རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་གཉིས་དང་འབྲེལ་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་དང་སྐོར་ལ་ཨ་རིར་གནས་སྡོད་སྒྲོལ་མ་སྐྱབས་ལགས་ཀྱིས་དཔྱད་རྩོམ་ཞིག་སྤེལ་ཡོད་པའི་ནང་དོན་དང་འབྲེལ་ཏེ་གནད་དོན་ཁག་ཅིག་གི་ཐོག་ཁོ་རང་ལ་བཅར་འདྲི་ཞུས་ཡོད།
སྒྲོལ་མ་སྐྱབས་ལགས་ནི་མཚོ་སྔོན་ཆབ་ཆ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༢ ལོར་མཚོ་སྔོན་ཞིང་ཆེན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། པེ་ཅིན་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་ནས་ཁྲིམས་ལུགས་རིག་པའི་སྐོར་ལ་ཆེད་སྦྱོང་གནང་ཡོད་པ་དང་། ད་ཆར་ཨ་རིར་གནས་སྡོད་ཀྱིས་ཁྲིམས་གླེང་ཞེས་པའི་དྲ་ཚིགས་ཤིག་གཉེར་ཏེ་རྒྱ་ནག་གི་ཁྲིམས་གྱི་འགྱུར་བ་དང་དེའི་ཤན་ཤུགས་སོགས་ལ་བརྟེན་ནས་བོད་མི་མང་ལ་ཁེ་ཕན་དང་གྱོང་གུད་གང་འདྲ་ཐེབས་ཀྱི་ཡོད་པའི་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད།
དྲི་བ། རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་གྲངས་ཉུང་གི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཐོག་ཁྲིམས་ལུགས་གང་དག་གཏན་འབེབས་བྱས་ཡོད་པ་དང་ད་ལྟའི་དངོས་ཡོད་ལག་ལེན་གནང་ཕྱོགས་གང་འདྲ་ཡིན་ནམ།
ལན། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གནད་དོན་དེ་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་གཉིས་ནང་དུ་གཏན་འཁེལ་བྱས་ཡོད་པ་མ་ཟད། ཁྲིམས་ལུགས་དཀྱུས་མ་དག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་སྲོལ་ནང་དུའང་རྩ་ཁྲིམས་གཞིར་བཞག་སྟེ་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་ཁག་ཐེག་བྱེད་དགོས་བའི་དོན་ཚན་ཁ་ཤས་བཀོད་ཡོད་པ་རེད། ས་གནས་ཁྲིམས་སྲོལ་ལ་མཚོན་ན། བོད་རང་སྐྱོང་ལྗངས་ཀྱི་སྐད་ཡིག་ལས་དོན་གྱི་ཡུལ་ཁྲིམས་དང་བོད་ཁུལ་རང་སྐྱོང་ཁུལ་ཁག་གི་སྲིད་གཞུང་ལས་ཁུངས་ཀྱིས་ཀྱང་རང་སྐྱོང་སྲོལ་ཡིག་ཁག་ཏུའང་སྐད་ཡིག་གི་ཐོབ་ཐང་གཏན་འཁེལ་བྱས་ཡོད་པ་རེད། འདི་དག་ནི་རྒྱ་ནག་གི་སྒྲ་ཡངས་འཇུག་གི་ཁྲིམས་ཀྱི་ནང་དུ་གཏོགས་པའི་ཁྲིམས་རེད་ལ། དེ་དག་ས་ཆ་སོ་སོ་ནས་གང་ལ་གང་འཚམ་ལག་བསྟར་བྱེད་ཀྱིན་ཡོད་པ་རེད། དཔེར་ན། རྒྱ་ནག་ཤར་བྱང་ས་ཁུལ་ཅི་ལིན་ཞིང་ཆེན་ཡན་པེན་རང་སྐྱོང་ཁུལ་ལྟ་བུར་མཚོན་ན་ཁྲིམས་ལུགས་དང་ཡུལ་ཁྲིམས་འདི་རིགས་ལག་བསྟར་བྱེད་ཀྱིན་འདུག་མོད། བོད་དང་རིག་གནས་སློབ་གསོའི་ཆུ་ཚད་ཞན་པའི་ས་ཁུལ་ཁག་ནང་དེ་འདྲ་ཚད་དང་ལྡན་པ་ཞིག་ལག་བསྟར་བྱེད་ཐུབ་ཀྱི་ཡོད་པ་མ་རེད།
དྲི་བ། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༩ ཉིན་རྨ་ལྷོ་དང་མཚོ་ལྷོ། མགོ་ལོག་དང་མཚོ་བྱང་བཅས་བོད་རིགས་རང་སྐྱོང་ཁུལ་དྲུག་གི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོས་༼ཕྱི་ལོ་ ༢༠༡༠ ནས་ ༢༠༢༠ ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་རྩ་གནད་༽ཅེས་པའི་ཡིག་ཆར་ངོ་རྒོལ་བྱེད་དོན་ཅི་རེད།
ལན། མཚོ་སྔོན་ཞིང་ཆེན་སློབ་གསོའི་ལས་ཁུངས་དང་བོད་ཀྱི་ས་གནས་སློབ་གསོའི་ལས་ཁུངས་ཀྱིས་ས་གནས་རང་སྐྱོང་གི་ཡུལ་ཁྲིམས་བརྩིས་མེད་བཏང་སྟེ། བོད་ཡིག་སློབ་གྲྭའི་བོད་ཡིག་གི་འཁྲིད་གཞི་ཚང་མ་རྒྱ་ཡིག་ལ་བསྒྱུར་ནས་འཁྲིད་དགོས་ཞེས་ཁྲིམས་འགལ་གྱི་སྲིད་བྱུས་ཤིག་ལག་བསྟར་བྱ་རྒྱུའི་བཙན་བཀའ་བཏང་བ་རེད། ལྷག་པར་དུ་ཆབ་སྲིད་འཛིན་སྐྱོང་གི་སྟོབས་ཤུགས་དང་དབང་དྲགས་ལ་བརྟེན་ནས་ཆབ་ཆ་དང་རེབ་གོང་ཚུད་པའི་བོད་ཀྱི་ཁུལ་དང་རྫོང་ཁག་སོ་སོ་ནས་བཙན་ཤེད་ཀྱིས་རྒྱ་སྐད་རྒྱ་ཡིག་གི་སློབ་འཁྲིད་རྒྱ་ཆེར་བཏང་བ་དང་། བོད་ཡིག་བོད་སྐད་ཀྱི་འཁྲིད་གཞི་ཇེ་ཉུང་དུ་གཏོང་དགོས་པའི་བཀའ་རྒྱ་བཏང་སྟབས། གསེར་ཆེན་རྫོང་དང་ཐུན་རིན་རྫོང་སྲིད་གཞུང་སོགས་ཀྱིས་གོང་རིམ་གྱི་བཀའ་ལྡོག་མ་ཐུབ་པར་སོ་སོའི་ཡུལ་ཁྲིམས་བརྩིས་མེད་བཏང་སྟེ། སློབ་གྲྭ་ཡོངས་ནས་བོད་ཡིག་གི་འཁྲིད་གཞི་ཚང་མ་རྒྱ་ཡིག་ལ་བསྒྱུར་རྒྱུའི་གཏན་འཁེལ་ཡིག་ཆ་བཟོས་པ་རེད།
དྲི་བ། ༢༠༡༠ ལོར་བོད་ནང་གི་ཆབ་ཆ་དང་རེབ་གོང་སོགས་སློབ་ཕྲུག་ཚོས་བོད་པའི་སྐད་ཡིག་ཐོབ་ཐང་སྐོར་ལ་ངོ་རྒོད་ཁྲོམ་སྐོར་བྱས་པ་དེར་གྲུབ་འབྲས་ག་འདྲ་ཐོན་ཡོད་པར་ངོས་འཛིན་གནང་གི་ཡོད།
ལན། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༩ ཉིན་ནས་བཟུང་རྨ་ལྷོ་དང་མཚོ་ལྷོ། མགོ་ལོག མཚོ་བྱང་བཅས་བོད་རིགས་རང་སྐྱོང་ཁུལ་ ༦ ལྷག་གི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོས་སློབ་རྭ་དང་ཁྲོམ་སྲང་སོགས་སུ་ས་གནས་སྲིད་གཞུང་གི་ནོར་འཁྲུལ་ཅན་གྱི་སློབ་གསོའི་སྲིད་ཇུས་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པ་མ་ཟད། ད་ལྟ་ད་དུང་སློབ་གྲྭ་ཆུང་འབྲིང་ལས་གཞན་པའི་ས་ཁུལ་ཁག་ཏུའང་ངོ་རྒོལ་ལས་འགུལ་དེ་མུ་མཐུད་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ས་གནས་སྲིད་གཞུང་གི་ཁྲིམས་མཐུན་མིན་པའི་སློབ་གསོའི་སྒྲིག་གཞི་དེར་ངོ་རྒོལ་དང་སུན་འབྱིན་བྱས་ན་ཏན་ཏན་རྒྱལ་ཁ་ལེན་ཐུབ་པ་རེད། དཔེར་ན། ཟི་ལིང་གི་བགྲེས་ཡོལ་ལས་བྱེད་སོགས་ཀྱི་རོགས་རམ་ལ་བརྟེན་ནས་གོང་དུ་ཞུས་པའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་བོད་སྐད་ཡིག་རྩ་མེད་བཟོ་བའི་ནོར་འཁྲུལ་ཅན་གྱི་རྩ་འཛིན་ཡིག་ཆ་དེར་དགེ་སློབ་ཚང་མས་དཔའ་མཛངས་ལྡན་པའི་ཐོག་ནས་ངོ་རྒོལ་བྱས་མཐར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་བྱུས་དེ་ཕྱིར་འཐེན་བྱས་ཡོད་པ་རེད། ཡིན་ནའང་ད་ལོའི་ཕྱི་ཟླ་ ༦ པ་ཡས་མས་ཤིག་ལ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སློབ་གསོའི་ལས་ཁུངས་ཀྱིས་ཀྱང་ས་གནས་ཁྲིམས་བཟོ་སོགས་ཀྱི་གོ་རིམ་མ་བརྒྱུད་པར། སློབ་ཆུང་སློབ་མའི་རྩིས་རིག་གི་ཁྲིད་གཞི་རྒྱ་ཡིག་ལ་བཙན་དུ་བསྒྱུར་ཡོད་པ་དང་། དེ་ལ་བོད་ལྗོངས་ཁྲིམས་འཛིན་ལས་བྱེད་པ་བདེ་ཁང་བྱམས་པ་སོགས་ཀྱིས་ངོ་རྒོལ་ཡི་གེ་ཕུལ་ཡོད་ཀྱང་། མཚོ་སྔོན་ས་ཁུལ་དུ་བྱུང་བ་ལྟར་དགེ་སློབ་ཚོས་ངོ་རྒོལ་ཁྲོམ་སྐོར་བྱུང་ཐུབ་མེད་སྟབས། ད་ཆར་སྲིད་བྱུས་དེ་ལ་འགྱུར་བ་གཏོང་ཐུབ་ཡོད་པ་མ་རེད། བོད་རང་སྐྱོང་ལྗོངས་སློབ་གསོའི་ལས་ཁུངས་ཀྱིས་འཕྲལ་དུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བདེ་ཁང་བྱམས་པའི་སུན་འབྱིན་ཡི་གེ་དེར། རྩ་ཁྲིམས་དང་འབྲེལ་ཡོད་ཀྱི་ཁྲིམས་སྒྲིག་ཁ་ཤས་ལུང་དྲངས་ཏེ། སྲིད་བྱུས་དེ་ཡང་དག་པ་ཡིན་ལུགས་སྒྲུབ་ཁུལ་བྱས་ཡོད་པ་རེད། ས་གནས་སྲིད་གཞུང་དང་དེའི་ལས་བྱེད་ཚོས་ཁྲིམས་བཤིག་པའི་གནས་ཚུལ་ལ་ཁ་གཏད་གཅོག་དགོས་ན། ཁྲིམས་ལུགས་ཀྱི་ཐོག་ནས་མཐར་སྐྱེལ་བྱ་རྒྱུ་དང་། ཡང་ན་ངོ་རྒོལད་ཁྲོམ་སྐོར་སྐད་འབོད་བཅས་ནི་ནུས་པ་ཆེ་ཤོས་རེད་བསམ་གྱི་འདུག བོད་རིགས་ཤེས་ཡོན་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་དང་སོ་སོའི་ས་ཁུལ་གྱི་ཡུལ་ཁྲིམས་ལ་བརྟེན་ནས་བོད་སྐད་ཡིག་གི་བཀོལ་སྤྱོད་དང་དར་སྤེལ་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་དང་། ཡུལ་ཁྲིམས་བཤིག་པའི་ཁྲིམས་བརྒལ་སྲིད་བྱུས་ལ་མཐའ་གཅིག་ཏུ་འཐབ་འཛིང་འཐུས་ཤོར་མེད་པ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག
དྲི་བ། ཕྱི་ལོ་ ༢༠༡༠ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼རྒྱལ་ཁབ་ཀྱི་འཕྲལ་དང་ཡུན་གྱི་སློབ་གསོའི་ལས་དོན་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བཀོད་འདོམས་རྩ་གནད་༽ཅེས་པའི་ཡིག་ཆ་ཞིག་བཏོན་ཡོད་པ་དེའི་དགོས་དམིགས་གཙོ་བོ་ག་རེ་རེད།
ལན། དེ་ལ་དམིགས་ཡུལ་མང་པོ་ཡོད་པ་རེད། དེའི་ནང་གི་གཅིག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དར་སྤེལ་བྱེད་པར་འཛིན་སྐྱོང་གིས་ཐབས་ལམ་འདོན་རྒྱུ་དེ་རེད།
དྲི་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ལས་ཁུངས་ནས་༼རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་སྐོར་གྱི་སྐབས་ ༡༢ པའི་ལོ་ ༥ ཡི་འཆར་འགོད་༽ཅེས་པ་དེའི་དམིགས་འབེན་གཙོ་བོ་ག་རེ་རེད།
ལན། དེའི་དམིགས་འབེན་གཙོ་བོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་༼རྒྱལ་ཁབ་ཀྱི་འཕྲལ་དང་ཡུན་གྱི་སློབ་གསོ་ལས་དོན་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བཀོད་འདོམས་རྩ་གནད་༽ཅེས་པའི་བཀའ་རྒྱ་དེ་ལག་བསྟར་བྱེད་པའི་ཐབས་ལམ་ཞིབ་ཕྲར་བཟོས་ཏེ་རྒྱལ་ཡོངས་ཀྱི་སློབ་གསོའི་སྡེ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དར་སྤེལ་བྱེད་པར་རྒྱབ་དཔུང་བྱེད་རྒྱུ་དེ་རེད།
དྲི་བ། ༼མཚོ་སྔོན་རྩ་གནད་༽ཀྱིས་མཚོན་པའི་ཞིང་ཆེན་དང་ཁུལ་རིམ་པའི་སྐད་ཡིག་ལས་ཁུངས་དང་ས་གནས་སློབ་གསོའི་ལས་ཁུངས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་ཁྲིམས་སྲོལ་དེ་དག་ལ་བཟོ་བཅོས་ལག་བསྟར་བྱེད་པའི་དབང་ཆ་ཡོད་དམ།
ལན། ཡོད་པ་མ་རེད། ཁྲིམས་བཟོ་བའི་ཁྲིམས་ལྟར་ན། ལས་ཁུངས་དེ་དག་གིས་རང་སྐྱོང་ས་གནས་ཀྱི་ཡུལ་ཁྲིམས་ལ་ལག་པ་འཆིང་བའི་དབང་ཆ་རྩ་བ་ཉིད་ནས་ཡོད་པ་མ་རེད། རྒྱལ་ཁབ་དང་ས་གནས་ཀྱིས་བཟོས་བའི་ཁྲིམས་མ་ནོར་བར་ལག་བསྟར་བྱེད་དགོས་པ་ནི་ཁོང་ཅག་གི་འགན་ཁུར་རེད། ཡིན་ནའང་༼མཚོ་སྔོན་རྩ་གནད་༽ཅེས་པའི་ཡིག་ཆ་དེས་བོད་རྒྱ་སྐད་ཡིག་གི་གཙོ་ཕལ་དབྱེ་འབྱེད་དང་། སློབ་འཁྲིད་ཀྱི་སྐད་ཡིག་གཅིག་གྱུར་བྱེད་པ་སོགས་དང་འབྲེལ་བའི་ཆེས་ལྕི་བའི་གནད་དོན་ཁ་ཤས་ཡིག་ཆ་བརྒྱུད་ནས་ཐག་གཅོད་བྱས་ཤིང་། སློབ་གསོའི་སྲིད་འཛིན་སྡེ་ཁག་དང་ས་ཁུལ་གཞན་དག་གིས་སློབ་གསོའི་གྲོས་ཆོད་དེ་གློ་བུར་དུ་ཐག་བཅད་པ་དང་ཤུགས་དྲག་པོས་ལག་བསྟར་བྱས་པའི་རྐྱེན་གྱིས། ས་ཁུལ་ཁ་ཤས་ཀྱི་སློབ་མ་དང་སློབ་མའི་ཁྱིམ་བདག་ཚོར་འདོད་པ་མ་བྱུང་སྟབས། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་རྨ་ལྷོ་དང་མཚོ་ལྷོ། མགོ་ལོག་དང་མཚོ་བྱང་བཅས་བོད་རིགས་རང་སྐྱོང་ཁུལ་དྲུག་གི་སློབ་གྲྭ་ཆུང་འབྲིང་གི་བོད་རིགས་སློབ་མ་ཚོས་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ་༼མཚོ་སྔོན་རྩ་གནད་༽ཅེས་པའི་ཡིག་ཆ་དང་སློབ་གསོའི་ལས་ཁུངས་ཀྱི་འགན་འཛིན་གྱི་ ༼མདའ་སྐད་གླིང་བུར་བསྒྱུར་བའི་༽གཏམ་བཤད་ཁག་ལ་དགག་པ་བརྒྱབ་པ་སོགས་ཕྱོགས་ཡོངས་ཀྱི་གནོན་ཤུགས་ལ་བརྟེན་ཏེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་༼མཚོ་སྔོན་རྩ་གནད་༽ཅེས་པའི་ཡིག་ཆ་དེ་ལག་བསྟར་བྱེད་རྒྱུ་རྗེས་བསྣུར་བྱས་ཡོད་པ་རེད།
རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་སྒྲོམ་གཞིའམ་ཕུང་པོར་བཀོད་པ་ལྟར་ན། སྤྱིར་ཁྲིམས་ལ་མཐོ་དམའ་རིམ་པ་མང་པོ་བཟོས་ཡོད་པ་དང་། ཁྲིམས་འོག་མས་ཁྲིམས་གོང་མར་བཟོ་བཅོས་སོགས་བྱེད་མི་ཆོག་པ་དང་། ཁྲིམས་འོག་མའི་འགན་འཁུར་ནི་ཁྲིམས་གོང་མའི་དགོངས་དོན་ལག་བསྟར་བྱེད་རྒྱུ་དེ་རེད། རྩ་ཁྲིམས་དང་འབྲེལ་བའི་ཁྲིམས་ལུགས་ནི་ཆེས་མཐོ་ཤོས་ཀྱི་ཁྲིམས་རེད། དཔེར་ན། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་ཁྲིམས་ལུགས། ཧོང་ཀོང་གི་རྩ་བའི་ཁྲིམས་ལྟ་བུ་རེད། ཉེས་ཁྲིམས་དང་དམངས་ཁྲིམས། ཉེས་དོན་དང་དམངས་དོན་གཏུག་བཤེར་གྱི་ཁྲིམས་སོགས་ནི་རྨིང་གཞི་ལྟ་བུའི་ཁྲིམས་ཡིག་ཡིན་པ་དང་། གོང་གི་ཁྲིམས་དེ་དག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཐག་ཆོད་བྱེད་དགོས་སྟབས། དེ་དག་ལ་བཟོ་བཅོས་དང་འཕྲི་སྣོན་བྱེད་པར་ཡང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་དགོས་པ་རེད། དེའི་འོག་གི་ཁྲིམས་ལ་ཁྲིམས་ལུགས་དཀྱུས་མ་ཟེར་བ་དང་། དེ་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བརྒྱུད་ནས་བཟོས་པའི་ཁྲིམས་ལུགས་དག་ཡིན་པ་རེད། དཔེར་ན། རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ལྟ་བུ་རེད། དེའི་འོག་གི་ཁྲིམས་ལ་འཛིན་སྐྱོང་ཁྲིམས་སྲོལ་དང་། ཡང་ན་སྲིད་འཛིན་ཁྲིམས་སྲོལ་ཟེར་བ་དང་། འཛིན་སྐྱོང་ཁྲིམས་སྲོལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་བརྒྱུད་ནས་བཟོ་དགོས་པ་དང་། དེའི་དམིགས་ཡུལ་ནི་ཁྲིམས་ལུགས་ལག་བསྟར་བྱེད་པར་ཞིབ་ཕྲའི་ཐབས་ལམ་གཏན་འཁེལ་བྱེད་ཆེད་རེད། ཁྲིམས་སྲོལ་དེའི་འོག་གི་ཁྲིམས་ལ་ས་གནས་ཁྲིམས་སྲོལ་ཟེར། དེ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་བརྒྱུད་ནས་བཟོས་པའི་ས་གནས་རང་བཞིན་གྱི་ཁྲིམས་ལུགས་ཁག་རེད། གྲོང་ཁྱེར་ཆེན་པོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་བཅས་ལ་སོ་སོར་དཔག་པའི་དབང་ཚད་ཀྱི་ཁྲིམས་བཟོའི་དབང་ཆ་ཡོད་པ་རེད། དེ་བཞིན། བོད་ཀྱི་ས་ཁུལ་དུ་བོད་རང་སྐྱོང་ལྗོངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་ལའང་ཁྲིམས་བཟོའི་དབང་ཆ་ཡོད་པ་མ་ཟད། གྲོང་ཁྱེར་ལྷ་ས་དང་རང་སྐྱོང་ཁུལ་བཅུའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེ་དག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལའང་སོ་སོར་དཔག་པའི་ཁྲིམས་བཟོའི་དབང་ཆ་ཡོད་པ་རེད། ས་གནས་ཁྲིམས་སྲོལ་མན་གྱི་ཁྲིམས་ལ་སྒྲིག་སྲོལ་ཟེར། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སོ་སོ་དང་ཞིང་ཆེན་རིམ་པའི་སྲིད་གཞུང་སོ་སོས་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་ཆེད་དང་སོ་སོའི་ལས་ཁུངས་ཀྱི་ལས་དོན་ལ་དཔག་སྟེ་བཟོས་པའི་གོང་གི་ཁྲིམས་དང་མི་འགལ་བའི་སྒྲིག་ཁྲིམས་རེད། ཕྱི་ལོ་ ༢༠༡༥ ལོར་བཟོ་བཅོས་བརྒྱབ་པའི་ཁྲིམས་བཟོ་བའི་ཁྲིམས་ཀྱིས་རང་སྐྱོང་ཁུལ་གྱི་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་སོ་སོའི་མངའ་ཁོངས་ཀྱི་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ས་གནས་ཁྲིམས་སྲོལ་བཟོ་ཆོག་པའི་དབང་ཆ་གཏན་འབེབས་བྱས་ཡོད་པ་རེད། ཡིན་ནའང་༼མཚོ་སྔོན་རྩ་གནད་༽ ལྟ་བུར་མཚོན་ན། དེ་ནི་ཁྲིམས་ཀྱི་དབང་ཚད་ལས་བརྒལ་ཏེ་མི་རིགས་རང་སྐྱོང་གི་ཁྲིམས་ཀྱིས་བཀོད་འདོམས་བྱེད་བཞིན་པའི་ལས་དོན་ལ་ཐེ་གཏོགས་བྱས་པ་ཞིག་རེད།
དྲི་བ། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་གསར་དུ་ཚུགས་པ་དང་བསྟུན་ཏེ་༼ཐུན་མོང་གི་རྩ་འཛིན༽ཞེས་པའི་རྩ་ཁྲིམས་གསར་བ་དེའི་ལེའུ་ ༦ པའི་ནང་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་དང་སྐད་ཡིག་གི་ཐོབ་ཐང་ལ་ཁག་ཐེག་དང་རྒྱབ་སྐྱོར་ག་འདྲ་བྱས་ཡོད་པ་དང་། རྩ་ཁྲིམས་ཀྱི་རྩ་དོན་དེ་དག་ལག་བསྟར་བྱས་ཡོད་པ་རེད་དམ།
ལན། དེའི་ནང་དུ་མི་རིགས་འདྲ་མཉམ་དང་། མི་རིགས་རྒྱ་ཞེན་རིང་ལུགས་དང་གུ་དོགས་རང་ལུགས་ལ་ངོ་རྒོལ། མི་རིགས་ཕན་ཚུན་བར་ཁྱད་གསོད་དང་མཐོང་ཆུང་ལ་ངོ་རྒོལ་དང་གཏན་འགོག གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ནས་མི་རིགས་རང་སྐྱོང་གི་སྲིད་བྱུས་གསར་འཛུགས་དང་ལག་བསྟར། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་དང་ཆོས་དད་རང་དབང་། རིག་གནས་སློབ་གསོ་དང་དཔལ་འབྱོར་གྱི་རང་སྐྱོང་ཐོབ་ཐང་སོགས་གཏན་ལ་ཕབ་ཡོད་པ་རེད། རྩ་འཛིན་གྱི་དོན་ཚན་དེ་དག་ཡུལ་དུས་དང་བསྟུན་ནས་ལག་བསྟར་བྱས་སྟབས། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གི་རྩ་ཁྲིམས་ཐོག་མ་བཟོ་སྐབས་གོང་གི་དོན་ཚན་དེ་དག་རྩ་ཁྲིམས་ནང་དུ་ཚུད་ཡོད་པ་རེད།
དྲི་བ། ཕྱི་ལོ་ ༡༩༨༢ དང་ ༡༩༨༦ ལོར་བཏོན་པའི་རྩ་ཁྲིམས་དེས་མི་རིགས་ས་གནས་རང་སྐྱོང་དང་སྐད་ཡིག་ལ་སོགས་པའི་ཐོབ་ཐང་ཐོག་གྲུབ་འབྲས་ག་འདྲ་ཐོན་ཡོད་པ་རེད།
ལན། རྩ་ཁྲིམས་དེའི་ནང་རིག་གནས་གསར་བརྗེའི་སྐབས་སུ་རྨེག་མེད་བཟོས་བའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཕལ་ཆེ་བ་ཞིག་སླར་གསོ་བྱས་ཡོད་པ་དང་། མི་རིགས་རང་སྐྱོང་གི་ཁྱབ་རྒྱ་ཅུང་མདུན་སྤོས་བྱས་ཏེ་རྒྱ་ཇེ་ཆེར་བཏང་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༡༩༨༢ ལོའི་རྩ་ཁྲིམས་ཀྱིས་དུས་ཕྱིས་ཀྱི་གྲངས་ཉུང་མི་རིགས་ཀྱི་བྱ་གཞག་ཡར་རྒྱས་ཡོང་བར་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་ཡོད་པ་རེད། ལོ་རབས་བརྒྱད་བཅུ་གྱ་གྲངས་ནང་བོད་ཀྱི་ཆོས་དང་རིག་གནས་ལ་བསྐྱར་དར་གྱི་གོ་སྐབས་ཕྲན་བུ་བྱུང་བ་དེའང་ཁྲིམས་ཡིག་དེའི་འོག་ནས་བྱུང་བ་རེད། ཡིན་ནའང་ཁྲིམས་བཟོའི་གནས་ཚད་དང་ཉམས་མྱོང་གིས་མ་འདང་བའི་རྐྱེན་གྱིས་སློབ་གསོའི་ཡུལ་ཁྲིམས་དེ་དག་ལ་གནད་དོན་མི་ཉུང་བ་ཞིག་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ནའང་རྩ་བའི་ཆ་ནས་བཤད་ན། ཡུལ་ཁྲིམས་དེ་དག་ནི་རང་སྐྱོང་ས་ཁུལ་གྱི་མི་མང་གི་རེ་འདུན་མཚོན་པའི་ཡུལ་ཁྲིམས་ཆགས་ཡོད་པ་རེད་ལ། ཡུལ་ཁྲིམས་དེ་དག་གི་ཁྲིམས་ནུས་མ་ཡལ་བར་གནས་པའི་རྒྱལ་ཁབ་ཀྱི་ཁྲིམས་སུ་གཏོགས་པ་རེད།
དྲི་བ། ཕྱི་ལོ་ ༡༩༨༧ ལོར་བོད་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ས་གནས་ཁྲིམས་སྲོལ་ཞིག་བཟོས་ཡོད་པ་དེས་བོད་སྐད་ཡིག་གི་ཐོབ་ཐང་ཐོག་གྲུབ་འབྲས་ག་འདྲ་ཐོན་ཡོད་པ་དང་། ཁྲིམས་སྲོལ་དེ་མུ་མཐུད་ལག་བསྟར་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་པ་རེད།
ལན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོ་བྱས་པའི་བོད་ཀྱི་མཁས་ཆེན་མང་པོའི་བཀའ་དྲིན་ལ་བརྟེན་ཏེ་ཕྱི་ལོ་ ༡༩༨༧ ལོར་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་རྒྱབ་རྟེན་བྱས་ཏེ་བོད་ཀྱི་སྐད་ཡིག་གི་ཡུལ་ཁྲིམས་དེ་བཟོས་པ་རེད། ཁྲིམས་སྲོལ་དེས་ཉམས་དམས་སུ་གྱུར་ཟིན་པའི་བོད་ཀྱི་སྐད་ཡིག་ཕྲན་བུ་སླར་གསོ་བྱས་པ་དང་། དེ་ནས་སློབ་གྲྭ་ཆེ་ཆུང་དང་སྲིད་གཞུང་། ཁྲིམས་འཛིན་ལས་ཁུངས་སོགས་ཀྱིས་བོད་ཡིག་ངེས་པར་དུ་བེད་སྤྱོད་བྱེད་དགོས་པ་དང་། བོད་ཡིག་ཇི་ལྟར་བེད་བྱེད་དགོས་པའི་ཐབས་ལམ་སོགས་བསྟན་ཡོད་པ་མ་ཟད། འཛིན་སྐྱོང་གི་དབང་ཤུགས་ལ་བརྟེན་ཏེ་བོད་སྐད་ཡིག་བེད་སྤྱོད་བྱེད་དུ་བཅུག་ཡོད་པ་རེད། དེ་ནི་རིག་གསར་ཤུལ་དུ་བོད་ཡིག་གི་ཐོབ་ཐང་ས་བོན་ཉག་གཅིག་བཏབས་པ་དང་འདྲ་བོ་རེད། ད་ལྟ་བོད་ཕྱི་ནང་གཉིས་ན་སྙན་གྲགས་ཡོད་པའི་བླ་ཆེན་དང་མཁས་པ་མང་བོ་ཞིག་ཁྲིམས་དེའི་དངོས་ཤུགས་བརྒྱུད་གསུམ་གྱི་བཀའ་དྲན་ལ་བརྟེན་ཏེ་བྱུང་བ་རེད། ཡིན་ནའང་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་པའི་རྗེས་ལ་ཁྲིམས་དེ་ཡང་རྒྱ་རིགས་སོགས་ཀྱི་ངོ་རྒོལ་ལ་བརྟེན་ནས་དེ་སྔ་ལྟར་ནུས་པ་ཞིག་ཐོན་ཐུབ་ཀྱི་ཡོད་པ་མ་རེད། ཁྲིམས་དེ་མུ་མཐུད་ལག་བསྟར་བྱེད་ཀྱིན་ཡོད་ནའང་དེ་ལ་བཟོ་བཅོས་བརྒྱབ་ནས་ཁྲིམས་ཀྱི་ནུས་པ་ཇེ་ཆུང་ལ་བཏང་ཡོད་པ་རེད། དེའི་སྐོར་བཀྲ་ཤིས་ཚེ་རིང་གིས་དབུས་གཞུང་ལ་ཞུ་ཡིག་ཅིག་ཕུལ་ཡོད་པ་དེའི་ནང་དུ་ཁ་གསལ་བོར་གསུངས་ཡོད་པ་རེད། དེར་ཞིབ་ཏུ་ལྟ་ཀློག་བྱེད་འདོད་ཡོད་ན་ཁྲིམས་གླེང་དྲ་ཚིགས་ནང་བཀོད་ཡོད། (http://trimleng.com/tashi-tserings-letters/)
དྲི་བ། ཕྱི་ལོ་ ༢༠༠༠ ལོར་རྒྱལ་ཡོངས་གྲོས་ཚོགས་རྒྱུན་ལས་ལྷན་ཁང་གིས་གཏན་ལ་ཕབ་པའི་༼རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་༽ཞེས་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་དེས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཐད་ལ་ཤན་ཤུགས་ག་འདྲ་ཐེབས་ཡོད་པ་དང་། ས་གནས་སྲིད་གཞུང་དང་སྲིད་གཞུང་གི་སློབ་གསོའི་ལས་ཁུངས་གཙོ་བྱས་པའི་སྡེ་ཚན་དག་གིས་ཁྲིམས་དེ་ལག་བསྟར་བྱེད་དོན་ཅི་རེད།
ལན། ཁྲིམས་དེ་ཕྱི་ལོ་ ༢༠༠༠ ལོར་རྒྱལ་ཡོངས་གྲོས་ཚོགས་རྒྱུན་ལས་ལྷན་ཁང་གིས་གཏན་འབེབས་བྱས་པ་དང་། ཕྱི་ལོ་ ༢༠༠༡ ལོ་ནས་དངོས་སུ་ལག་བསྟར་བྱས་པ་རེད། སྤྱིར་བཏང་ཁྲིམས་དེ་ལག་བསྟར་བྱས་བ་ཙམ་གྱིས་མི་རིགས་རང་སྐྱོང་གི་ལས་དོན་ལ་ཤན་ཤུགས་ཐེབས་དགོས་དོན་མེད་ནའང་ཁྲིམས་དེ་ནི་ཤ་ཁ་ཁ་དང་གྲི་སོ་སོའི་ཁྲིམས་ཞིག་རེད། རྒྱ་ནག་དབུས་གཞུང་གིས་རྒྱའི་སྐད་ཡིག་དར་སྤེལ་ཐོག་རོགས་དངུལ་ཧ་ཅང་ཕོན་ཆེན་པོ་སྤྲོད་ཀྱིན་ཡོད་སྟབས། མི་རིགས་རང་སྐྱོང་ས་གནས་ཀྱི་སློབ་གསོའི་ལས་ཁུངས་ཁག་གིས་རོགས་དངུལ་དེ་དག་ཧམ་ཟ་བྱེད་ཆེད། དགོས་ས་མི་དགོས་ས་གཉིས་ཀར་རྒྱའི་སྐད་ཡིག་དར་སྤེལ་གྱི་ལས་གཞི་སྣ་ཚོགས་སྤེལ་ཏེ་རོགས་དངུལ་ཟ་ཐབས་བྱེད་པའི་ཉེར་ལེན་གྱིས་མི་རིགས་ས་གནས་ཀྱི་སློབ་གསོ་རང་སྐྱོང་གི་དབང་ཚད་ལ་གནོད་སྐྱོན་ཕེབས་བཞིན་ཡོད་པ་རེད། དཔེར་ན་༼མཚོ་སྔོན་རྩ་གནད་༽ཡིག་ཆ་དེའི་ཐད་ལ་དབུས་གཞུང་གིས་རོགས་དངུལ་རྒྱ་སྒོར་ཐེར་འབུམ་ ༧ དང་དུང་ཕྱིར་ ༦ ལྷག་བཏང་ཡོད་པ་རེད་ཟེར། ཆབ་ཆ་དང་རེབ་གོང་གི་སྐད་ཡིག་དོན་རྐྱེན་དེ་དག་ནི་དཔེ་མཚོན་ཙམ་རེད། སྤྱིར་བཏང་རྒྱ་ནག་དབུས་གཞུང་གི་ཡིག་ཆ་དང་ཡུལ་ཁྲིམས་གཉིས་བར་འགལ་ཟླ་ཤོར་ཡོད་ན་ཡུལ་ཁྲིམས་གཙོ་བོར་འཛིན་དགོས་པ་རེད། དབུས་གཞུང་གི་ཡིག་ཆ་དེའི་ནང་དུ་མི་རིགས་རང་སྐྱོང་ས་ཁུལ་ནས་རང་སྐྱོང་ཡུལ་ཁྲིམས་དང་བསྟུན་དགོས་ཞེས་དམིགས་བསལ་སྤྲད་ཡོད་ནའང་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་གིས་དམིགས་བསལ་ཐོབ་ཐང་དེར་སྣང་མེད་བཏང་སྟེ་ལག་བསྟར་ཐུབ་ཀྱི་ཡོད་པ་མ་རེད།
དྲི་བ། སྤྱིར་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཆོས་ལུགས་བཅས་ཀྱི་ཐོག་ཁྲིམས་སྒྲིག་གང་དག་གཏན་འབེབས་བྱས་ཡོད་པ་དང་། ད་ལྟའི་དངོས་སུ་ལག་བསྟར་བྱེད་བཞིན་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ཐོག་ཁྲིམས་སྒྲིག་གང་དག་ལག་བསྟར་བྱེད་ཀྱིན་ཡོད་པ་རེད།
ལན། བོད་སྤྱི་ཡོངས་ནས་ཁྲིམས་ཀྱི་ཐད་ལ་གོ་བ་ཚད་ལྡན་ཞིག་ལེན་ཐུབ་མེད་མོད། རྒྱལ་ཁབ་ཀྱིས་བཟོ་དགོས་པའི་ཁྲིམས་རྒྱལ་ཁབ་ཀྱིས་བཟོས་ཚར་བ་དང་བཤད་དགོས་བའི་སྐད་ཆ་བཤད་ཚར་ཡོད་པ་རེད། ས་གནས་ཀྱི་ལས་འགན་ནི་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྟེན་ནས་སོ་སོར་དཔག་པའི་ཡུལ་ཁྲིམས་གསར་བཟོ་དང་འཐུས་ཚང་གཏོང་དགོས་པ་མ་ཟད། ལག་བསྟར་ཡང་རང་ངོས་ནས་བྱེད་དགོས་པ་རེད། ས་གནས་ལས་ཁུངས་ཁག་གི་ངོས་ནས་ནམ་རྒྱུན་རྒྱལ་ཁབ་དང་དབུས་གཞུང་གིས་དེ་ལས་ཆེ་བའི་སྐད་ཡིག་ཐོབ་ཐང་རྡོག་རྡོག་ཅིག་ཨེ་སྤྲོད་ན་སྙམ་ནས་འདུག་པ་ལས། སོ་སོར་ད་ཡོད་ཀྱི་ཐོབ་ཐང་དང་དབང་ཆ་གང་ཡོད་པ་དེ་ལ་བརྟེན་ཏེ་ཡུལ་ཁྲིམས་ཞིབ་ཕྲ་བཟོ་དགོས་པ་དང་། ད་སྔ་བཟོས་ཟིན་པའི་ཁྲིམས་དེ་དག་སྣང་མེད་དུ་མི་འཇོག་པར་དུས་ནས་དུས་སུ་འཐུས་ཚང་ཅན་དུ་བཏང་སྟེ་ལག་བསྟར་བྱེད་ཐབས་ལ་འབད་བརྩོན་བྱེད་དགོས་པ་རེད། ས་གནས་སྲིད་གཞུང་དང་ལས་ཁུངས་ཁག་གིས་སྐད་ཡིག་ཐོབ་ཐང་ལ་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་མཐོང་གི་ཡོད་ན། ཁྲིམས་ལ་བརྟེན་ནས་ཐབས་མཁས་ཀྱི་སྒོ་ནས་ཁ་གཏད་གཅོག་དགོས་པ་རེད། ད་ལྟའི་ཆར་བོད་ཀྱི་བླ་ཆེན་ཕལ་ཆེ་བ་ཁྲིམས་བཟོ་བ་ཡིན་སྟབས། ཁོང་ཚོས་ཀྱང་རང་རང་གི་ས་གནས་ནས་བཟོས་བའི་ཁྲིམས་དེ་བེད་སྤྱོད་ཡག་པོ་བཏང་བ་ཡིན་ན། བོད་མིའི་སྐད་ཡིག་གི་ཐོབ་ཐང་ཙམ་མ་ཡིན་པར། ཕྱོགས་ཡོངས་ཀྱི་ལས་དོན་ཐད་ལ་ཕན་ཐོགས་རྒྱ་ཆེན་པོ་ཞིག་བསྒྲུབ་ཐུབ་ཀྱི་ཡོད་པ་རེད།
དྲི་བ། ཕྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་རང་དབང་། ཆོས་ལུགས་དད་མོས་རང་དབང་། འདུ་འཛོམས་རང་དབང་། གསར་འགོད་རང་དབང་སོགས་དང་བསྡུར་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་ལོགས་ཀྱི་གྲངས་ཉུང་མི་རིགས་ཁག་གི་རང་དབང་ཐོབ་ཐང་གི་གནས་སྟངས་ག་འདྲ་ཡོད་པ་རེད།
ལན། རྒྱ་ནག་ལ་ཁྲིམས་སྒྲིག་རིགས་གཏན་འབེབས་བྱས་ཏེ་ལོ་ ༤༠ ཙམ་ལས་ཕྱིན་ཡོད་པ་མ་རེད། ལྷག་པར་དུ་ཁྲིམས་སྐྱོང་གི་འདུ་ཤེས་དེ་ལས་ཀྱང་རྗེས་ལུས་ཐེབས་ཡོད་པ་རེད། ལོ་ངོ་གཉིས་བརྒྱ་ལྷག་གི་ཁྲིམས་སྐྱོང་ལོ་རྒྱུས་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་བསྡུར་ན། འཐུས་ཚང་མིན་པ་ཤིན་ཏུ་མང་པོ་ཡོད་པ་རེད། ཁྲིམས་ལུགས་ཀྱིས་བྲིན་མིན་དེ་ཡང་རྒྱལ་ཁབ་ཀྱི་སྒྲིག་གཞི་ལ་རག་ལས་ཡོད་པ་མ་ཟད། མི་མང་གི་ཤེས་ཡོན་གནས་ཚད་དང་བསམ་བློའི་གོ་རྟོགས་སོགས་ལའང་ཐུག་ཡོད་པ་རེད། ད་ལྟ་རྒྱ་ནག་གི་ཉེས་ཁྲིམས་དང་དེའི་བརྒྱུད་རིམ། རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་བཅས་ལ་ནུས་པ་ཆེན་པོ་མེད་པ་དང་། ཀ་བ་གསུམ་གྱི་རྣམ་དབྱེ་མེད་པ་སོགས་ཁྲིམས་སྐྱོང་དང་མི་མཐུན་པའི་སྐྱོན་ཆ་མང་པོ་ཡོད་པ་རེད། འོན་ཀྱང་དམངས་ཁྲིམས་དང་ཚོང་ཁྲིམས། ཤེས་རིག་བདག་དབང་སོགས་ཀྱི་ཁྲིམས་གང་ལ་གང་འཚམ་དར་རྒྱས་ཕྱིན་ཏེ། འཛམ་གླིང་ཡར་རྒྱས་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད་ཟེར་ན་མི་ཆོག་རྒྱུ་ཡོད་པ་མ་རེད། ཡིན་ནའང་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཧ་ཅང་ཐབས་སྡུག་ཅིག་གི་འོག་ཏུ་གནས་ཡོད་པ་རེད། དེ་ནི་རྒྱལ་ཁབ་ཀྱིས་དོ་སྣང་མ་བྱས་བ་དང་། ས་གནས་མི་རིགས་སོ་སོས་ཀྱང་ཐབས་ལམ་ཡང་དག་ལ་བརྟེན་ནས་འབད་བརྩོན་མ་བྱས་པའི་རྒྱུ་མཚན་སོགས་ལ་བརྟེན་ཏེ་བྱུང་བ་རེད། ཅི་ལིན་ཞིང་ཆེན་གྱི་ཡན་པེན་རང་སྐྱོང་ཁུལ་ལ་མཚོན་ན། བརྩོན་པ་ལྷུར་ལེན་བྱས་བར་བརྟེན་ནས་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་ཀྱིས་ཁོང་ཚོར་ཤིན་ཏུ་བྲིན་པོ་བྱུང་ཡོད་སྟབས། ས་གནས་མི་རིགས་རང་ངོས་ནས་ཐོབ་ཐང་བརྩོན་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། རྒྱ་ནག་རྒྱལ་ཁབ་དེ་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཏུ་བསྒྱུར་འདོད་ན། དེའི་ཆབ་འབངས་སུ་གྱུར་ཟིན་པའི་བོད་པ་ཚོས་ཀྱང་མ་མཐར་ཡང་ཁྲིམས་ནི་ཅི་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས་པ་དང་། ཁྲིམས་ཀྱི་གླགས་ལ་བལྟས་ནས་མི་རིགས་འདིའི་རིག་གནས་ཉག་ཕྲ་བའི་སྐབས་སུ་མུ་མཐུད་དུ་གསོན་གནས་ཇི་ལྟར་བྱེད་པའི་ཐབས་ལམ་འཚོལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་ནུས་པ་མཉམ་སྤུངས་བྱེད་དགོས་པས་རེད།
གསར་འགོད་པ། པདྨ་རྒྱལ།
དུས་བབ་ཀྱིས་བཅར་འདྲི་གནང་བར་བཀའ་དྲིན་ཆེ་ཞུས། བཅར་འདྲི་འདི་བརྒྱུད་ནས་དྲ་གྲོགས་ལྷན་རྒྱས་རྣམ་པས་ཁྲིམས་གླེང་དྲ་ཚིགས་ལ་དོ་སྣང་གནང་རོགས་ཞུ།
trimleng.com