པེ་ཅིན་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་ནས་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལོའུ་ཡུན་ཧྲན་གྱིས་ཏང་ཕྱི་ནང་དང་མགོ་འཁྲིད་རིམ་པར་བཟོས་པའི་གནོད་སྐྱོན་ཤུགས་རྐྱེན་ངན་པར་གནས་དབྱུང་གི་ཐག་གཅོད་ནན་པོ་གཅོད་དགོས་པའི་སྙན་ཞུ་ཕུལ་ཡོད་པ་དང་། ཞི་ཅིན་ཕིན་གྱིས་ཧོང་ཀོང་རང་བཙན་གྱི་ཡོངས་བསྒྲགས་ཞི་འཇགས་གཏོང་བའི་གོ་སྐབས་དང་བསྟུན་ལོའུ་ཡུན་ཧྲན་སོགས་ཚར་གཅོད་རྒྱུའི་ཉེན་ཁ་ཡོད་པ་རེད་ཟེར།
འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲ་རྒྱའི་ཐོག་༼མཐོ་རིམ་དཔོན་རིགས་ནས་གནོན་པ།༽ཞེས་པའི་བསྒྲགས་གཏམ་ཞིག་སྤེལ་ཏེ། མཐོ་རིམ་དཔོན་རིགས་ནས་མགོ་བརྩམས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཟབ་ནན་དང་ལྟ་རྟོག་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཅང་ཙེ་མིན་གྱི་འཐབ་གྲོགས་ཀྲུའུ་ཡོང་ཁང་དང་པའོ་ཞི་ལེ། གོ་པའོ་ཞོང་། ཞི་ཚེ་ཧུའུ། ལིན་ཅི་ཧྭ་སོགས་ཀྱིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་ནག་ཉེས་ཀྱིས་ད་ལྟའང་གནམ་འོག་བདེ་འཇགས་མིན་པ་གསལ་པོ་སྟོན་གྱི་ཡོད་པ་མ་ཟད། མཐོ་རིམ་དཔོན་རིགས་ཚོས་ཤེས་མེད་ཚོར་མེད་ཀྱིས་ཐ་ན་ནོར་འཁྲུལ་གྱི་རྗེས་དེད་དེ་མུ་མཐུད་མདུན་དུ་རྒྱུག་མི་རུང་བའི་ཉེན་བརྡ་གཏོང་བཞིན་ཡོད་ལ། ཏང་ནང་ཁུལ་དུ་ཕྱོགས་ཁག་སྒྲིག་པ་དང་ཏང་ལ་ཁ་གཡར་ཏེ་སྒེར་གྱི་ཁེ་བཟང་འཚོལ་བ། སྒེར་དབང་རིང་ལུགས་དང་རང་དབང་རིང་ལུགས། ཕྱོགས་རིས་རིང་ལུགས། ཁ་བྲལ་རིང་ལུགས་སོགས་ཀྱི་བྱ་སྤྱོད་ཀྱིས། ཏང་གི་གཞི་རྩའི་སྒྲིག་གཞི་དང་སྒྲིག་འཛུགས་ཀྱི་རྩ་དོན་ལ་རྩིས་མེད་རྡོག་བསྣོ་གཏོང་བཞིན་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཏོར་བརླག་དང་འབག་བཙོག་ཚབས་ཆེན་བཟོ་ཡི་ཡོད་སྟབས། ཏང་ནང་གི་མཐོ་རིམ་དཔོན་རིགས་ནས་མགོ་བརྩམས་ཏེ་ལྟ་ཞིབ་གཟབ་ནན་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་རེད།
བསྒྲགས་གཏམ་དེ་སྤེལ་རྗེས་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ད་ལྟའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། དབུས་ཆབ་སྲིད་ལས་སྒྲུབ་ཁང་གི་མགོ་འཁྲིད་ལོའུ་ཡུན་ཧྲན་གྱི་ཆབ་སྲིད་རྙོག་གླེང་ལ་སྔར་ལས་ཚོད་དཔག་དང་དབྱེ་ཞིབ་ཀྱི་ངར་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ད་ལྟའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལྷན་གྱི་མགོ་འཁྲིད་ཀྲང་ཏི་ཅང་དང་སྲིད་བློན་གཞོན་པ་ཀྲང་གོ་ལི་སོགས་ཀྱང་ཟུར་ཙམ་གླེང་བ་ནས་ཁ་ཇེ་གསལ་དུ་ཕྱིན། འདི་ལོའི་ཕྱི་ཟླ་ ༨ པའི་ཧོང་ཀོང་གི་ཀྲིན་མིན་《争鸣》དུས་དེབ་ཐོག འདི་ལོའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་སྒྲིག་ཚོགས་འདུ་དང་སྲིད་གྲོས་ཀྱི་མགོ་འཁྲིད་ལྷན་ཚོགས་ཐོག རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་མགོ་འཁྲིད་ལོའུ་ཆི་པའོ་དང་དབང་འཛིན་གཙོ་གཉེར་བ་ལོའུ་ཡུན་ཧྲན་གཉིས་མིང་འདོན་བྱས་ཏེ། ཉེ་བའི་ལོ་ཤས་ནང་དམིགས་ཡུལ་ངེས་ཅན་གྱི་ཐོག་ནས་བསམ་བཞིན་དྲིལ་བསྒྲགས་ལས་རིགས་ནང་གཡོན་ཐལ་ཆེ་བའི་བྱ་སྤྱོད་མང་པོ་སྤེལ་གྱི་ཡོད་པ་དང་། བྱ་སྤྱོད་དེས་པེ་ཅིན་གཞུང་གི་དྲིལ་བསྒྲགས་ཁ་ཕྱོགས་ལ་གཏོར་བརླག་གཏོང་གི་འདུག་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ། ལོའུ་ཡུན་ཧྲན་གྱིས་རང་སྐྱོན་ཞིབ་བཤེར་བྱས་ཡོད་པ་མ་ཟད། ཁོ་རང་གི་བསམ་བློའི་ཆུ་ཚད་དམའ་བ་དང་གནད་དོན་ཐག་གཅོད་ཀྱི་ནུས་པ་ཞན་པ། དེ་བཞིན་བྱ་བའི་སྣེ་འཁྲིད་ཀྱི་ཆུ་ཚོད་དམའ་བོ་ཡོད་པ་ངོས་ལེན་བྱས་ཡོད། ཡིན་ནའང་། ཞི་ཅིན་ཕིན་གཞུང་ལ་ཁ་གཏད་ཀྱི་ཆབ་སྲིད་ལངས་ཕྱོགས་བཟུང་ཡོད་པ་གཏན་ནས་ངོས་ལེན་བྱས་མེད་སྐོར་བརྗོད་ཡོད་པ་རེད།
ཉེ་བའི་ལོ་ཤས་ནང་ཀྲུང་ནན་ཧེ་ཆེས་མཐོའི་མགོ་འཁྲིད་རིམ་པའི་ནང་རྩུབ་བརྡར་ཆེ་བའི་“ངར་ལྕགས་ཟུར་གསུམ་མ”གཉིས་ཡོད་པར་རྗོད་ཀྱི་ཡོད་པ་དང་། ངར་ལྕགས་ཟུར་གསུམ་མ་གཅིག་ནི་ཅང་ཙེ་མིན་ཚོགས་པའི་མདུན་མཆོང་བ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་མགོ་འཁྲིད་ཀྲང་ཏི་ཅང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཀྲང་གོ་ལི། དབུས་ཆབ་སྲིད་ལས་སྒྲུབ་ཁང་གི་མགོ་འཁྲིད་ལོའུ་ཡུན་ཧྲན་བཅས་ཡིན་པ་དང་། ངར་ལྕགས་ཟུར་གསུམ་མ་གཞན་དེ་ནི་ཞི་ཅིན་ཕིན་དང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཝང་ཅི་ཧྲན་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་འཁྲིད་ཡུས་ཀྲིན་ཧྲིན་བཅས་ཀྱིས་གྲུབ་པའི་དཔུང་ཚོགས་དེ་ཡིན་ཞིང་། ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་ཆེན་གྱི་དབང་ཆ་བེད་སྤྱད་དེ་ཞི་ཅིན་ཕིན་གྱི་ཐོབ་ཐང་ལ་འཇབ་རྒོལ་བྱེད་པ་དང་། ལོའུ་ཡུན་ཧྲན་གྱིས་དྲིལ་བསྒྲགས་ཀྱི་ཐབས་ལམ་བརྒྱུད་ཞི་ཅིན་ཕིན་དང་ཝང་ཅི་ཧྲན་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་བྱེད་ཐབས་ནུས་མེད་བཟོ་བ། ཀྲང་གོ་ལི་ཡི་དཔལ་འབྱོར་ཐབས་ཇུས་ཀྱིས་ཡུས་ཀྲིན་ཧྲིན་ནས་བསླུ་བྲིད་བྱས་པའི་ཁེ་ལས་ཀྱི་སྒེར་སྡེམ་པ་རྣམས་ཁ་འཐོར་དུ་གཏོང་ཐབས་བྱེད་བཞིན་པ་རྗོད་ཀྱི་ཡོད་པ་རེད།
ལོའུ་ཡུན་ཧྲན་ལ་རྒོལ་གཏམ་བསྒྲཊ།
ཧོང་ཀོང་གི་འདི་ལོའི་ཕྱི་ཟླ་ ༦ པའི་《争鸣》དུས་དེབ་ཐོག་བཀོད་པའི་གནས་ཚུལ་ལྟར་ན། རྒྱ་ནག་ཆབ་སྲིད་ལྷན་ཁང་གི་ཚོགས་མི་དབུས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཝང་ཧུའུ་ནིན་(王沪宁)དང་། དབུས་རྩ་འཛུགས་ཁང་གི་མགོ་འཁྲིད་ཀྲོ་ལི་ཅི་(赵乐际)། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་མཱ་ཁེ་(马凯)། དབུས་སྲིད་ཁྲིམས་ཁང་གི་དྲུང་ཆེ་མོང་ཅན་ཀྲུའུ་(孟建柱)། དེ་བཞིན་པེ་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་གོ་ཅིན་ལོང་བཅས་དབུས་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་ ༥ ཡིས་མཉམ་འབྲེལ་གྱི་ཞུ་འཕྲིན་ཕུལ་ཏེ། སྒྲིག་གཞི་ལྟར་དབུས་ཨུ་ཡོན་ལྷན་ཁང་གིས་དམིགས་བསལ་ཚོགས་འདུ་སྐོང་བའམ་ཡང་ན་དབུས་ཆབ་སྲིད་ལྷན་ཁང་གི་རྒྱས་འཛོམས་ཚོགས་འདུ་བསྡུས་ཏེ། ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལོའུ་ཡུན་ཧྲན་གྱི་ལས་སྣེའི་འགལ་འཛོལ་སྐོར་གླེང་སློང་ཐག་གཅོད་དགོས་པ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་རེད།
དཔོན་རིགས་དེ་ལྔ་ཡིས་ལོའུ་ཡུན་ཧྲན་གྱི་ནག་ཉེས་ཐག་གཅོད་སྐོར་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་ནི། གཅིག ལོའུ་ཡུན་ཧྲན་ལ་ཞིབ་བཤེར་བྱེད་སྐབས། ལོའུ་ཡི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་ཚོགས་མི། དབུས་ཆབ་སྲིད་ལས་སྒྲུབ་ཁང་གི་མགོ་འཁྲིད། དབུས་ཏང་སློབ་ཀྱི་སློབ་གཙོ། དབུས་བསམ་པའི་དཔལ་འབྱོར་འཛུགས་སྐྲུན་སློབ་སྟོན་ཚན་པའི་མགོ་འཁྲིད་སོགས་ཀྱི་ཐོབ་ཐང་གནས་སྐབས་མཚམས་འཇོག་དགོས་པ།
གཉིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ལོའུ་ཡུན་ཧྲན་ལ་གོ་དབང་ཐོབ་པ་དང་། ལྷག་པར་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ནས་བཟུང་བྱུང་བའི་ཏང་ནང་ཁུལ་གྱི་“རྒྱུན་ལྡན་མིན་པའི་རྩ་འཛུགས་ཀྱི་འགུལ་སྐྱོད།”ལ་གཟབ་ནན་གྱིས་བསམ་ཞིབ་ལྟ་རྟོག་དགོས་པ།
གསུམ། དབུས་ཆབ་སྲིད་ལྷན་ཁང་དང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ནས་ལོའུ་ཡུན་ཧྲན་གྱི་གནད་དོན་ཐད་བསམ་ཞིབ་ནན་ཏན་བྱས་ཏེ། ཁོས་ཏང་ཕྱི་ནང་དང་མགོ་འཁྲིད་རིམ་པར་བཟོས་པའི་གནོད་སྐྱོན་དང་ཤུགས་རྐྱེན་ངན་པར་གནས་དབྱུང་གི་ཐག་གཅོད་ནན་པོ་གཅོད་དགོས།
བཞི། ལོའུ་ཡུན་ཧྲན་གྱིས་གཙོ་གཉེར་བྱས་པའི་དབུས་ཆབ་སྲིད་ལས་སྒྲུབ་ཁང་གི་བྱ་བ་དང་དྲིལ་བསྒྲགས་བྱ་བར་འཐུས་ཤོར་ཆེན་པོ་སོང་བ་དང་། བྱ་བར་འགལ་འཛོལ་བྱུང་བ་རྣམས་ལ་ཞིབ་བཤེར་དགོས་པ་མ་ཟད། བྱ་བའི་འགལ་འཛོལ་གྱི་ནང་རྐྱེན་ཚ་འདེད་དགོས།
ལྔ། དབུས་ཨུ་ཡོན་ལྷན་ཚོགས་ནས་དམིགས་བསལ་ཚོགས་འདུ་བསྡུ་བ་དང་ཡང་ན་དབུས་ཆབ་སྲིད་ལྷན་ཁང་གི་རྒྱས་འཛོམས་་ཚོགས་འདུ་བསྡུས་ཏེ། ལོའུ་ཡུན་ཧྲན་གྱི་གནད་དོན་ཐོག་གྲོས་བསྡུར་བྱས་རྗེས། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༤ ནས་ ༢༧ བར་ཚོགས་པའི་སྐབས་ ༡༨ པའི་རྒྱལ་ཡོངས་མང་ཆེན་གྱི་ཚོགས་འདུ་ཐེངས་ ༦ པའི་ཐོག་ཐག་གཅོད་དགོས་པ་བཅས་ཀྱི་རེ་སྐུལ་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༡༥ ལོའི་ལོ་མགོ་ཙམ་ནས་བཟུང་ཞི་ཅིན་ཕིན་དང་ཝང་ཅི་ཧྲན་གཉིས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ཞེས་པའི་འཐབ་རྩོད་ཀྱི་མདུང་ཁ་ཆེད་དམིགས་ཀྱིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བྱ་བའི་ལས་སྒོ་ཁག་ལ་གཏད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་ཞི་ཅིན་ཕིན་གྱིས་ཏང་གི་གསར་ཁང་ཆེ་ཁག་གསུམ་སྟེ་མི་མང་ཉིན་རེའི་ཚགས་པར་ཁང་དང་ཤིན་ཧྭ། ཀྲུང་དབྱང་བརྙན་འཕྲིན་ཁང་བཅས་ཀྱི་ནང་ཉིན་གཅིག་གི་སྔ་དྲོ་ཧྲིལ་པོར་ལྟ་ཞིབ་བྱས་ཡོད་པ་མ་ཟད། ཆེད་དུ་གསར་འགོད་པའི་ལྷན་ཚོགས་ཤིག་བསྡུས་ཏེ་ཏང་དང་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་གསར་ཁང་གིས་ནམ་ཡང་ཏང་ལ་ཞབས་ཞུ་སྒྲུབ་དགོས་ཞེས་ནན་བརྗོད་ཡོད་པ་དང་། ཚིག་གི་ངོ་གདོང་ཁོ་ནར་བལྟས་ན་དེ་ནི་རྒྱུན་སྤྱོད་ཀྱི་སྐད་ཆ་ཙམ་དང་སྤྱིར་བཏང་བ་ཞིག་ཚོར་སྲིད་ཀྱང་། དོན་གྱིས་ལོའུ་ཡུན་ཧྲན་གྱི་དབང་འོག་ཏུ་ཚུད་པའི་ཏང་གི་གཙོ་གཉེར་གསར་ཁང་གསུམ་གྱི་གཙོས་དྲིལ་བསྒྲགས་ལས་སྒོ་ཁག་ནས་ཞི་ཅིན་ཕིན་གཞུང་ལ་ཡ་ཡོ་ཁ་གཏད་ཀྱི་བྱ་སྤྱོད་རིམ་པ་སྤེལ་པར་ཉེན་བརྡ་ཐོག་འདྲ་བ་ཞིག་བརྒྱབ་པ་ཡིན་ལ། ཞི་ཅིན་ཕིན་ལ་རྒྱ་ནག་དམག་ཁུལ་གྱི་དྲག་དཔོན་ངར་མ་ཕམ་པར་བརྒྱབ་སྟེ་མེ་མདའི་ཉ་རྔ་བཙན་གྱིས་འཕྲོག་པའི་སྟོབས་ཤུགས་ཡོད་པ་ཞིག་ལ། དྲིལ་བསྒྲགས་ལས་རིགས་ཀྱི་མྱུ་གུ་འཕྲོག་རྒྱུར་སོམ་ཉི་མི་དགོས་སྐོར་བརྗོད།
ལོའུ་ཡུན་ཧྲན་གྱིས་རྒྱ་ནག་གི་དྲིལ་བསྒྲགས་བྱ་བའི་ལས་སྒོར་ཞུགས་ཏེ་དབང་བསྒྱུར་བྱས་ནས་ལོ་ ༤༠ ལྷག་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོའི་ལོ་གསར་སྐབས་ཀོང་ཏུང་ལྷོ་ཕྱོགས་གཟའ་མཇུག་ཚགས་པར་《南方周末》ཁང་གིས། ༼ཀྲུང་གོའི་རྨི་ལམ། སྲིད་ཁྲིམས་ཀྱི་རྨི་ལམ།༽ ཞེས་པའི་ལོ་གསར་ཤིས་ཚིག་དེ་འགྲེམས་སྤེལ་མ་བྱས་གོང་དུ། སྐབས་དེར་ཀོང་ཏུང་ཞིང་ཆེན་དྲིལ་བསྒྲགས་ཁང་གི་མགོ་འཁྲིད་ཡིན་ཐའོ་ཀྲིན་(庹震)གྱིས་ནང་དོན་ལ་གནད་དོན་བརྗོད་པར་བརྗོད་དེ་བཟོ་བཅོས་ཐེངས་མང་བྱས་པར་བརྟེན། ལྷོ་ཕྱོགས་གཟའ་མཇུག་ཚགས་པར་གྱི་རྩོམ་སྒྲིག་ཚན་པ་དང་ངོ་རྒོལ་གདོང་ཐུག་བྱུང་ཡོད་པ་མ་ཟད། ལྷོ་ཕྱོགས་གཟའ་མཇུག་ཚགས་པར་གྱི་ཀློག་པ་པོ་རྣམས་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་ལས་འགུལ་སྤེལ་ཏེ་གསར་འགྱུར་རང་དབང་ལ་དམ་དྲག་བྱས་པའི་སྐྱོན་བརྗོད་ངོ་རྒོལ་བྱས་ཡོད་པ་རེད།
དེ་ནས་བཟུང་ལོའུ་ཡུན་ཧྲན་གྱིས་རང་ཉིད་ཀྱི་ལག་ཏུ་ཡོད་པའི་དྲིལ་བསྒྲགས་ཀྱི་སྨྱུ་གུ་དེ་ཞི་ཅིན་ཕིན་གཞུང་ལ་ཁ་གཏད་གཅོག་པའི་རྣོ་ངར་ཅན་གྱི་མཚོན་ཆ་ཞིག་ཏུ་བེད་སྤྱད་དེ་རྙོག་གཞི་མང་དག་ཅིག་བྱུང་། ཕྱི་ལོ་ ༢༠༡༤ ཟླ་ ༡༠ པའི་ནང་ཞི་ཅིན་ཕིན་གྱིས་གཙོ་སྐྱོང་བྱས་པའི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐོག ལོའུ་ཡུན་ཧྲན་གྱི་གོ་སྒྲིག་འོག ཞི་ཅིན་ཕིན་གཞུང་ནས་དབུས་གཞུང་གི་བྱ་འགུལ་དང་གསར་འགྱུར་བརྒྱུད་ལམ་ཐོག་གཏན་འགོག་བྱས་པའི་དྲ་ཐོག་ཆབ་སྲིད་དཔྱད་བརྗོད་པ་ཀྲུའུ་ཞོ་ཕིན་དང་། ཧྭ་ཆན་ཧྥང་གཉིས་“བརྒྱུད་ལམ་གསར་གཏོད་པའི་འཐུས་ཚབ”་ཡིན་པར་བརྗོད་དེ་དབུས་གཞུང་གི་ཚོགས་འདུའི་ཐོག་ཞུགས་ཏུ་བཅུག་ཡོད་པ་མ་ཟད། ཞི་ཅིན་ཕིན་དང་ཐུག་འཕྲད་བྱས་པའི་གནས་ཚུལ་སྤྱི་ཚོགས་ཐོག་ཁྱབ་ཏུ་བཅུག་པར་བརྟེན། འདས་པའི་ལོ་ངོ་བཅུ་གྲངས་ནང་གི་དབུས་དྲིལ་བསྒྲགས་བྱ་བའི་ཁྲོད་ཀྱི་དགོད་གཏམ་ཆེན་པོ་ཞིག་ཏུ་གྱུར་བ་མ་ཟད། ཞི་ཅིན་ཕིན་ལ་རྒྱབ་སྐྱོར་དང་དགའ་མོས་བྱེད་མཁན་མང་པོ་ཞིག་གིས་བློ་ཕམ་ཆེན་པོས་སྐྱོན་བརྗོད་བྱས་ཡོད་པ་རེད།
འདས་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱ་ནག་གཞུང་གིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྟེ་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་པ་དང་། ཞི་ཅིན་ཕིན་གཞུང་གིས་ཡུན་རིང་རེ་སྒུག་བྱས་པའི་ཉིན་མོ་དེར་གོང་བུ་གཅིག་བསྒྲིལ་གྱི་སྲིད་དབང་སྟོབས་ཤུགས་དང་། དམག་དོན་དྲག་ཆས་ཟིལ་ཤུགས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཀྱི་ཧ་ཅང་གལ་གནད་ཆེ་བའི་ཉིན་མོ་ཞིག་ཆགས་ཡོད། ཉིན་མོ་དེར་གནམ་སྡེ་སྒོ་མོ་ཆེའི་རྒྱང་གཟིགས་སྡིངས་ཆའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་ལས་ཐོག་ལས་ཟུར་བཅས་ཆེས་མཐོའི་དཔོན་རིགས་རྣམས་དང་རྒྱལ་ཕྱིའི་སྐུ་མགྲོན་ཚོ་ལྷན་དུ་འཛོམས་ཏེ་རྒྱང་གཟིགས་བྱེད་སྲོལ་ཡོད་པ་མ་ཟད། ཆེས་མཐོའི་དཔོན་རིགས་ཀྱི་འདུ་འཛོམས་དེའི་ཐོག་དགའ་སྐྱོ་ཆགས་སྡང་དང་ཕྲག་དོག་འགྲན་རྩོད་ཀྱི་མེ་ལྕེ་རབ་ཏུ་འབར་བར་བརྗོད།
འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ཧོང་ཀོང་གི་《争鸣》དུས་དེབ་ཐོག་ཏུ་དཔུང་དམག་རྔམ་སྟོན་དུས་དྲན་གྱི་མཛད་སྒོའི་ཐོག ཞི་ཅིན་ཕིན་གྱིས་ཅང་ཙི་མེན་དང་ཧུའུ་ཅིན་ཐའོ་གཉིས་ཀྱི་རྐུབ་བཀྱག་དབུས་ཆབ་སྲིད་ལྷན་ཁང་གི་ལས་ཐོག་རྒྱུན་ལས་རྣམས་ཀྱི་རྒྱབ་ལོགས་དང་། ཆབ་སྲིད་ལྷན་ཁང་གི་རྒྱུན་ཟུར་རྣམས་ཀྱི་རྐུབ་བཀྱག་ལས་ཐོག་རྣམས་ཀྱི་རྒྱབ་ལོགས་སུ་གྲ་སྒྲིག་བྱས་ཡོད་ཀྱང་། དཔུང་དམག་རྔམ་སྟོན་གྱི་མཛད་སྒོའི་ཞོགས་པར་ལོའུ་ཡུན་ཧྲན་གྱིས་གློ་བུར་དུ་བཀའ་རྒྱ་ཕབ་སྟེ། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་གཉིས་ཀྱི་རྐུན་བཀྱག་དབུས་ཆབ་སྲིད་ལྷན་ཁང་གི་ལས་ཐོག་རྒྱུན་ལས་རྣམས་ཀྱི་མདུན་དུ་བཞག་པ་མ་ཟད། ཞི་ཅིན་ཕིན་གྱི་གཡོན་ཕྱོགས་རང་ལ་གོ་སྒྲིག་བྱས་ཡོད་སྟབས། ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་རྣམས་ཀྱིས་ལོའུ་ཡུན་ཧྲན་གྱི་བྱེད་སྟངས་ལ་དོགས་འདྲོགས་ཆེན་པོ་བསླངས་བ་མ་ཟད། སྒེར་གཅོད་ཆེད་དམིགས་ཀྱིས་ཆབ་སྲིད་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་སྐྱོན་བརྗོད་ཕོག
དེ་ཡང་འདས་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༧ ཉིན་སེངྒ་ཕོར་དུ་ཞི་ཅིན་ཕིན་དང་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་མཱ་ཡེན་ཅུ་གཉིས་ཀྱིས། མཚོ་འགག་གཉིས་ཀྱི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་ཆབ་སྲིད་ཀྱི་གནད་འགག་ཏུ་གྱུར་བའི་ཐུག་འཕྲད་བྱེད་སྐབས། སྔ་ས་ནས་ཞི་ཅིན་ཕིན་གྱིས་དབུས་བརྙན་འཕྲིན་ཁང་གིས་ངེས་པར་དུ་སྐབས་དེའི་གནས་ཚུལ་ཐད་གཏོང་དགོས་པའི་བཀའ་ཕབ་ཡོད་ཀྱང་། ཐད་གཏོང་སྐབས་མཱ་ཡེན་ཅུ་ཡི་གཏམ་བཤད་ཧྲིལ་པོའི་བརྡ་རྟགས་གློ་བུར་དུ་ཆད་ཡོད་པ་དང་། ཉིན་དེའི་དགོང་མོར་དབུས་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་ནང་དུའང་ཐུག་འཕྲད་སྐོར་གྱི་གནས་ཚུལ་ལེ་ཚན་གྱི་མགོ་རུ་བཞག་མེད་པ་སོགས། ཞི་ཅིན་ཕིན་གྱི་བྱ་བར་གཉའ་ཕབ་ཐབས་དང་མཚོ་འགག་གཉིས་བར་གྱི་ཤུགས་རྐྱེན་ལ་བར་ཆད་བཟོས་པའི་རྙོག་གཞི་བྱུང་།
ལོའུ་ཡུན་ཧྲན་གྱི་གཞི་རྟེན་གསུམ།
ཏང་གི་ཚོགས་ཆེན་ ༡༨ པའི་ཐོག་ལོའུ་ཡུན་ཧྲན་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་དབུས་ཆབ་སྲིད་ལས་སྒྲུབ་ཁང་གི་མགོ་འཁྲིད་དུ་བཞག་རྗེས་ཏང་གི་ལས་དོན་ནང་སྔར་ལས་ལག་པ་རིང་པོ་བརྐྱངས་བའི་གོ་སྐབས་བྱུང་། ལོའུ་ཡུན་ཧྲན་གྱིས་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ཐོལ་བརྒལ་བྱས་པའི་གཞི་རྟེན་གཙོ་བོ་ནི། སྨྱུ་གུའི་དཔུང་ཤོག་དང་དྲག་པོའི་དཔུང་ཤོག་གཉིས་ཡིན་ཞིང་། སྨྱུ་གུའི་དཔུང་ཤོག་ནི་ཕྱི་ལོ་ ༡༩༧༥ ལོར་ལོའུ་ཡུན་ཧྲན་ཤིན་ཧྭ་གསར་ཁང་དུ་ལས་ཞུགས་བྱས་ཏེ་རིམ་གྱིས་ནང་སོག་རང་སྐྱོང་ཁུལ་དྲིལ་བསྒྲགས་ཁང་གི་མགོ་འཁྲིད། དེ་ནས་རྒྱ་ནག་དབུས་བརྙན་འཕྲིན་ཁང་དུ་གནས་སྤོས་བཅས་བྱས་ཏེ། མཐའ་མ་དབུས་དྲིལ་བསྒྲགས་ལྷན་ཁང་གི་མགོ་འཁྲིད་དུ་གྱུར་བའི་ཁྱོན་ལོ་ངོ་ ༤༠ ལྷག་རིང་དྲིལ་བསྒྲགས་བྱ་བའི་ལས་སྒོ་ཁག་ཁོའི་དབང་འོག་ཏུ་བཅུག་པ་དེ་ཡིན་ལ། དབུས་དྲིལ་བསྒྲགས་ལྷན་ཁང་ནི་རྒྱ་ནག་དམར་ཤོག་གཞུང་གི་དབུས་ཀྱི་ལྷན་ཁང་ཆེན་པོ་བཞི་སྟེ་དབུས་རྩ་འཛུགས་ཁང་དང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་། དབུས་ཕྱི་འབྲེལ་ལྷན་ཁང་བཅས་ཀྱིས་གང་གི་ཆ་ནས་ཀྱང་བསྡུར་ཐབས་མེད་པར་བརྗོད། ལྷན་ཁང་དེར་ཁོངས་གཏོགས་ལས་ཁུངས་ཤིན་ཏུ་མང་ཞིང་། ལས་བྱེད་ཀྱི་གྲངས་འབོར་མང་བ། དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་བཅས་ཡིན་ཞིང་། དབུས་དྲིལ་བསྒྲགས་ལྷན་ཁང་ཞེས་པའི་དར་ཆའི་འོག་རིག་གནས་ཁང་དང་རླུང་བརྙན་འཕྲིན་སྤྱི་གཉེར་ཁང་། གསར་འགྱུར་ལས་སྒྲུབ་ཁང་། དྲ་རྒྱའི་བདེ་འཇགས་ལྟ་སྲུང་དང་ཆ་འཕྲིན་ཚན་པ་སོགས་ཚུད་ཡོད་པ་རེད།
ལོའུ་ཡི་དྲག་པོའི་དཔུང་ཤོག་ནི་ཁོའི་བུ་ལོའུ་ལི་ཧྥེ་ནི། རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགོ་འཁྲིད་ཟུར་པ་དང་། ཉེན་རྟོག་ཁང་དང་ཆེས་མཐོའི་ཞིབ་བཤེར་ཁང་གི་མགོ་འཁྲིད་ཅཱ་ཁྲིན་ཝང་གི་བུ་མོ་ཅཱ་ལི་ཆིན་གྱི་མག་པ་ཡིན་སྟབས། རྒྱ་ནག་གི་ཆབ་སྲིད་སྡིངས་ཆའི་ཐོག་“ཆབ་སྲིད་གཉེན་འབྲེལ”ཟེར་བའི་འབྲེལ་ཐག་དམིགས་བསལ་བ་དེའི་དཔེ་མཚོན་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ཆབ་སྲིད་གཉེན་འབྲེལ་དེས་ལོའུ་ཚང་ལ་སྲིད་ཁྲིམས་ཀྱི་འཐབ་རའི་ནང་རྟེན་གཞི་བརྟན་པོ་བཟོས་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༡ ཉིན་དབུས་དྲིལ་བསྒྲགས་ལྷན་ཁང་གི་མགོ་འཁྲིད་ལོའུ་ཡུན་ཧྲན་གྱི་ཚབ་ཏུ་ལོའུ་ཆི་པའོ་བསླེབས་ཡོད་པ་དང་། ལོའུ་ཆི་པའོ་ལོའུ་ཡུན་ཧྲན་གྱིས་རྒྱབ་འདེད་མིང་འདོན་བྱས། འདས་པའི་ལོ་ཤས་ནང་ལོའུ་ཡུན་ཧྲན་སོགས་ཅང་ཙེ་མིན་ཚོགས་པས་ལོའུ་ཆི་པའོ་ཡི་དབང་ཆ་ལོག་སྤྱོད་བྱས་པ་སོགས་ཀྱི་རྙོག་གླེང་རིགས་རིམ་པར་བྱུང་ཡོད་པ་དང་། ཕྱི་ཕྱོགས་ཀྱི་རྒྱ་ཡིག་གསར་ལམ་ནས་ལོའུ་ཆི་པའོ་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པ་མ་ཟད། མི་འགྱངས་བར་ཞི་ཅིན་ཕིན་གྱི་བློས་ཐུབ་གྲོགས་པོ་ཧང་ཁུན་མིན་(黄坤明)དབུས་དྲིལ་བསྒྲགས་ལྷན་ཁང་གི་མགོ་འཁྲིད་དུ་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
དངུལ་རྩའི་བྱིས་པ་རིག་རྒོད།
ལོའུ་ཡི་བུ་ལོའུ་ལི་ཧྥེ་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་མི་མང་སློབ་ཆེན་ནས་ཤེས་རམས་པ་མཐར་ཕྱིན་སྐབས་ལོ་ན་ ༢༢ ཡིན་པ་དང་། ཤེས་རམས་པ་མཐར་ཕྱིན་པ་དང་ཐད་ཀར་རྒྱ་ནག་སྲིད་ཁྲིམས་སྤྱི་གཉེར་ཁང་འཛུལ་ཡོད་པ་དང་། དེ་ནས་རིང་པོ་མ་སོང་བར་སྤྱི་གཉེར་བ་གཞོན་པར་བསྐོས། རང་ལོ་ ༢༥ སོན་སྐབས་རྒྱ་ནག་ལྕགས་རིགས་བཙོ་སྦྱངས་ཁང་གི་ཁོངས་གཏོགས་ཚོང་གཉེར་ཁང་ཆེན་པོ་ཞིག་གི་སྤྱི་གཉེར་བ་གཞོན་པའི་འགན་འཁུར་བ་དང་བསྟུན། ཧུའུ་ཚང་དངུལ་འཛིན་ཉོ་ཚོང་ཁང་གི་ལག་བསྟར་སྤྱི་གཉེར་བ་བྱས། རང་ལོ་ ༣༡ ཐོག་རྒྱ་ནག་ཡུན་ཧི་དངུལ་འཛིན་ཚད་ཡོད་ཚོང་གཉེར་ཁང་གི་དོ་དམ་སྤྱི་གཉེར་བ་གཞོན་པ་དང་དེ་ནས་སྤྱི་གཉེར་བ་བཅས་བྱས་ཡོད་པ་མ་ཟད། རང་ལོ་ ༣༣ ཐོག་སྤྱིའི་དངུལ་འབོར་རྒྱ་སྒོར་ཐེར་འབུམ་མང་པོ་ཡོད་པའི་མི་ཚེ་འགན་སྲུང་མ་དངུལ་ཚད་ཡོད་ཚོང་གཉེར་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱས་རྗེས་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་བྱུང་ཡོད་པ་རེད། དེའི་ཞོར་དུ་ལོའུ་ལི་ཧྥེ་ཡིས་རྒྱ་ནག་ལྷོ་ཕྱོགས་གློག་དྲ་དང་རྒྱ་ནག་ཀྲུང་ཞིན་དངུལ་འཛིན་ཉོ་ཚོང་ཁང་། མང་ཁྲོད་མ་རྩ་གསར་འཛུགས་ཀྱི་ཚོང་ལས་དངུལ་ཁང་། རྒྱ་ནག་དངུལ་ཁང་མཉམ་འབྲེལ་མ་རྐང་ཚད་ཡོད་ཚོང་གཉེར་ཁང་སོགས་མ་རྐང་འབོར་ཆེན་གྱི་ཚོང་གཉེར་ཁང་མང་པོར་དོ་དམ་གྱི་བྱ་བ་གཉེར་བར་བརྟེན། གསར་འགྱུར་བརྒྱུད་ལམ་ནས་ཀྱང་ལོའུ་ལི་ཧྥེ་ལ་“དངུལ་རྩའི་བྱིས་པ་རིག་རྒོད།”ཅེས་འབོད་མྱོང་བ་རེད།
ལོའུ་ལི་ཧྥེ་དང་རྒྱ་ནག་མི་མང་དངུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ཟུར་པ། ད་ལྟའི་རྒྱ་ནག་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཏེ་ཤང་ལོང་ཚང་གི་མག་པ་ཁྲི་ཧྥོང་གཉིས་ཚོང་འབྲེལ་ལག་རོགས་ཡིན་པ་དང་། ཁྲི་ཧྥོང་གིས་རྒྱ་ནག་སྐམ་སའི་མ་རྐང་ཁྲོམ་ར་དང་ཧོང་ཀོང་མ་རྐང་ཁྲོམ་རའི་ནང་ཉུང་མཐར་ཚོང་གཉེར་ལྟེ་བ་ ༣༠ ལྷག་དོ་དམ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢ ཉིན་ནག་ཚོང་སོགས་ཁྲིམས་འགལ་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་དངུལ་དངོས་འབོར་ཆེན་བླངས་བའི་དོགས་གཞིའི་འོག་གློ་བུར་དུ་ཁྲི་ཧྥོང་འཛིན་བཟུང་བྱས་ཡོད་པ་རེད། དེ་བཞིན། ལོའུ་ལི་ཧྥེ་དང་ཅང་ཙི་མེན་གྱི་ཚ་བོ་ཅང་ཀྲི་ཁྲིན་གཉིས་ནི་མ་དངུལ་གཏོང་འཇོག་གི་མཉམ་འབྲེལ་བརྒྱུད་ཁེ་ཕན་མཉམ་སྤྱོད་ཀྱི་ཚོང་རོགས་ཡིན་པ་དང་། མ་དངུལ་དུང་ཕྱུར་མང་པོའི་བདག་པོར་གྱུར་བའི་དམར་པོའི་མི་རབས་གསར་བ་འདི་གཉིས་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་ཨ་ལི་བྷ་བྷ་དྲ་ཐོག་ཚོང་གཉེར་ཁང་གི་སྤྱིན་བདག་མཱ་ཡེན་ལའང་མ་འཇོག་གི་འབྲེལ་བ་ཆེན་པོ་ཡོད་པར་བཤད།
དཔལ་འབྱོར་སྲིད་འགྱུར་གྱི་གཡུལ་འགྱེད།
ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་སྐམ་ས་ཆེན་མོའི་ཨཱེ་མ་རྐང་ཁྲོམ་རར་ཉམས་རྒུད་ཀྱི་འཇིགས་པ་ཆེན་པོ་བྱུང་བ་དེ་ནི། ཅང་ཙི་མེན་ཚོགས་པས་ཞི་ཅིན་ཕིན་གཞུང་ལ་དཔལ་འབྱོར་སྲིད་འགྱུར་གྱི་གཡུལ་འགྱེད་ཐེངས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ལོའུ་ཡུན་ཧྲན་ཕ་བུ་གཉིས་གཡུལ་འགྱེད་ནང་དངོས་སུ་ཞུགས་ཏེ་ཁེ་བཟང་ཆེན་པོ་བླངས། དབྱེ་ཞིབ་པ་མང་པོ་ཞིག་གིས་གཡུལ་འགྱེད་དེའི་ཁྲོད་ཕྱོགས་གཅིག་ནས་མ་དངུལ་འཇོག་མཁན་ཚོར་རྒྱ་ནག་གི་མ་རྐང་ཁྲོམ་རའི་ཡིད་ཆེས་རྩ་བརླག་ཏུ་གཏོང་ཆེད་དང་། ལོའུ་ལི་ཧྥེ་ཡིས་ཀྲུང་ཞིན་དངུལ་འཛིན་ཉོ་ཚོང་ཁང་གི་འབྲེལ་ལམ་བརྒྱུད་མ་རྐང་ཁྲོམ་ར་སྐྱོབ་ཐབས་ཀྱི་ནང་ཁུལ་གནས་ཚུལ་བེད་ལོག་ཏུ་བཏང་སྟེ་མ་རྐང་ཁྲོམ་པར་གཡོ་སྐྱོམ་ཆེན་པོ་གཏོང་སླད་ཡིན་སྐོར་བརྗོད་ཡོད་པ་རེད།
སྲིད་བློན་ལི་ཁེ་ཆིང་གིས་འདས་ལོའི་ཕྱི་ཟླ་ ༧ ཚེས་ ༤ དང་ ༦། ༨ བཅས་སུ་རྒྱ་ནག་གི་མ་རྐང་ཁྲོམ་ར་སྐྱོབ་ཐབས་ཀྱི་ཚོགས་འདུ་བསྡུས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མྱུར་སྐྱོབ་བྱེད་བཞིན་པའི་སྐབས་དེར། ཏག་ཏག་ཕྱི་ཟླ་ ༧ ཚེས་ ༧ ཉིན་གྱི་སྔ་དྲོ་དེར། ལོའུ་ཡུན་ཧྲན་གྱི་དབང་ཆའི་གྲིབ་འོག་ཏུ་ཚུད་པའི་སྲིད་གཞུང་གི་གཙོ་གཉེར་གསར་ཁང་ཤིན་ཧྭ་ཡིས་“མ་རྐང་ཁྲོམ་ར་སྐྱོབ་ཐབས་ལ་ནུས་པ་མ་ཐོན་”ཞེས་ཡོངས་སུ་བསྒྲགས་ཡོད་པ་དང་། གནས་ཚུལ་དེས་ཧོང་ཀོང་གི་མ་རྐང་ཁྲོམ་ར་ལའང་ཉམས་རྒུད་ཤུགས་ཆེན་ཐེབས་སུ་བཅུག་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་མ་རྐང་སྤྱིའི་རིན་འབབ་མར་ཆག་ཚད་ ༣༦༠༠ ལ་བསླེབས་སྐབས། ལོའུ་ཡུན་ཧྲན་ཕ་བུ་གཉིས་དང་འབྲེལ་ཆེ་བའི་ཉེན་འགོག་འགན་ལེན་ཁེ་ལས་ཀྱི་རིགས་དང་དངུལ་ཁང་གི་མ་རྐང་ཁྲོམ་རའི་གནས་བབ་ནི་དེ་ལས་ལྡོག་སྟེ་ཤུགས་ཆེན་པོ་འཕར་ཡོད་པ་དང་། ཉེན་འགོག་འགན་ལེན་ཁེ་ལས་རིགས་ཀྱི་མ་རྐང་རིན་འབབ་བརྒྱ་ཆ་ ༧.༩ ལ་འཕར་བའི་ཁྲོད། རྒྱ་ནག་མི་ཚེ་འགན་སྲུང་མ་དངུལ་ཚད་ཡོད་ཚོང་གཉེར་ཁང་དང་རྒྱ་ནག་བདེ་འཇགས་འགན་སྲུང་ཚད་ཡོད་ཚོང་གཉེར་ཁང་གཉིས་ཀྱི་མ་རྐང་འཕར་ཆག་ཚད་རང་སོར་གནས་ཡོད་པ་དང་། རྒྱ་ནག་ཞི་བདེ་རྒྱ་མཚོའི་འགན་སྲུང་ཁེ་ལས་སྤྱི་གཉེར་གྱི་མ་རྐང་རིན་འབབ་བརྒྱ་ཆ་ ༦.༩༨ དང་། ཤིན་ཧྭ་འགན་སྲུང་ཁེ་ལས་སྤྱི་གཉེར་གྱི་མ་རྐང་རིན་འབབ་བརྒྱ་ཆ་ ༤.༦༣ བཅས་འཕར་ཡོད་པ་རེད།
མ་རྐང་ཁྲོམ་རར་ཉམས་རྒུད་ཆེན་པོ་བྱུང་རྗེས། ཞི་ཅིན་ཕིན་གཞུང་གིས་ཉམས་རྒུད་ཀྱི་རྐྱེན་རྩ་རྩད་གཅོད་བྱས་ཏེ། དངུལ་འཛིན་ཚོང་ལས་སྟངས་འཛིན་གྱི་འབྲེལ་ཡོད་དཔོན་རིགས་དང་ལས་བྱེད་ ༡༠༠ ལྷག་ལ་བཀག་སྐྱིལ་ཞིབ་བཤེར་བྱས་ཡོད་པ་དང་། རྒྱལ་ཁབ་མ་རྐང་ཁྲོམ་ར་མྱུར་སྐྱོབ་ཀྱི་གཙོ་གཉེར་བ་ལོའུ་ལི་ཧྥེ་ཡི་ཀྲུང་ཞིན་ཐོན་ལས་དངུལ་འཛིན་དོ་དམ་ཚད་ཡོད་ཚོང་གཉེར་ཁང་གི་མཐོ་རིམ་དོ་དམ་པ་ ༡༡ གི་ནང་ནས་ ༨ འཛིན་བཟུང་བྱས་ཡོད་པ་མ་ཟད། དངུལ་འཛིན་ཚོང་གཉེར་ཁང་དེའི་སྤྱི་གཉེར་བ་ལོའུ་ལི་ཧྥེ་ལ་ལས་མཚམས་འཇོག་ཏུ་བཅུག་སྟེ། གནད་དོན་གྱི་འབྱུང་རྐྱེན་ཡར་ཞུ་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པའི་གནས་ཚུལ་ཐོན།
དམིཊ་ཡུལ་གཅིག་གི་འཐབ་རྩོད་གཉིས།
ཕྱི་ལོ་ ༡༩༩༩ ནས་ད་ལྟའི་བར་རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཁྲི་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་དམར་གསོད་བཏང་བའི་ཡ་ང་བའི་ལོ་རྒྱུས་ནག་པོ་དེ་ནི། ཅང་ཙེ་མིན་དང་ཁོའི་ཕྱོགས་གཏོགས་ཚོའི་སྒེར་དབང་ཚར་གཅོད་ཀྱི་བྱུས་ངན་ལས་བྱུང་ཞིང་། ལོའུ་ཡུན་ཧྲན་སོགས་ཅང་ཙེ་མིན་ཚོགས་པའི་དྲིལ་བསྒྲགས་ལས་སྒོའི་སྟངས་འཛིན་གྱིས་དུས་ད་ལྟའང་རྒྱ་ནག་ནང་ལོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ཉེས་མེད་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་འཛིན་བཟུང་དྲག་གནོན་བྱས་པའི་གནས་ཚུལ་མཐོང་རྒྱུ་མེད་ལ། ཡོད་པ་རྣམས་ནི་ཆོས་ལོག་ཉམས་ལེན་པ་དང་ཕྱིའི་ངན་སྐུལ་བ་རེ་ཟུང་གི་ལག་ཆ་ཙམ་ཏུ་གྱུར་བ་རྗོད་ཀྱི་ཡོད་པ་དང་། ཅང་ཙེ་མིན་ཚོགས་པས་ཁྱོ་ཤི་ང་གསོན་གྱི་སྲིད་འགྱུར་དུས་ཟིང་རིམ་པར་བསླངས་བའང་ཕྱོགས་གཅིག་ནས་ཅང་ཙེ་མིན་གྱི་བཙན་གནོན་སྲིད་བྱུས་རྒྱུན་འཁྱོངས་བྱེད་པའི་ཆེད་དུ་ཡིན་པ་རེད།
ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་ཆེད་གཉེར་དྲ་བ་མིན་ཧེ་(明慧网)ཡིས། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་དང་པོ་གཉིས་པར་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་ནང་ ༡༡༢ དང་། ཕྱི་ཟླ་གསུམ་པ་བཞི་པར་ ༡༦༨། ཕྱི་ཟླ་ལྔ་པ་དྲུག་པའི་ནང་ ༡༩༣། བདུན་པ་བརྒྱད་པར་ ༢༣༠། དགུ་བ་བཅུ་པའི་ནང་ ༢༥༨ བཅས་ཁྱོན་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ ༩༡༦ ལ་ཉེས་མེད་ནག་འགེལ་གྱིས་ཁྲིམས་ཐག་བཅད་ཡོད་པ་དང་། ཟླ་ངོ་རེ་རེ་བཞིན་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་གྱི་གྲངས་འབོར་རིམ་འཕར་བྱུང་བ་དེའང་འདི་ལོའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་དུས་ཆེན་གསུམ་གྱི་སྔ་རྗེས་སུ་བྱུང་བའི་ཞི་ཅིན་ཕིན་གྱི་འགུལ་སྐྱོད་དང་འབྲེལ་བ་དམ་ཟབ་ཡོད་པར་བཤད།
དེ་ཡང་ལོ་རེའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ནི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ཀྱིས་ཀྲུང་ནན་ཧེ་ལ་ཞི་བའི་སྙན་ཞུ་ཕུལ་ཏེ་ལོ་ངོ་ ༡༧ འཁོར་བའི་ཉིན་མོ་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༢ དང་ ༢༣ ཉིན་ཞི་ཅིན་ཕིན་གྱིས་ཆེས་མཐོའི་ཆོས་ལུགས་བྱ་བའི་ཚོགས་འདུ་བསྡུས་ཏེ། ཅང་ཙེ་མིན་གྱི་ཆོས་ལུགས་བཙན་གནོན་གྱི་སྲིད་བྱུས་དེ་འོས་ཤིང་འཚམ་པ་ཞིག་ཡིན་པར་ངོས་འཛིན་གྱི་གཏམ་བཤད་སྤེལ་ཡོད་པ་དང་། དེ་བཞིན། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་ནི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པས་སྲིད་གཞུང་གི་དྲག་གནོན་ལ་ངོ་རྒོལ་བྱས་ཏེ་ལོ་ངོ་ ༡༧ འཁོར་བའི་ཉིན་མོ་ཡིན་ཞིང་། ཟླ་དེའི་ཚེས་ ༡༩ ཉིན་རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གིས་ཆོས་འཁོར་རྩ་རླུང་གི་ཐོག་མའི་མྱུ་གུ་འབུས་ས་ཅི་ལིན་ཁྲང་ཁྲིན་དུ་ཚོགས་འདུ་བསྡུས་ཏེ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་ཉེས་མེད་ནག་འགེལ་གྱི་གྱོད་དོན་རྣམས་མཇུག་གནོན་ནན་པོ་བྱས་པ་ནི་ལོ་རྒྱུས་ཀྱི་རྨ་ཁའི་ཐོག་མེ་དམར་ཐེངས་ཤིག་བླུགས་པ་དང་མཚུངས།
ཧོང་ཀོང་དཀྲུག་པའི་མི་བཞི་ཤོག་ཁག
འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་ཧོང་ཀོང་《成报》ཐོག ཀྲང་ཏི་ཅང་དང་ལོའུ་ཡུན་ཧྲན་གྱི་འགུལ་སྐྱོད་ཀྱིས་རྒྱ་གཞུང་གི་ཆེས་མཐོའི་དཔོན་རིགས་རིམ་པའི་འཛིན་སྐྱོང་བདེ་འཇགས་ལ་འཇིགས་སྐུལ་ཐེབས་ཏེ་བཟོད་བསྲན་དཀའ་བའི་གནས་སུ་གྱར་ཡོད་སྐོར་གྱི་ཆེད་རྩོམ་ཞིག་སྤེལ་ཡོད་པའི་ནང་། ཀྲང་ཏི་ཅང་གིས་ཕྱི་ལོ་ ༢༠༡༢ ལོར་ཧོང་ཀོང་དང་ཨོ་མིན་ལས་དོན་སྐོར་གྱི་གཙོ་འགན་འཁུར་རྗེས། ཧོང་ཀོང་ནང་ཆབ་སྲིད་ཀྱི་རྙོག་གླེང་དང་ཞི་ཅིན་ཕིན་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མ་ཆད་པར་བྱུང་ཡོད་པ་མ་ཟད། འདི་ལོར་ཧོང་ཀོང་གྲོས་ཚོགས་འཐུས་མིའི་རང་བཙན་གྱི་ལངས་ཕྱོགས་གསལ་པོར་བསྒྲགས་པ་དེ་ནི་ཀྲང་ཏི་ཅང་དང་ལོའུ་ཡུན་ཧྲན། ཧོང་ཀོང་དམིགས་བསལ་སྲིད་འཛིན་ཉང་ཁྲིན་ཡུན། རྒྱ་ནག་ཧོང་ཀོང་འབྲེལ་གཏུག་ལས་སྒྲུབ་ཁང་གི་འགན་འཛིན་ཀྲང་ཞོ་མིན་སོགས་ཙེ་མིན་ཚོགས་པའི་ཧོང་ཀོང་དཀྲུག་པའི་མི་བཞི་ཤོག་ཁག་ཟེར་བ་ཞིག་གི་གསང་བའི་འགུལ་སྐྱོད་ཕྱིར་མངོན་ཏེ། ཞི་ཅིན་ཕིན་གཞུང་གི་རྒྱལ་ཁབ་གོང་བུ་གཅིག་གྱུར་ཟེར་བའི་འབོད་སྒྲ་ལ་ཁ་གཏད་གཅོག་པ་ཞིག་ཡིན་སྐོར་བསྒྲགས་ཡོད་པ་རེད།
ཞི་ཅིན་ཕིན་གཞུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༣ པའི་ཚེས་ ༢༦ ཉིན་ཧོང་ཀོང་དམིགས་བསལ་སྲིད་འཛིན་གསར་པ་བསྐོ་བཞག་བྱ་རྒྱུ་ཡིན་སྟབས། འདི་ལོའི་ཕྱི་ཟླ་ ༡༢ པ་དང་། འཆར་ལོའི་ཕྱི་ཟླ་དང་པོ་དང་གཉིས་པར་ཧོང་ཀོང་ནང་ཆབ་སྲིད་དུས་འགྱུར་འབྱུང་ཉེན་ཧ་ཅང་ཆེན་པོ་ཡོད་ལ། ཞི་ཅིན་ཕིན་གཞུང་གིས་ཧོང་ཀོང་དུས་ཟིང་ཞི་འཇགས་སུ་གཏོང་བའི་གོ་སྐབས་དང་བསྟུན། ཀྲང་ཏི་ཅང་དང་ལོའུ་ཡུན་ཧྲན་སོགས་ཀྱང་ཚར་གཅོད་རྒྱུ་ཡིན་པ་ཧ་ལམ་གཏན་འཁེལ་ཡོད་སྐོར་རྗོད་ཀྱི་འདུག
གསར་འགོད་པ་པདྨ་མཚོས་བསྒྱུར་སྒྲིག་བྱས།