལོའི་ཕྱི་ཟླ་བདུན་པ་ནས་ད་ལྟའི་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ། ཁོ་ཚོའི་ནང་མི་སོགས་མི་ ༣༠༠ ལྷག་དམར་ཤོག་ཚོགས་པའི་དྲག་གནོན་སྲིད་ཇུས་ཀྱི་དམིགས་འབེན་དུ་བཟུང་ཡོད་པ་རེད། ང་རང་གི་ཤེས་གསལ་ལྟར་ན། ལིན་ཡས་གྲོང་ཁྱེར་གཅིག་པུའི་ནང་མི་ ༢༧ འཛིན་བཟུང་བྱས་ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་ནང་མི་ ༢༠༠ འཛིན་བཟུང་བྱས་ཡོད་པ་མ་ཟད། ཐེངས་འདིའི་དྲག་གནོན་སྲིད་ཇུས་ཀྱི་སྡུག་སྦྱོང་མནར་གཅོད་འོག་ཚུད་པའི་མི་ ༢༠༠༠ ལྷག་ཟིན་གྱི་འདུག
ཧོང་ཀོང་རང་དབང་གསར་ཁང་། ཧྲན་ཏུང་ཞིང་ཆེན་ནང་འཛིན་བཟུང་བྱས་ཡོད་པ་དེ་ཚོ་ཁྲིམས་རྩོད་པ་རེད་དམ།
ཁྲིན་ཀང་ཁྲུན། ཁོ་ཚོའི་གྲས་ཀྱི་མི་ཁ་ཤས་ཤིག་ཞུ་གཏུག་པ་དང་འགའ་ཤས་ཤིག་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། རེ་འགའ་ཞིག་ཞིང་འབྲོག་གཞི་རིམ་མང་ཚོགས་ཀྱི་དང་བླངས་ཁྲིམས་རྩོད་པ་རེད། ཁོ་ཚོ་འཛིན་བཟུང་བྱས་པའི་གནས་སྟངས་ལ་གཞིག་ན། གལ་ཏེ་ཁྱེད་ཀྱིས་རྒྱ་ནག་སྐམ་ས་ཆེན་མོའི་ནང་རང་གི་དགོས་འདུན་དང་དྲང་བདེན་གྱི་སྐད་ཆ་ཞིག་བཤད་པ་ཡིན་ན། ཁྱེད་རང་ལ་དྲག་གནོན་བྱ་ངེས་རེད།
ཧོང་ཀོང་རང་དབང་གསར་ཁང་། ཐེངས་འདིའི་དྲག་གནོན་སྲིད་ཇུས་འོག ཧྲན་ཏུང་ཞིང་ཆེན་ནང་ཡོད་པའི་ཁྱེད་རང་གི་ནང་མི་ཚོར་གནོད་རྐྱེན་འདྲ་ཐེབས་སོང་ངམ།
ཁྲིན་ཀང་ཁྲུན། དེང་སྐབས་ངའི་ནང་མི་ཚོར་སྐྱོན་འདུག ཁོ་ཚོར་ད་དུང་བརྡབ་གསིག་གཏོང་གི་ཡོད་ནའང་། གནས་སྟངས་ཚབས་ཆེན་དེ་འདྲ་མ་རེད། ངའི་ཚ་བོ་ཁྲིན་ཁི་ཀེའུ་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཀློད་གྲོལ་བཏང་བ་རེད། ཁོ་རང་འདས་པའི་མི་ལོ་གསུམ་རིང་བཙོན་ནས་བསྡད་པ་རེད། ཉིན་གཅིག་ཀྱང་ཇེ་ཉུང་དུ་བཏང་ཡོད་པ་མ་རེད། བཙོན་ཁང་ནང་ཁོས་རང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཡོད་མེད་རྟོགས་ཐུབ་མི་འདུག འདི་ནི་ངའི་མགོ་ལ་ཡོང་བའི་སྡུག་བསྔལ་དང་གཅིག་པ་རེད། མ་ཟད་ཐོག་མར་སྒྲིག་ཆས་གྱོན་པའི་ཉེན་རྟོག་པ་ཚོས་ནམ་རྒྱུན་ངའི་ཚ་བོར་ལྟ་རྟོག་བྱས་འདུག
ཧོང་ཀོང་རང་དབང་གསར་ཁང་། ཉེ་ལམ་རྒྱ་ནང་གི་དབྱིན་ཇིའི་གཞུང་ཚབ་ལུའུ་ཞོ་མིན་ནས་སྲིད་འཛིན་ཞི་ཅིན་ཕིན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རང་དགར་བསྐྱུར་རྒྱུ་མིན་ཚུལ་དང་། དབྱིན་ཇིའི་གཞུང་གིས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱ་བར་འདོད་མོས་མེད་ལུགས་སོགས་བརྗོད་འདུག རྒྱ་ནག་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་རིན་ཐང་གཞན་ཞིག་དང་སྒྲིག་སྲོལ་གཞན་ཞིག་ཡོད་པ་དང་། དེ་ནུབ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་ཐ་དད་ཡིན་ཞིང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དེ་རྒྱ་ནག་ནང་གི་ཐུན་མོང་མ་ཡིན་པའི་གནས་བབ་ལ་གཞིར་བཞག་པ་ཞིག་ཡིན་ལུགས་ནན་བཤད་བྱེད་ཀྱི་འདུག ཁྱེད་ལ་དེའི་ཐད་དགོངས་ཚུལ་ག་རེ་ཡོད།
ཁྲིན་ཀང་ཁྲུན། ངས་བསམ་ན་སྐད་ཆ་འདི་གོ་རྒྱུ་ཅི་ཡང་མེད་པའི་གཞུང་ལུགས་ཤིག་རེད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ནུབ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁ་ཁ་ཡིན་ནམ། ནུབ་གླིང་ཟེར་དུས་གང་ཞིག་སྟོན་གྱི་ཡོད་པ་རེད། ཨ་རི་དང་དབྱིན་གཉིས་ལོགས་ཀ་རེད། དབྱིན་ཇིའི་ནུབ་ཁུལ་དང་ལྷོ་ཁུལ་ཡང་ལོགས་ཀ་རེད། དེ་བཞིན། ཨ་རིའི་དབུས་ཁུལ་དང་ཤར་ཁུལ་ནུབ་ཁུལ་སོགས་ལོགས་ཀ་རེད། ས་ཁུལ་སོ་སོ་ལོགས་ཀ་རེད། ཁ་གཡོར་ས་འདི་ལ་གོ་རྒྱུ་ཅི་ཡང་མི་འདུག རྒྱ་ནག་གཅིག་པུ་ནུབ་གླིང་དང་ཁ་ཁ་ཡིན་པ་ཙམ་མ་ཟད། རྒྱ་ནག་གི་ས་ཁུལ་ཁག་ཚང་མ་ཁ་ཁ་སོ་སོ་ཡིན་སྟབས། ཅིའི་ཕྱིར་རྒྱ་ནག་རྒྱལ་ཡོངས་ཧྲིལ་བོར་རྒྱུ་མཚན་གནས་ལུགས་མེད་པའི་སྒྲིག་སྲོལ་གཅིག་ལག་བསྟར་བྱེད་ཀྱི་ཡོད་དམ། དེ་བས་ངས་བལྟས་ན་སྐད་ཆ་འདི་ཁ་གཡོར་ས་ཁོ་ན་རེད།
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས། གལ་ཏེ་དམར་ཤོག་ཚོགས་པས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རང་དགར་བསྐྱུར་རྒྱུ་མིན་ཟེར་ན། ཁོ་ཚོ་ཕྱི་ལོགས་སུ་ཡོང་ནས་ང་ཚོ་མཉམ་དུ་བགྲོ་གླེང་བྱེད་དགོས་པ་ལོས་ཡིན། དེས་ན་ཕྱི་གསལ་ནང་གསལ་གྱི་སྒོ་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལེགས་པོ་ཡོད་ལུགས་ང་ཚོར་ཤོད་དང་། དེས་ན་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་ལ་གཡོལ་དོན་ཅི་ཡིན། ཉེ་ལམ་ཨ་རིའི་གཞུང་གིས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་ཕྱི་བསྒྲགས་སྐབས་སུ། རྒྱ་ནག་གི་གཞུང་ཚབ་པ་ཚི་ཐིན་ཁེ་ཡིས་སྙན་ཐོ་དེའི་ནང་བཏོན་པའི་གནས་ཚུལ་ཚང་མ་དོན་དངོས་མིན་ལུགས་བཤད་འདུག
ཕྱིས་སུ་གནས་ཚུལ་དེ་བདེན་དཔང་ར་སྤྲོད་ཆེད་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཚོགས་མི་སི་མེ་ཐི་ལགས་ཀྱིས་ཚི་ཐིན་ཁེ་གྲོས་ཚོགས་འོག་མའི་ནང་མགྲོན་འབོད་བྱས་ཏེ་ང་ཚོར་སྙན་ཐོ་དེའི་ནང་ནོར་འཁྲུལ་ག་རེ་ཡོད་མེད་གསལ་བཤད་བྱས་པ་རེད། སྐབས་དེར་ཚི་ཐིན་ཁེ་ཅིའི་ཕྱིར་མ་ཡོང་བ་ཡིན་ནམ། རྒྱ་ནག་གཞུང་གིས་དངོས་གནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྣང་མེད་ལ་འཇོག་གི་མེད་ན། གནས་སྟངས་འདི་ག་རེ་ཡིན་ནམ། དེ་བས་ངས་བསམ་ན་ཁ་གཡོར་ས་འདི་ནི་ངོ་ཚ་མེད་པའི་བྱ་སྤྱོད་ཅིག་རེད། རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་གཞུང་ལ་ངའི་ནང་མིར་སྡུག་སྦྱོང་གཏོང་མཁན་ཚོར་ལྟ་ཞིབ་བྱ་རྒྱུ་ཁས་ལེན་བྱས་ཀྱང་། ཁག་ཐག་འདི་དུས་ད་ལྟ་ད་དུང་ཡང་སྟོང་བཤད་ཙམ་དུ་ལྷག་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་དངོས་གནས་དྲང་གནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྒྱ་ཡན་དུ་གཏོང་གི་མེད་ན། གནས་སྟངས་འདི་ག་རེ་ཡིན་ནམ། ཁོ་ཚོས་དོན་དངོས་ལ་རྟོགས་ཞིབ་མི་ཐུབ་དོན་ཅི་རེད། འདི་ནི་མི་མང་དཀྱུས་མ་ཚོས “ཉན་རྒྱུ་མེད་པའི་གཞུང་ཕྱོགས་ཀྱི་སྐད་ཆ” ཟེར་བ་དེ་རང་རེད། འདི་ནི་གོ་རྒྱུ་མེད་པའི་གཞུང་ལུགས་ཤིག་དང་དོན་དངོས་ལ་སྡང་བའི་སྐད་ཆ་རེད།
ཧོང་ཀོང་རང་དབང་གསར་ཁང་། ཁྱེད་ཀྱིས་བལྟས་ན་དབྱིན་ཇིའི་གཞུང་གིས་ཞི་ཅིན་ཕིན་དང་ལྷན་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱས་ཡོད་པ་རེད་བསམ་གྱི་ཡོད་དམ།
ཁྲིན་ཀང་ཁྲུན། སྒེར་ངོས་ནས་གླེང་སློང་བྱས་ཡོད་སྲིད་པ་རེད། འོན་ཀྱང་སྒེར་ངོས་ཀྱི་སྐད་ཆ་འདིའི་རིགས་ཀྱིས་ཕན་ནུས་ཅི་ཡང་འཐོན་པ་མ་རེད། རྒྱུ་མཚན། ཁོ་ཚོས་དམར་ཤོག་ཚོགས་པའི་ངོ་སོ་ཨང་དང་པོར་བཟུང་ཡོད་པ་རེད། གནད་དོན་མདུན་དུ་བཞག་སྟེ་སྒོའི་རྒྱབ་ལོགས་ནས་སྐད་ཆ་བཤད་དོན་ག་རེ་ཡིན་ནམ། དེ་འདྲ་མ་རེད་དམ། སྒོའི་རྒྱབ་ལོགས་ནས་ཁོ་ཚོས་སྐད་ཆ་ཇི་ལྟར་བཤད་ཀྱང་། དེ་དབྱིན་ཇིའི་མི་མང་གིས་ཇི་ལྟར་གོ་འམ། དེ་བས་ངས་བསམ་ན་གླེང་སློང་འདིའི་རིགས་ཀྱིས་ཕན་ནུས་ཅི་ཡང་འཐོན་པ་མ་རེད་བསམ་གྱི་འདུག སྤྱི་མང་གི་དྲང་བདེན་དང་འབྲེལ་བའི་དཀའ་རྙོག་འདི་ནམ་ཡང་གཡོལ་ཐབས་མེད་སྟབས། ཁོ་ཚོས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་དེ་ལ་གྲོས་བསྡུར་བྱེད་དགོས་པ་རེད།
ཧོང་ཀོང་རང་དབང་གསར་ཁང་། ཁྱེད་ཀྱིས་ནམ་རྒྱུན་ནུབ་གླིང་གི་སྤྱི་ཚོགས་དྲ་ལམ་ཁག་ (Twitter and Facebook) ཏུ་གཏམ་གླེང་མང་པོ་བྱེད་བཞིན་འདུག་ཀྱང་། དྲ་ལམ་སྟངས་འཛིན་བྱས་པའི་རྐྱེན་གྱིས། རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ཕལ་ཆེ་བས་ཁྱེད་རང་གི་གནས་ཚུལ་གོ་ཡི་ཡོད་པ་མ་རེད། མ་ཟད་རྒྱ་མི་མང་པོ་ཞིག་གིས་ཧ་ལམ་ཁྱེད་རང་སུ་ཡིན་པའང་ཧ་གོ་ཡི་མེད་པ་འདྲ། ཁྱེད་ཀྱིས་རྒྱ་ནང་གི་རྒྱ་ཆེའི་མི་མང་ལ་གཏམ་གླེང་ཇི་ལྟར་བྱེད་ཀྱི་ཡོད་དམ།
ཁྲིན་ཀང་ཁྲུན། ངས་བལྟས་ན་གནས་སྟངས་དེའི་ཚད་དུ་ལྷུང་མེད་པ་འདྲ། ངས་བསམ་ན་རྒྱ་ནག་ནང་གི་མི་མང་གིས་ཀྱང་ཤེས་ཀྱི་ཡོད་པ་རེད་འདོད། གཅིག་བྱས་ན་ཁོ་ཚོས་སྐབས་རེར་ཤེས་ཀྱི་ཡོད་ནའང་། ང་ཚོས་ཤེས་ཀྱི་ཡོད་ཅེས་བཤད་དགོས་དོན་མེད་ཀྱང་སྲིད་པ་རེད། ང་རང་གིས་ཤེས་རྟོགས་ལྟར་ན། རྒྱ་ནག་སྐམ་ས་ཆེན་མོའི་མི་མང་པོས་སྤྱི་ཚོགས་བརྒྱུད་ལམ་ཁག་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་། ནུབ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ལའང་ལྟ་ཀློག་བྱེད་ཀྱིན་ཡོད་པ་རེད། སྤྱིར་བཏང་རང་དབང་དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་ཡིན་ནའང་། སྤྱི་ཚོགས་དེའི་མི་མང་བྱིངས་ཀྱིས་དྲང་བདེན་དང་འབྲེལ་བའི་དཀའ་རྙོག་ལ་དོ་སྣང་བྱ་བའི་ངེས་པ་ཡོད་པ་མ་རེད་བསམ་གྱི་འདུག
རྒྱལ་ཁབ་ཅིག་གི་མི་འབོར་བརྒྱ་ཆ་བརྒྱ་ཡིས་དུས་གཅིག་ཏུ་དཀའ་རྙོག་གཅིག་གི་སྟེང་དོ་སྣང་བྱེད་སྲིད་པ་མ་རེད། དེ་བས་ངས་བསམ་ན་རྒྱ་ནག་གི་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ཏེ། མི་མང་གིས་དྲང་བདེན་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད་འདོད། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཞིག་ནང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ནང་སྲ་བརྟན་བཟོ་བ་ལས། ལོ་རེ་ནས་ལོ་རེ་བཞིན་མི་མང་གི་མིག་དང་རྣ་ཁ་གཅོད་ཐབས་དང་། དངོས་འབྲེལ་གནས་ཚུལ་གསང་ཐབས། སྤྱི་ཚོགས་ལ་སྟངས་འཛིན་བྱེད་ཐབས་སོགས་ལ་དྲག་ཆས་དམག་དཔུང་རྩ་འཛུགས་ཐད་འགྲོ་གྲོན་མང་པོ་གཏོང་གི་ཡོད་པ་རེད། ང་ཚོས་མཐོང་གསལ་ལྟར། འདས་པའི་མི་ལོ་བཅུའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་སྤྱི་ཚོགས་བརྒྱུད་ལམ་ཁག་བཀག་སྡོམ་དང་དངོས་ཡོད་གནས་ཚུལ་གསང་རྒྱ་ཇི་ལྟར་བྱས་ཀྱང་། ཕྱིའི་རྒྱལ་ཁབ་ཁག་གིས་གནས་ཚུལ་དེ་ཤེས་ཡོད་པ་རེད། དེར་བརྟེན། རྒྱ་ནག་དམར་ཤོག་ཚོགས་པས་དྲང་ཕྱོགས་སུ་གོམ་པ་གང་སྤོས་པ་དང་ལྡོག་ཕྱོགས་སུ་གོམ་པ་བཅུ་སྤོས་ཡོད་པ་རེད། དེང་སྐབས་རྒྱ་ནག་ནང་གི་མི་མང་པོ་ཞིག་གིས་ཕྱི་ཕྱོགས་ཀྱི་དངོས་ཡོད་གནས་ཚུལ་ལ་ལྟ་ཀློག་བྱེད་རྒྱུ་ཁག་པོ་ཡོད་པ་བདེན་པ་རེད། ཡིན་ནའང་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ལ་ལྟ་ཀློག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ང་ཚོས་མཐོང་གསལ་རེད།
ཧོང་ཀོ་རང་དབང་གསར་ཁང་། ཡིན་ཡང་རྒྱ་ནག་ནང་གི་མི་མང་པོ་ཞིག་གིས་རྒྱ་ནག་སྲིད་གཞུང་ངམ་དམར་ཤོག་ཚོགས་པ་མགོ་རྟིང་སློག་རྒྱུའི་བསམ་བློ་དེ་དྲང་བདེན་ཞིག་མིན་པ་དང་ཧ་ཅང་ཐལ་ཆེ་བར་བསམ་གྱི་འདུག མི་མང་གི་བསམ་ཕྱོགས་འདིར་ཁྱེད་ལ་བསམ་འཆར་གང་ཡོད།
ཁྲིན་ཀང་ཁྲུན། རྒྱ་ནག་དམར་ཤོག་ཚོགས་པའི་མཆེ་སྡེར་འོག་འཚོ་བའི་མི་མང་པོ་ཞིག་གིས་སོ་སོའི་བསམ་ཚུལ་ངོ་མ་དེ་བཤད་ཐུབ་ཀྱི་ཡོད་པ་མ་རེད། གཅིག་བྱས་ན་ཁོ་ཚོས་སྐབས་རེར་བསམ་ཚུལ་གཞན་པ་ཞིག་བཟུང་སྟེ་སོ་སོའི་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཀྱང་སྲིད་མོད། བསམ་ཚུལ་དེ་ཁོ་ཚོས་སེམས་ནང་དྲན་བཞིན་པའི་བསམ་ཚུལ་ངོ་མ་ཡིན་མི་སྲིད། གཞི་རིམ་མང་ཚོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་རྫུན་གཏམ་ཡོད་ཚད་གསལ་བོར་ཤེས་ཀྱི་ཡོད་པ་མ་ཟད། ཐ་ན་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་སྐྱོན་བརྗོད་ཀྱང་བྱེད་བཞིན་ཡོད་པ་རེད། རྒྱ་ནག་ནང་ཁྱེད་ཀྱིས་དོན་དག་ལ་ལ་ཞིག་བཤད་ཆོག་ཀྱང་སྒྲུབ་མི་ཆོག་པ་དང་། དོན་དག་ལ་ལ་ཞིག་སྒྲུབ་ཆོག་ཀྱང་བཤད་ཆོག་གི་མ་རེད། རྒྱ་ནག་མི་མང་གིས་བསམ་འཆར་གཞན་པ་ཞིག་བཤད་ནས་སོ་སོའི་བདེ་འཇགས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་ངས་གསལ་བོར་ཧ་གོ་ཡི་ཡོད། ཡིན་ཡང་སྤྱིའི་ཆ་ནས་དྲང་གཏམ་བཤད་ཕོད་མཁན་མང་དུ་འགྲོ་བཞིན་འདུག
ཧོང་ཀོང་རང་དབང་གསར་ཁང་། ལོ་ངོ་གསུམ་ལྷག་གི་ཡར་སྔོན་ལ་ཁྱེད་དང་ཁྱེད་རང་གི་ནང་མི་ཚོ་ཨ་རིར་གནས་སྤར་ཏེ་དེང་སྐབས་ཁྱེད་ཀྱིས་རང་དབང་གི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ཁྱེད་ཀྱི་རྗེས་སུ་འབྲང་མཁན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རང་དབང་གི་འཚོ་བ་རོལ་ཐུབ་ཀྱི་ཡོད་པ་མ་རེད། དེ་དང་མཉམ་དུ་ཁྱེད་རང་རྒྱ་ནང་གི་གཉེན་ཉེ་གྲོགས་པོ་ཚོར་ཐུག་འཕྲད་ཀྱི་གོ་སྐབས་ཤོར་བ་རེད། དེས་ན་ཁྱེད་ཀྱིས་རང་ཉིད་ལ་ལམ་འགྲོ་རྒྱུག་འདུག་བསམ་གྱི་ཡོད་དམ། ཡང་ན་ལམ་འགྲོ་རྒྱུག་མི་འདུག་བསམ་གྱི་ཡོད།
ཁྲིན་ཀང་ཁྲུན། སྤྱིའི་ཆ་ནས་ང་ལ་ལམ་འགྲོ་རྒྱུག་འདུག་སྟེ། རྒྱ་ནག་ནང་གི་རང་དབང་དམངས་གཙོ་དོན་གཉེར་བ་ཚོ་ཧྲན་ལེ་དང་ལེ་ཝན་ཡན་ལྟར། ང་རྒྱ་ནག་དམར་ཤོག་ཚོགས་པའི་སྡུག་སྦྱོང་མནར་གཅོད་འོག་ཤི་མ་དགོས་པ་རེད། དེ་བས་ང་ལ་ལམ་འགྲོ་རྒྱུག་འདུག་བསམ་གྱི་ཡོད། ད་ལྟའི་བར་ང་ཚོས་ཆེས་ཡ་ང་བའི་སྡུག་སྦྱོང་མནར་གཅོད་ལ་བཟོད་སྲན་བྱས་པ་རེད། ང་སྔོན་ཆད་རང་ཁྱིམ་དུ་བཀག་བསྐྱིལ་བྱས་པ་དང་། དེ་ནས་མུན་ནག་གི་བཙོན་ཁང་ནང་བཅུག་པ་རེད། དེ་ནས་གཞུང་འབྲེལ་བཙོན་ཁང་དུ་བཅུག་སོང་། དེའི་རྗེས་ནས་ང་རང་ཁྱིམ་དུ་བཀག་བསྐྱིལ་བྱས་པ་རེད། གནས་སྟངས་དེ་བཙོན་ཁང་ལས་ཀྱང་སྡུག་པོ་ཡོད་པ་རེད། ཟླ་བ་ ༢༠ ལྷག་རིང་ང་ལ་གདུག་རྩུབ་ཅན་གྱི་མནར་གཅོད་བཏང་བ་རེད། ང་དང་ངའི་ཁྱིམ་མི་གཅིག་ཀྱང་ཕྱི་ལོགས་སུ་སོང་ཆོག་གི་མ་རེད། ང་ཚོར་ལྟོགས་སྐོམ་མྱོང་དུ་བཅུག་པ་རེད། མནར་གཅོད་གཏོང་སྟངས་འདི་ནི་བཟོད་སྲན་བྱེད་དཀའ་བ་ཞིག་རེད། ངའི་ནང་མི་ཚོར་ཡང་གནོད་འཚེ་བཏང་བ་རེད། སྟབས་ལེགས་ཏེ་གཞན་གྱི་རོགས་རམ་འོག་ང་ཚོ་ཚང་མའི་ནང་ནས་ང་ཕྱི་ལོགས་སུ་བྲོས་བྱོལ་བྱས་ཏེ་རང་དབང་ཐོབ་པ་རེད།
ཧོང་ཀོང་རང་དབང་གསར་ཁང་། ཁྱེད་རང་ཕྱིར་རྒྱ་ནག་ནང་ལ་ལོག་འཆར་ཡོད་དམ། གལ་སྲིད་ཁྱེད་རང་ཕྱིར་ལོག་པ་ཡིན་ན། སྐབས་དེའི་གནས་སྟངས་ག་འདྲ་ཞིག་ཡིན་སྲིད་དམ།
ཁྲིན་ཀང་ཁྲུན། ང་ཕྱིར་རྒྱ་ནག་ནང་ལ་ལོག་པའི་ཉིན་མ་དེ་མི་འགྱང་བར་བསླེབ་ཡོང་གི་རེད་བསམ་གྱི་ཡོད། དེ་རིང་སང་ཉིན་མིན་ཡང་། རིང་པོ་འགོར་གྱི་མ་རེད། དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ཡིད་ཆེས་བརླག་བཞིན་པ་མི་ཚང་མས་ཤེས་ཀྱི་ཡོད་པ་རེད་འདོད། ཁྱེད་རང་གི་མཐོང་གསལ་ལྟར། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་མང་པོ་ཞིག་ཕྱི་ཕྱོགས་སུ་བྲོས་བྱོལ་བྱས་ཏེ། ཁོ་ཚོའི་ནང་མི་དང་། ཁོ་ཚོའི་རྒྱུ་ནོར་དང་བཅས་པ་ཕྱི་ཕྱོགས་སུ་དབོར་བྱེད་བཞིན་ཡོད་པ་དང་། དཔོན་རིགས་གཅིག་ལ་ཕྱི་སྐྱོད་ལག་ཁྱེར་བཅུ་ནས་ཉི་ཤུ་ཡོད་པ་རེད། ཁོ་ཚོས་ག་རེ་བྱེད་ཀྱི་ཡོད་དམ་ཞེ་ན། ཁོ་ཚོས་གོ་སྐབས་བཙལ་ནས་འབྲོ་རྩིས་བྱེད་ཀྱི་ཡོད་པ་རེད། ཅིའི་ཕྱིར་ཞེ་ན། གལ་ཏེ་ཁྱེད་ཀྱིས་སྲིད་དབང་སྒེར་གཅོད་ལམ་ལུགས་ཤིག་གི་འོག རང་ཉིད་ཀྱི་འདོད་མོས་ལྟར་ལས་དོན་སྒྲུབ་ཐུབ་ཀྱི་ཡོད་ན། ཁྱེད་རང་ཅིའི་ཕྱིར་ཨ་རི་དང་དབྱིན་ཇི། ཡུ་རོབ་སོགས་ཕྱི་གླིང་རྒྱལ་ཁབ་ཁག་ནང་བྲོས་བྱོལ་བྱས་པ་ཡིན་ནམ། ཁོ་ཚོར་སྲིད་ལུགས་འདི་དུས་ཡིན་རིང་པོར་གནས་ཐུབ་པའི་ཡིད་ཆེས་གང་ཡང་ཡོད་པ་མ་རེད། ང་ཚོའི་མཐའ་འཁོར་དུ་དཔེ་མཚོན་འདི་ལྟ་བུའི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པ་རེད། དཔོན་རིགས་འདི་དག་གུང་ཁྲན་རིང་ལུགས་ལ་ཡིད་ཆེས་ཡོད་པ་མ་རེད། སྲིད་ལུགས་འདི་ལ་ཡིད་ཆེས་ཡོད་ཟེར་མཁན་དཀོན་པོ་རེད། གུང་ཁྲན་རིང་ལུགས་ཀྱི་སྟོགས་ཤུགས་རྒུད་བཞིན་ཡོད་སྟབས། ཁོ་ཚོས་ལྐོག་ཟ་རུལ་སུངས་དང་དྲག་སྤྱོད་ཁོ་ནར་བརྟེན་གྱི་ཡོད་པ་རེད། ཡིན་ཡང་མི་མང་པོ་ཞིག་ད་དུང་ཡང་དམར་ཤོག་ཚོགས་པ་དང་ལྷན་དུ་ཆབ་སྲིད་ཀྱི་རྩེད་འཇོར་རོལ་དོན་ཅི་ཡིན་ནམ་ཞེ་ན། ཁོ་ཚོར་ཤོག་དངུལ་རག་གི་ཡོད་པ་རེད། དེར་བརྟེན། ངས་བསམ་ན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་འཛིན་པའི་ལོ་རྒྱུས་ཀྱི་ལེའུ་དེ་མཇུག་རྫོགས་ཚར་བ་རེད། ཕྱིར་འོང་ཡོད་པ་མ་རེད་བསམ་གྱི་འདུག
པདྨ་རྒྱལ་གྱིས་བསྒྱུར།
རྒྱ་ནང་ཟེར་བ་རྒྱ་ཡིག་ནང་大陆དང་་བོད་སྐད་ནང་རྒྱལ་ནང་ཟེར་བ་དེ་མིན་འགྲོ།
ཁྲིམས་རྩོད་ཁྲིན་ཀོན་ཁྲུན་ལགས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱལ་ནང་ལ་ཡོང་བར་ཆོག་མཆན་སྤྲོད་མི་སྲིད་ཅིང་། རྒྱ་ནག་སྲིད་གཞུང་དམངས་གཙོ་ལ་བསྒྱུར་རྗེས་རྒྱ་རིགས་མང་པོ་ལོག་ཐུབ་ཀྱི་རེད། དེ་མིན་རང་རྒྱལ་ནང་ལོག་པར་མ་མཐར་ཡང་ལོ་བཅུ་ལ་སྒུག་དགོས།
རྒྱ་ནང་སྟེ་རྒྱ་ནག་ནང་དང་། ཡང་ན་རྒྱ་ནག་རྒྱལ་ཁབ་ནང་ཞེས་པར་གོ་དགོས།
གང་ལྟར་སྐུ་ཉིད་ཀྱིས་གསལ་འདེབས་གནང་བར་བཀའ་དྲིན་ཆེའོ།