དེ་རིང་དྷ་རམ་ས་ལའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་ཆེན་ཞིག་བསྐོངས་པའི་སྟེང་ཤེས་རིག་བཀའ་བློན་མཆོག་གིས་མི་མང་ནང་ང་ཚོས་གཞུང་དང་སྒྲིག་འཛུགས་ཀྱིས་ཅིག་བྱེད་ཀྱི་མི་འདུག་དང་མིག་བྱེད་ཀྱི་མི་འདུག་ཅེས་བཤད་མཁན་མང་ཡང་སོ་སོའི་ངོས་ནས་ག་རེ་བྱེད་ཀྱིན་ཡོད་མེད་བཤད་མཁན་ཉུང་ཉུང་རེད་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དྷ་ས་ས་གནས་ཚོགས་པ་ཁག་ཐུན་མོང་གི་གོ་སྒྲིག་འོག་དྷ་ས་ས་གནས་ཚོགས་སྡེ་ཁག་གི་མགོ་འཁྲིད་རྣམས་ཀྱི་ཚོགས་ཆེན་ཐེངས་དང་པོ་ཚོགས་སོང་། ཚོགས་ཐོག་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གི་གཙོས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ། དེ་བཞིན། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པ་སོགས་རང་དབང་ཚོགས་པ་སྐྱིད་སྡུག་ཁག་ ༧༧ གྱི་ཚོགས་གཙོ་གཞོན་དང་སྐུ་ཚབ་བཅས་འཛོམས་འདུག
ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་འཕགས་བོད་འབྲེལ་མཐུད་ཚོགས་པ། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པ་དང་དྷ་ས་གྲོང་སྡེ་ལས་ཁུངས། དེ་བཞིན། བདེ་ལེགས་སྨན་ཁང་དང་བོད་ཀྱི་སྨན་རྩིས་ཁང་། བོད་ཀྱི་བདེ་རྩ་ཚོགས་པ་དང་སྨན་པ་ཡེ་ཤེས་དོན་ལྡན། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་དྷ་ས་ས་གནས་ཁོར་ཡུག་ཚན་པ། སྐུ་ཞབས་ཐུབ་བསྟན་སྙན་གྲགས་ལགས་དང་སྤྱི་ཟུར་དྭང་ཤར་ཡོན་ཏན་རྒྱ་མཚོ་ལགས་བཅས་སུ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ཕུལ་སོང་།
ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ནས་ཚོགས་ཆེན་གྱི་དགོས་དམིགས་སྐོར་ངོ་སྤྲོད་གནང་དོན། རྣམ་པ་ཚོ་ཚང་མས་མཁྱེན་གསལ་ལྟར་དྷ་རམ་ས་ལ་ནི་ས་གནས་ཁ་འཐོར་མི་མང་གི་སྡོད་གནས་རྙིང་ཤོས་ཤིག་ཡིན་པ་མ་ཟད། ས་གནས་ཁ་འཐོར་མི་མང་གི་ནང་ནས་ཁ་འཐོར་མི་མང་རྒྱ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་དང་། ས་གནས་མི་མང་དང་ས་གནས་སུ་ཕྱག་ལས་གནང་མཁན་མགོ་འཁྲིད་ཚོ་ཡིན་ནའང་རིམ་པའི་ཕར་ཚུར་བརྗེ་བོ་ཐེབས་ཀྱི་ཡོད་སྟབས། ང་ཚོས་དེ་སྔོན་ནས་འཆར་གཞི་ཞིག་བཟོས་ཏེ་དྷ་ས་འདི་ཚགས་ཚུད་ཡར་རྒྱས་ཡོང་ཐབས་དང་། ལས་དོན་ཁག་འཐུས་ཤོར་མི་འགྲོ་བ་བཅས་ཀྱི་ཆེད་དུ། དྷ་ས་ས་གནས་ཚོགས་པ་ཁག་གི་མགོ་འཁྲིད་རྣམས་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་དགོས་དམིགས་གཙོ་བོ་དེ་ཚོགས་སྡེ་ཕན་ཚུན་བར་འབྲེལ་ལམ་ཡག་པོ་ཡོང་ཐབས་ལ་དམིགས་པ་ཞིག་ཡིན། དྷ་རམ་ས་ལ་འདིར་མི་མང་འགྲོ་འོང་བྱེད་མཁན་དང་གནས་སྡོད་བྱེད་མཁན་མང་པོ་ཡོད་སྟབས། ས་གནས་གནད་དོན་མང་པོ་ཞིག་འབྱུང་བཞིན་ཡོད་པ་དང་། དེ་བཞིན། རང་དབང་ཚོགས་པ་ཁག་གི་ཕྱག་ལས་གནང་མཁན་ཚོ་ཡིན་ནའང་། ཕར་ཚུར་བརྗེ་པོ་མང་པོ་ཐེབས་འགྲོ་བཞིན་ཡོད་པ་རེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་ཚོགས་སྡེ་ཕན་ཚུན་བར་ཕྱི་ནང་གི་མཐུན་འབྲེལ་དང་། ཕྱོགས་ཡོངས་ཀྱི་མཐུན་འབྲེལ་ཡག་པོ་ཡོང་བའི་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན། སྤྱིར་བཏང་ང་ཚོས་དྷ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་དབུས་ས་གཉིས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་ ༡༠༥ ལ་མགྲོན་ཤོག་བཏང་བའི་གྲས་ནས་ཚོགས་སྡེ་ཁག་ ༧༧ ཀྱི་ཚོགས་གཙོ་གཞོན་དང་སྐུ་ཚབས་ཕེབས་ཡོད་པ་དང་། དེ་དང་མཉམ་དུ་དྷ་ས་ས་གནས་ཀྱི་དགོན་པ་གྲྭ་ཚང་ཁག་དང་སློབ་གྲྭ་ཁག་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད།
ཐེངས་འདིར་ཁོ་རང་ཚོ་བསྐོང་དགོས་པའི་རྒྱུ་མཚན་གཙོ་བོ། དྷ་རམ་ས་ལ་ས་གནས་རང་དུ་ལས་ཀའི་རྣམ་གྲངས་མང་པོ་ཞིག་འགྲོ་བསྡད་ཡོད་སྟབས། ལས་ཀ་དེ་རིགས་ལ་སྣང་ཆུང་དང་ལྷོད་ཡངས་སུ་འཇོག་ཐབས་ཡོད་པ་མ་རེད། ང་ཚོ་ས་གནས་འདིར་སྡོད་མཁན་གང་ཟག་ཡོངས་སུ་རྫོགས་པ་མཐུན་འབྲེལ་དང་ས་གནས་ཀྱི་ལས་དོན་ཚགས་ཚུད་ཡོང་དགོས་ཀྱི་ཡོད་དུས། ས་གནས་འདིའི་ཚོགས་པ་སྐྱིད་སྡུག་ཁག་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་གི་ངོས་འཛིན་ཡོད་མེད་དང་ངོས་ལེན་ཡིག་ཆ་སྤྲད་ཡོད་མེད་ལ་འབྲེལ་བ་ཡོད་པ་མ་རེད། དཔེར་ན། རང་དབང་གི་ཚོང་ལས་གཉེར་མཁན་དང་། དང་བླངས་ཞབས་ཞུ་གནང་མཁན། ཆོས་ཕྱོགས་དང་འཕྲོད་བསྟན་ཐོག་ཕྱག་ལས་གནང་མཁན་སོགས་ཚང་མས་སོ་སོའི་རྣམ་དཔྱོད་ཀྱི་རིགས་པའི་རྩལ་ལ་བརྟེན་ནས་སྤྱི་ཚོགས་ནང་ཞབས་ཞུ་འདྲ་མིན་སྒྲུབ་ཀྱིན་ཡོད་པ་རེད། དེ་རིང་གི་ཚོགས་ཆེན་ཐོག་གྲོས་གཞི་དོན་ཚན་ ༥ ཡི་ཐོག་བགྲོ་གླེང་བྱ་རྒྱུ་ཡིན། གྲོས་གཞི་དེ་དག་ས་གནས་འདིར་བཞུགས་མཁན་མི་མང་ཡོངས་རྫོགས་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་རེད། གྲོས་གཞི་དེ་དག་ཐོག་བྱུང་བའི་གྲོས་ཆོད་ཁག་ཡར་བསྡུས་ཏེ་མ་འོངས་པར་དྷ་རམ་ས་ལ་ས་གནས་འདི་ཚགས་ཚུད་ཡོང་ཐབས་སུ། དེ་རིང་འདིར་མཉམ་ཞུགས་བྱས་ཡོད་པའི་ཚོགས་པ་སྐྱིད་སྡུག་ཁག་དང་རྒྱ་ཆེའི་མི་མང་ཡོངས་རྫོགས་ནས་སྐྱབས་རོགས་མགོན་རོགས་བྱ་རྒྱུ་གལ་ཆེན་པོ་རེད། དེ་ལ་འགྲུབ་འབྲས་ག་འདྲ་ཞིག་འཐོན་མིན་དེ་ད་ལྟ་ནས་ཞུ་ཐབས་ཡོད་པ་མ་རེད་དེ། ཡིན་ནའང་གྲོས་ཆོད་གང་བྱུང་བ་དེའི་ཐོག་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་སོང་།
དེའི་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུངས་དོན། ནམ་རྒྱུན་གྱི་མཛད་སྒོ་དང་མི་འདྲ་བར་ད་ལན་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་འཕགས་བོད་འབྲེལ་མཐུད་ཚོགས་པ་སོགས་ཁོང་རྣམ་པ་ཚོས་དབུས་པའི་ང་རང་ཚོའི་སྤྱི་ཚོགས་དང་ཧིན་བོད་འབྲེལ་ལམ་ཐོག་ཕྱག་ལས་གནང་མཁན་ཚོགས་པ་དང་མི་སྒེར་ཚང་མར་ས་གནས་མགོ་འཛིན་ལས་ཁུངས་བརྒྱུད་ནས་ངོས་འཛིན་དང་ཆེས་མཐོང་གནང་བ་དེ་ཞེ་དྲགས་ཡག་པོ་བྱུང་ཡོད་པ་དང་། དཔེར་ན། ཨ་རིའི་མངའ་སྡེ་ཁ་ལེ་ཧྥོ་ནེ་ཡའི་ནང་ཡིན་ནའང་། ནམ་རྒྱུན་མིས་ཧ་མ་གོ་བའི་སྤྱི་ཚོགས་ཞབས་ཞུ་ཚོགས་སྡེ་དེ་འདྲ་ཡོད་པ་དང་། དེ་ཚོར་ཆེས་བསྟོད་གནང་སྟེ་མཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ཆེད་དུ་ཆིབས་སྒྱུར་གནང་གི་ཡོད་པའི་ལས་རིམ་དེ་འདྲ་རྟག་པར་འགྲོ་བསྡད་ཡོད་པ་ལྟར། ང་རང་ཚོས་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་མཁན་ཚོར་གཟེངས་རྟགས་དང་ངོས་འཛིན་གནང་རྒྱུ་དེ་ཡ་རབས་ཀྱི་ལུགས་བཟང་ཞིག་དང་མ་འོངས་པར་མི་གཞན་པ་ཚོས་ཀྱང་དེ་ལྟར་ཁ་མིག་ཡར་ལྟ་བྱེད་ཐབས་སུ་ཕན་ཐོག་ཏན་ཏན་ཡོད་པ་དང་། དེ་རིང་གི་ཚོགས་ཆེན་ཐོག་གྲོས་མོལ་གནང་རྒྱུའི་གྲོས་གཞི་ཁག་དཔེ་མི་སྲིད་པའི་གནད་འགག་ཆེན་པོ་ཡིན་པ་དང་། དེ་ཡང་ཆེ་ས་ནས་སྐྱབས་མགོན་རིན་ཆེ་མཆོག་གི་མཛད་དགོངས་གསུམ་གྱི་ཐོག་ཚོགས་པ་སོ་སོའི་ངོས་ནས་ཞབས་འདེགས་ག་རེ་གནང་ཐུབ་མིན་སྐོར་ལ་བཀའ་བསྡུར་གནང་རྒྱུ་དང་། ས་གནས་རང་གི་གནས་བབ་ཐོག་ཡིན་ནའང་། ཕན་ཚན་བར་འབྲེལ་ལམ་སྔར་ལྷག་ག་འདྲ་ཡོང་ཐབས། མཐའ་མ་དེ་ལ་དྷ་ས་ས་གནས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ག་འདྲ་ཞུ་ཐབས་སོགས་ཡིན་འདུག་པས། དེ་ད་ལྟའི་དུས་ཚོད་འདིར་བོད་མི་ཚོར་ཞེ་དྲགས་གལ་ཆེན་པོ་རེད། ང་ཚོས་གཞུང་དང་སྒྲིག་འཛུགས་ཀྱི་ངོས་ནས་རྦད་དེ་ཅིག་བྱེད་ཀྱིན་མི་འདུག་དང་མིག་བྱེད་ཀྱིན་མི་འདུག་ཅེས་བཤད་བཞིན་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ནའང་། སོ་སོའི་ངོས་ནས་ག་རེ་བྱ་རྒྱུ་ཡོད་མེད་དང་ག་རེ་བྱེད་ཀྱིན་ཡོད་མེད་སྐོར་བཤད་མཁན་ཉུང་ཉུང་ཡིན་པའི་བཟོ་འདྲ་བོ་འདུག དེ་ལ་ས་གནས་མགོ་འཛིན་གྱི་ངོས་ནས་འགན་ཁུར་ནས་དྷ་རམ་ས་ལའི་སྤྱི་ཚོགས་ནང་ལས་ཀ་བྱེད་ཡོང་དུས། དེ་ཞེ་དྲགས་ཡག་པོ་ཡིན་པ་དང་། སྐུ་མདུན་གྱི་མཛད་དགོངས་གསུམ་པ་དེ་ཡིན་ནའང་། ང་ཚོས་བཀའ་སློབ་དེ་དག་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་འཛམ་གླིང་སྤྱི་ལ་བཀའ་སློབ་གནང་བ་ཞིག་ཡིན་པ་ལས་ང་རང་ཚོར་བཀའ་སློབ་གནང་གི་མེད་པའི་ངོས་འཛིན་བྱེད་རྒྱུ་མེད་པ་དང་། ༧གོང་ས་མཆོན་ནས་རྣམ་རྒྱུན་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱེལ་ཐུབ་དགོས་པ་དང་། དེ་ཡང་བཟང་སྤྱོད་ཀྱི་ཐོག་ནས་གནང་དགོས་ཞེས་གསུང་གི་ཡོད་པ་དེ་ང་ཚོ་དང་འབྲེལ་བ་ཞེ་དྲགས་ཆགས་ཀྱི་ཡོད་སྟབས། ང་ཚོས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱེལ་ཐབས་སུ་ང་ཚོར་བྱ་རྒྱུ་ག་རེ་འདུག བཟང་སྤྱོད་ཀྱི་ཐོག་ནས་ད་ལྟའི་ང་ཚོའི་གནས་བབ་ག་འདྲ་འདུག དེ་ཚོའི་ཐོག་ལ་ང་ཚོས་སྔར་ལས་ལྷག་པར་ཤུགས་རྒྱག་དགོས་པ་དཔེ་སྲིད་པའི་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།
མཇུག་ཏུ་བཀའ་བློན་མཆོག་ནས་ད་ལྟའི་ས་གནས་མགོ་འཛིན་ཡིན་ནའང་། ས་གནས་མི་མང་གིས་ཐད་ཀར་ཡིད་ཆེས་ཡོད་པའི་ཐོག་ནས་འོས་བསྡུ་བྱས་ཏེ་ཕེབས་པ་ཞིག་ཡིན་དུས། དེ་གནས་བབ་མ་འདྲ་བ་ཞིག་ཆགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་ལ་ངོས་འཛིན་གནང་ཡོད་པ་རེད། དེ་བས་ས་གནས་མགོ་འཛིན་གྱི་སྤྱི་ཡོངས་ཀྱི་འགན་ཁུར་བ་དང་། དེ་ལ་རྣམ་པ་ཚོ་ཚང་མས་ཕྱག་རོགས་དཔུང་རོགས་དེ་འདྲ་ཏན་ཏན་གནང་དགོས་པ་མང་པོ་ཡོད་སྟབས། དེ་ཚོ་ངེས་པར་དུ་གནང་དགོས་པ་དང་། ང་ཚོ་ཚང་མ་ཆིག་སྒྲིག་བྱེད་རྒྱུ་གལ་ཆེན་པོ་རེད། བོད་མི་རིགས་དང་། བོད་ཀྱི་རྩ་དོན། བོད་ཀྱི་རིག་གཞུང་གང་གི་ཐོག་ནས་ཡིན་ནའང་། ཆིག་སྒྲིག་བྱས་ན་ཐུན་མོང་གི་ཁེ་ཕན་ཡོད་པ་རེད། ཅེས་སོགས་གསུངས་སོང་།
དྷ་ས་ས་གནས་ཚོགས་སྡེ་ཁག་གི་མགོ་འཁྲིད་རྣམས་པའི་ཚོགས་ཆེན་ཐེངས་དང་པོའི་ཐོག་གྲོས་གཞི་དོན་ཚན་ ༥ ཡོད་པ་དག་ནི། དང་པོ། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་ཁོང་གི་སྐུ་ཚེ་ཧྲིལ་བོའི་རྩ་ཆེའི་དགོངས་གཞི་ཁག་གསུམ་ལས་དང་པོ་འགྲོ་བ་མིའི་ཐོབ་དང་། གཉིས་པ་ཆོས་ལུགས་མཐུན་འབྲེལ། གསུམ་པ་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སྐོར་མང་ཚོགས་ལ་གོ་རྟོགས་དང་སྤྱི་སྒེར་གཉིས་ནས་ལག་བསྟར་གནང་ཕྱོགས། གཉིས་པ། ས་གནས་བདེ་འཇགས་དང་ཡུལ་མི་མཉམ་དུ་འབྲེལ་ལམ་སྔར་ལྷག་ཡར་རྒྱས་དང་ཡུལ་ཁྲིམས་སྲུང་ཕྱོགས། དེ་བཞིན། ས་གནས་མགོ་འཛིན་ལས་ཁུངས་དང་དྷ་སར་གནས་སྡོད་ཚོགས་སྡེ་ཡོངས་དང་མི་མང་བཅས་བར་འབྲེལ་ལམ་དམ་གཟབ་ཡོང་ཐབས་སྐོར། གསུམ་པ། ས་གནས་ཁོར་ཡུག་ལས་གཞི་སྔར་ལྷག་ཚགས་ཚུད་དང་ཡར་རྒྱས་གཏོང་ཕྱོགས། བཞི་བ། དཔྱལ་འབྱོར་འདུ་འགོད་སྐོར། ལྔ་བ། བོད་མིའི་སྒྲིག་འཛུགས་ལ་དྷ་ས་ས་གནས་མང་ཚོགས་ནས་དབུ་འོག་དཔུང་འདེགས་སྔར་ལྷག་ཞུ་ཕྱོགས་སྐོར་བཅས་སོགས་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།