རྒྱ་ནག་གཞུང་གིས་དེང་སྐབས་རྒྱ་ནག་འཇིགས་སྐུལ་དྲག་སྤྱོད་པའི་འཇབ་རྒོལ་ཉེན་ཁར་ཐུག་ཡོད་ཚུལ་བཤད་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དེ་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་གྲངས་ཉུང་མི་རིགས་ལ་ཚོད་འཛིན་བྱེད་པའི་གཡོ་ཐབས་ཤིག་ཡིན་པའི་ངོས་འཛིན་བྱས་འདུག
ཁ་སང་ཕྱི་དྲོར་རྒྱ་ནག་གཞུང་འབྲེལ་ཉིན་རེའི་ཚགས་པར་ཁང་གིས་ད་ལོའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ (G20) ལྷན་ཚོགས་དེ་ཕྱི་ཟླ་ ༩ བའི་ཟླ་བསྟོད་ཙམ་ནང་རྒྱ་ནག་གི་ཧང་ཀྲུའུ་ (Hangzhou) གྲོང་ཁྱེར་དུ་འཚོགས་འཆར་ཡོད་སྟབས། ལྷན་ཚོགས་སྟེང་མཉམ་ཞུགས་བྱེད་མཁན་འཛམ་གླིང་རྒྱལ་ཁབ་ཁག་གིས་འཇིགས་སྐུལ་རིང་ལུགས་པ་དང་འཇིགས་སྐུལ་དྲག་སྤྱོད་ཚོགས་ཁག་གིས་ལྷན་ཚོགས་འདི་དམིགས་འབེན་དུ་འཛིན་སྲིད་པས་དོགས་ཟོན་དགོས་ལུགས་བཤད་འདུག
རྒྱ་ནག་གི་འཇིགས་སྐུལ་དྲག་སྤྱོད་འགོག་རྒོལ་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་ཧུའུ་ལེ་ (Hou Le) ཟེར་བ་ཞིག་གིས། དེང་སྐབས་རྒྱ་ནག་འཇིགས་སྐུལ་དྲག་སྤྱོད་པའི་འཇབ་རྒོལ་གྱི་དཀའ་ཁག་ལ་ཐུག་ཡོད། ང་ཚོའི་རེ་བར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་ཚང་མས་རྒྱ་ནག་གི་ཉེན་རྟོག་དམག་དཔུང་དང་མཉམ་འབྲེལ་གྱིས་ལྷན་ཚོགས་ཀྱི་བདེ་འཇགས་ལ་ཁག་ཐག་དགོས། ཞེས་སོགས་བརྗོད་འདུག
གནས་ཚུལ་ལྟར་ན། ད་རེབ་ཀྱི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སྟེང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་སོགས་ཀྱིས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་སྐུ་ཚབ་མཉམ་ཞུགས་བྱེད་འཆར་ཡོད་པ་དང་། རྒྱ་ནག་གཞུང་གིས་ས་ཁུལ་སོ་སོའི་ཉེན་རྟོག་པར་ད་རེབ་ཀྱི་ལྷན་ཚོགས་ལ་འཇབ་རྒོལ་བྱེད་སྲིད་པའི་དོགས་ཡོད་མི་སྣ་དང་ཚོགས་པ་ཁག་ཅིག་གི་མིང་ཐོ་དང་པར་རིས་སོགས་བཀྲམས་ཡོད་པའི་ཁྲོད་ཤར་ཊིར་ཀི་སི་ཐན་གྱི་ཁ་ཆེ་ལས་འགུལ་ (ETIM) ཞེས་པ་དེའང་ཚུད་ཡོད་པ་དང་། ཚོགས་པ་འདིས་རྒྱ་ནག་གི་ནུབ་རྒྱུད་ཤིན་ཅང་ཡུ་གུར་མི་རིགས་ནང་སྟངས་འཛིན་བྱེད་ཀྱི་ཡོད་ལུགས་བཤད་འདུག
འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པའི་བདེན་དཔང་ཡོད་མེད་ཀྱི་མི་མང་པོ་འཛིན་བཟུང་བཀག་བསྐྱིལ་དང་ཁྲིམས་ཆད་སྲོག་ཐོག་སོགས་བཏང་ཡོད་པ་རེད། ནུབ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་སྲིད་དོན་ཆེད་མཁས་པ་ཚོས་ཤར་ཊིར་ཀི་སི་ཐན་གྱི་ཁ་ཆེ་ལས་འགུལ་ཞེས་པའི་ཚོགས་པ་དེ་ནི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཞིག་མིན་སྐོར་དང་། རྒྱ་ནག་གཞུང་གིས་ཚོགས་པ་དེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཞིག་ཡིན་པའི་བདེན་དཔང་ཅི་ཡང་ར་སྤྲོད་བྱུང་མེད་སྐོར་བཤད་འདུག
ཉེ་ལམ་ནས་རྒྱ་ནག་གིས་ནུབ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་འཇིགས་སྐུལ་དྲག་སྤྱོད་པ་འགོག་རྒོལ་ཐད་མཉམ་འབྲེལ་བྱེད་པའི་གོ་སྐབས་འཚོལ་བཞིན་ཡོད་ནའང་། ནུབ་གླིང་རྒྱལ་ཁབ་གིས་རྒྱ་ནག་གི་འདོད་ཕྱོགས་དེར་དང་ལེན་བྱེད་འདོད་མེད་པ་དང་། གལ་ཏེ་རྒྱ་ནག་དང་མཉམ་འབྲེལ་བྱས་པ་ཡིན་ན་ལས་དོན་དེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་བས་རྡོག་རོལ་ཐེབས་སྲིད་པར་བློ་འཚབ་བྱེད་ཀྱི་ཡོད་འདུག མ་ཟད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཕྱི་སྡོད་ཡུལ་བྱོལ་བ་ཚོས་ཤིན་ཅང་ཡུ་གུར་མི་རིགས་གཙོས་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་ནང་འབྱུང་བཞིན་པའི་འཁྲུག་འཛིང་དེ་ནི་འཇིགས་སྐུལ་དྲག་སྤྱོད་དང་འབྲེལ་བ་ཡོད་པ་ཞིག་གཏན་ནས་མིན་པར། དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་རིགས་གཞུང་ལ་དམ་དྲག་དང་། མི་རིགས་དབྱེ་འབྱེད་བྱས་པའི་གནད་དོན་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།