དེ་རིང་ཕྱི་དྲོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་བཀོད་སོང་།
དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ཕྱི་ཟླ་དང་པོའི་ཚེས་ ༣ ནས་ ༡༤ བར་གནང་རྒྱུ་ཡིན་པ་ལྟར། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པ་ཡོལ་ཙམ་དུ། འཛམ་གླིང་གི་ཡུལ་ལུང་གང་ས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོའི་ཕེབས་བསུའི་ཁྲོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་བཀོད་སོང་།
སྐུ་སྒེར་དྲ་བའི་ཐོག་མཛད་རིམ་སྤེལ་གསལ་ལྟར་ན། ཟླ་དང་པོའི་ཚེས་ ༢ ནས་ ༤ བར་༸གོང་ས་མཆོག་དབུ་བཞུགས་འོག་རྣམ་རྒྱལ་གྲྭ་ཚང་གི་མཁན་བླ་གྲྭ་སོགས་ཀྱིས་ས་ཆོག་དང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་སོགས་གནང་རྒྱུ་དང་། ཚེས་ ༥ ནས་ ༨ ཉིན་བཅས་ཉིན་གྲངས་ལྔའི་རིང་སྔོན་འགྲོའི་གསུང་ཆོས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བའི་གསུང་ཆོས་བསྩལ་རྒྱུ། ཚེས་ ༩ ཉིན་རྣམ་རྒྱལ་གྲྭ་ཚང་གིས་དུས་འཁོར་གྱི་མཆོད་གར་དང། ཚེས་ ༡༠ ནས་ ༡༣ བར་དུས་འཁོར་དབང་ཆེན་གྱི་དབང་གི་སྟ་གོན་དང་། དབང་དངོས་དཀྱིལ་འཁོར་དུ་ཞུགས་པ་ནས་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་བདག་པོ་ཆེན་པོའི་དབང་བཅས་གོ་རིམ་བཞིན་བཀའ་དྲིན་བསྩལ་རྒྱུ། ཚེས་ ༡༤ ཉིན་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག
གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།
༅༅། པད་པ་མཚོ་། བཀྲིས་བདེ་ལེགས་།
ཁྱེད་གནས་མཆོག་རྡོ་རྗེ་གདན་དུ་སླེབས་ནས་གོང་ས་མཆོག་གི་མཛད་རིམ་རྣམས་དུས་ཐོག་ལེགས་སྤེལ་གནང་བ་
ཐུགས་རྗེ་ཆེ།