འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་བོད་པའི་སྤྱི་ཚོགས་ནང་དཔྱད་རྩོམ་འགྲན་བསྡུར་ཞིག་གནང་སྟེ་བོད་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ལ་བསྟེན་ཚུལ་དང་༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་བཅས་ཀྱི་ཐོག་དཔྱད་རྩོམ་སྤེལ་ཡོད་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དཔྱད་རྩོམ་འགྲན་བསྡུར་ཞིག་གནང་བའི་མཐའ་མའི་བྱ་དགའ་སྤྲོད་པ་དང་དཔྱད་རྩོམ་ཕྱོགས་བསྒྲིགས་ <<འཚེ་མེད་ཞི་བའི་ཕོ་ཉ་>>ཞེས་པ་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། དཔྱད་རྩོམ་འགྲན་བསྡུར་ཁྲོད་ཀྱི་ཨང་ཐོབ་རྣམ་པ། དེ་བཞིན་འབྲེལ་ཡོད་མི་སྣ་ཁག་ཅིག་བཅས་འཛོམས་འདུག
དཔྱད་རྩོམ་འགྲན་བསྡུར་ཁྲོད། མཐོ་སློབ་ཁག་དང་གཞི་རིམ་སློབ་གྲྭ་ཁག དེ་བཞིན་མི་མང་བཅས་དུམ་བུ་གསུམ་ལ་དབྱེ་ཡོད་པའི་ཁྲོད། མཐོ་སློབ་ཁག་ལས་ཨང་དང་པོ་དེ་སཱ་ར་མཐོ་སློབ་ཀྱི་སློབ་མ་འཇམ་དབྱངས་བསྟན་པ་ལགས་དང་། ཨང་གཉིས་པ། སཱ་ར་མཐོ་སློབ་ཀྱི་སློབ་མ་ཚུལ་ཁྲིམས་རྒྱ་མཚོ་ལགས། ཨང་གསུམ་པ། ཝར་ན་མཐོ་སློབ་ཀྱི་སློབ་མ་འཇམ་དབྱངས་དོན་གྲུབ་ལགས་བཅས་སུ་ཐོབ་འདུག གཞི་རིམ་སློབ་གྲྭ་ཁག་ལས་ཨང་པོ་དེ་ཤེས་རབ་དགའ་ཚུལ་སློབ་གླིང་གི་སློབ་མ་ཐུབ་བསྟན་དགའ་བ་ལགས་དང་། ཨང་གཉིས་པ། ཝར་ན་མཐོ་སློབ་ཀྱི་སློབ་མ་སྤེན་པ་ཆུང་བདག་ལགས། ཨང་གསུམ་པ། ཝར་ན་མཐོ་སློབ་ཀྱི་སློབ་མ་བློ་བཟང་བཀྲ་ཤིས་ལགས་བཅས་སུ་ཐོབ་འདུག མི་མང་ནང་ནས་ཨང་དང་པོ་སཱ་ར་མཐོ་སློབ་ཀྱི་དགེ་རྒན་གོང་དཀར་རག་རྣམ་ལགས་དང་། ཨང་གཉིས་པ། ནོར་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པ་ཉི་མ་འོད་སྣང་ལགས། ཨང་གསུམ་པ། སེར་བྱེས་གྲྭ་ཚང་གི་དགེ་བཤེས་ལྷུན་གྲུབ་ཆོས་ལྡན་ལགས་བཅས་སུ་ཐོབ་ཡོད་པ་རེད།
དཔྱད་རྩོམ་འགྲན་བསྡུར་ཁོངས་ཨང་རིམ་རྩེར་སོན་ལྔ་ལ་ཆེ་མཐོང་གནང་ཡོད་པའི་ཁྲོད་ཨང་དང་པོར་ཧིན་སྒོར་ ༡༠༠༠༠ དང་ཕྱག་འཁྱེར། ཨང་རིམ་གཉིས་པར་ཧིན་སྒོར་ ༨༠༠༠ དང་ཕྱག་འཁྱེར། ཨང་རིམ་གསུམ་པར་ཧིན་སྒོར་ ༦༠༠༠ དང་ཕྱག་འཁྱེར། དེ་བཞིན། ཨང་རིམ་བཞི་པ་དང་ལྔ་པར་༧གོང་ས་མཆོག་གི་གསུང་རྩོམ་དཔེ་དེབ་གཅིག་དང་ཕྱག་འཁྱེར་བཅས་ཕུལ་ཡོད་པ་རེད། དཔྱད་རྩོམ་འགྲན་བསྡུར་གྱི་དཔྱང་དཔྱོད་པ་དག་ནི། ཤེས་རིག་ལས་ཁུངས་ཀྱི་ཨ་ཅ་རི་ཡ་ཀརྨ་སྨོན་ལམ་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་སྲོལ་རྒྱུན་ཉམས་ཞིབ་ཚན་པའི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། ༧གོང་ས་མཆོག་གསུམ་འབུམ་ཕྱོགས་སྒྲིག་པའི་ཁོངས་མི་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་བཅས་ཡིན་འདུག
མཛད་སྒོ་དབུ་འཛུགས་ཐོག་ལྟེ་གནས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་ལགས་ཀྱིས་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ངོ་སྤྲོད་གནང་པ་ལྟར་ན། ༡༩༩༦ ལོར་ཨ་རི་ནས་ཡིན་པའི་སྐུ་ཞབས་ར་བྷེ་རྗན་ཌི་ལིར་ (Rabbi E Gendler) དང་ཁོང་གི་སྐུ་ཟླ་མ་རེ་རྗན་ཌི་ལིར་ (Dr. Mary Gendler) ལགས་གཉིས་བོད་ནང་བསྐྱོད་དེ་བོད་ནང་གི་གནས་སྟངས་ལ་གཟིགས་ཞིབ་གནང་རྗེས་དྷ་རམ་ས་ལར་ཕེབས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་ཡོད་པ་དང་། ༢༠༠༧ ལོར་རྒྱ་གར་གཞུང་ལ་བཀའ་འཁྲོལ་ཞུས་པའི་ཐོག་ནས་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ཁང་གསར་འཛུགས་གནང་བ་དང་། ད་བར་༧རྒྱལ་བ་རིན་པོ་ཆེ་མཆོག་གི་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་དམ་བཅའ་གསུམ་གཞིར་བཞག་ཐོག བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དང་སློབ་གྲྭ་ཁག་བཅས་སུ་ཟབ་སྦྱོང་དང་སློབ་འཁྲིད་ ༡༦༦ ཙམ་སྤེལ་ཏེ་མི་མང་དང་སློབ་ཕྲུག་ ༦༥༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག
དབང་འདས་ཚེ་རིང་ལགས་ཀྱིས་བརྗོད་དོན། “འཚེ་མེད་ཞི་བའི་ལས་འགུལ་ཟེར་དུས་མར་མེ་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་སྟངས་གཅིག་པུ་མིན་པར། འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་སྟངས་རྣམ་གྲངས་མི་འདྲ་བ་ ༡༩༨ ལྷག་ཡོད་པ་དེའི་ཐོག་ནས་སོ་སོས་ཐབས་ལམ་གསར་བ་འཚོལ་ཐབས་དང་ལག་བསྟར་གནང་ཕྱོགས་ཐོག་ལ་ང་ཚོས་ཟབ་སྦྱོང་སྤྲད་པ་ཡིན།” ཞེས་བརྗོད་སོང་།
དཔྱད་རྩོམ་འགྲན་བསྡུར་གྱི་བརྗོད་གཞི་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་འཚེ་མེད་ཞི་བའི་དགོངས་གཞི་དང་སྤྱི་ཡོངས་ཀྱི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་མིའི་རང་དབང་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་དུ་འགྲོ་དགོས་པའི་ཐོག་མཐོ་སློབ་དང་གཞི་རིམ་མང་ཚོགས་བཅས་སྡེ་ཚན་གསུམ་དུ་དབྱེས་ཡོད་པ་དང་། མཐོ་སློབ་ཁག་ཏུ་༼༧གོང་ས་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ལག་ལེན་དང་དེའི་འཕེལ་རིམ།༽ དང་། ༼འཚེ་མེད་ཞི་བ་དང་བོད་མིའི་རང་དབང་འཐབ་རྩོད།༽།༼༧གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་གསུམ་ནི་འཛམ་གླིང་ཞི་བདེ་བསྐྲུན་པར་བྱ་བའི་དམ་བཅའ་གསུམ་ཡིན།༽ ཞེས་པ་གསུམ་དང་། གཞི་རིམ་སློབ་གྲྭ་ཁག་ཏུ་༼ངའི་མིག་ནང་གི་༧གོང་ས་ཏཱ་ལའི་བླ་མ་དང་།༽དང་། ༼༧གོང་ས་མཆོག་ནི་ཞི་བདེའི་ཕོ་ཉ་ཡིན།༽། ༼འཛམ་གླིང་ཞི་བདེ་བསྐྲུན་པར་བཟང་སྤྱོད་དང་ལྡན་པའི་ཤེས་ཡོན་གྱི་གལ་གནད།༽ ཅེས་པ་གསུམ། དེ་བཞིན། མི་མང་ནང་༼༧གོང་ས་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ལག་ལེན་དང་དེའི་འཕེལ་རིམ་༽ དང་། ༼༧གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལམ་ནས་འཇིག་རྟེན་ཞི་བདེ་བསྐྲུན་ཐབས།༽། ༼ བོད་པ་ཞིག་ཡིན་པའི་ཆ་ནས་འཚེ་མེད་ཞི་བའི་ལམ་ལ་ཇི་ལྟར་བསྟེན་ཚུལ༽ ཞེས་ཡིན་འདུག
དབང་འདུས་ཚེ་རིང་ལགས་ཀྱིས་བརྗོད་དོན་ “བརྗོད་གཞི་༧གོང་ས་མཆོག་གི་ལྟ་དགོངས་དང་འབྲེལ་ཏེ་འཚེ་མེད་ཞི་བའི་སྐོར་སེམས་ནང་འཁོར་སྟངས་དེ། སྔོན་ཆད་ང་རང་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཅིག་ལ་ཉན་པའི་གོ་སྐབས་རག་སོང་། བཀའ་སློབ་དེའི་ནང་རྒྱལ་བ་རིན་པོ་མཆོག་གིས་བོད་པ་ཚོ་ལས་མགོ་སེར་དེ་ཚོས་ངོས་རང་ཡག་པོ་ངོས་ཤེས་ཀྱི་རེད་ཅེས་གསུངས་འདུག དེར་བརྟེན། ང་ཚོ་བོད་པ་ཚོས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་ཙམ་ལས། རྩ་བའི་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ག་རེ་ཡིན་པ་ཤེས་ཀྱི་མེད་སྟབས། དེའི་སྒང་ལ་སློབ་ཕྲུག་ཚོས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོར་མཐོང་ནས་བརྗོད་གཞི་འདི་བདམས་པ་ཡིན།” ཞེས་བརྗོད་སོང་།
ཤེས་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས། འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་སྤྱི་ཚོགས་ཆབ་སྲིད་གང་ཅིའི་ཐོག་ཡར་རྒྱས་གཏོང་བའི་ཐབས་ལམ་གསར་བཏོད་གནང་མཁན་གཙོ་བོ་དེ་མེས་པོ་དམ་པ་གྷན་དྷི་མཆོག་རེད། ལྟ་གྲུབ་དེའི་ཐོག་ལ་བསམ་ཚུལ་བསྡུ་རུབ་བྱས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་བའི་ཉིན་མོའི་དུས་མཚམས་འདིར་དཔེ་དེབ་དབུ་འབྱེད་གནང་གི་ཡོད་པ་དེ་ཞེ་དྲགས་ཡག་པོ་རེད། འཚེ་བ་མེད་པ་ཟེར་དེ་རྒྱ་གར་སྐད་ནང་ཨ་ཧེམ་ས་ (Ahimsa) ཟེར་གྱི་ཡོད་ས་རེད། དེ་ཡང་ཨ་ཞེས་པ་དེ་དགག་སྒྲ་དང་ཧེམ་ཞེས་པ་དེ་འཚེ་བ་ཞེས་པའི་དོན་ཡིན་པ་དང་། ཚིག་དེ་གཉིས་མཉམ་དུ་སྦྱར་ན་འཚེ་བ་མེད་པའི་དོན་ཡིན་པ་དང་། རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་གྱི་དཔེ་དེབ་དེ་དག་ནང་ཚིག་དེ་ཧིན་དྷིའི་ནང་ཡོད་པའི་བཟོ་འདྲ་བོ་གསུང་གི་འདུག གང་ལྟར། འཚེ་བ་མེད་པ་ཞེས་པ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་སྙིང་བོ་ཞིག་ཡིན་པ་ང་ཚོ་ཚང་མས་མཁྱེན་གསལ་རེད། དེར་བརྟེན། ལྟ་གྲུབ་དེ་ང་ཚོ་བོད་པའི་གོམས་གཤིས་དང་བོད་པའི་སྤྱི་ཚོགས་ནང་ཞེ་དྲགས་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་རེད་དེ། ལག་ལེན་ག་ཚོད་ཅིག་བསྟར་ཐུབ་ཡོད་མེད་དེ་གནས་ཚུལ་ལོགས་ཀ་རེད། མེས་པོ་དམ་པ་གྷན་དྷི་ཡི་འཚེ་བ་མེད་པའི་ལྟ་གྲུབ་དེ་ཆབ་སྲིད་སྤྱི་ཚོགས་སྒྲིག་འཛུགས་གང་ཅིའི་ཐོག་ནས་ཡར་རྒྱས་གཏོང་ཐབས་སུ་དར་སྤེལ་དང་ལག་ལེན་བསྟར་ཡོད་པ་རེད། དཔེར་ན། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས། ཨེ་ཤ་ཡའི་ནང་གི་རྒྱ་གར་རྒྱལ་ཁབ་ཆེན་པོ་འདི་དབྱིན་ཇིའི་མངའ་འོག་ནས་རང་བཙན་ལེན་ཐུབ་ཡོད་པ་དང་། དེ་བཞིན། ནུབ་ཕྱོགས་སུ་ཡིན་ནའང་ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཁྲོད་དུ། མི་ནག་གི་རང་དབང་ཐོབ་ཐང་འདྲ་མཉམ་སོགས་ལེན་ཐུབ་ཡོད་པ་ལྟ་བུ་སོགས་རེད། དེར་བརྟེན། ང་ཚོས་མེས་པོ་དམ་པོ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ཚོར་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་སོང་།
གསར་འགོད་པ། པདྨ་རྒྱལ།