ཕྱི་ལོ་གསར་པ་བསླེབ་ལ་ཉེ་བ་དང་བསྟུན་ཏེ་འདི་བོད་ཀྱི་དུས་བབ་གསར་ཁང་གིས་རྫོགས་བཞིན་པའི་ཕྱི་ལོ་ ༢༠༡༦ ལོའི་བོད་ཕྱི་ནང་གི་གནས་ཚུལ་ཆེ་ཁག་བཅུ་ཕྱོགས་བསྡུས་བྱས་ཏེ་འདིར་བཀོད་ཡོད།
༡༽ བོད་མིའི་རང་ལུས་མེར་བསྲེགས།
ཕྱི་ཟླ་ ༢ ཚེས་ ༢༩ ཉིན། དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས། བོད་ལ་རང་དབང་རང་བཙན་དགོས་ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་གནང་ཡོད་ཅིང་། སྐབས་དེར་ཉེ་འཁོར་གྱི་བོད་མི་ཚོས་མེ་གསོད་ཐབས་བྱས་ཏེ་སྨན་ཁང་དུ་འཁྱེར་བའི་ལམ་བར་དུ་སྐུ་གྲོངས་ཡོད་པ་དང་། གྲྭ་སྐལ་བཟང་དབང་འདུས་ལགས་སྐབས་དེར་རང་ལོ་ ༡༨ ལས་སོན་མེད་པ་དང་ཁོང་གི་ཨ་ཕའི་མིང་ལ་བསོད་བཀྲ་དང་ཨ་མའི་མིང་ལ་ཨོ་རྒྱན་སྒྲོལ་མ་ཞུ་ཡི་ཡོད་འདུག
༢༽ བོད་མིའི་རང་ལུས་མེར་བསྲེགས།
ཕྱི་ཟླ་ ༢ ཚེས་ ༢༩ ཉིན། མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ནས་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་གནང་ཡོད་པ་དང་། ནང་མི་ཚོས་ཁོང་ལྡི་ལིའི་སྨན་ཁང་ཞིག་ཏུ་འཁྱེར་ཏེ་མྱུར་སྐྱོབ་བྱས་ཡོད་ཀྱང་ཉིན་གསུམ་གྱི་རྗེས་སུ་སྐུ་གྲོངས། དམ་པ་ཁོང་རང་ལོ་ ༡༦ ཡིན་པ་དང་། ཕ་མིང་ལ་ཐུབ་བསྟན་དང་མ་མིང་ལ་གཡང་འཛོམས་ཞུ་བ་དང་། ཁོང་གཉིས་ལ་བུ་གསུམ་དང་བུ་མོ་གཉིས་ཡོད་པའི་ནང་ནས་ཁོང་ཆུང་ཤོས་དེ་ཡིན་འདུག
༣ ༽ བོད་མིའི་རང་ལུས་མེར་བསྲེགས།
ཕྱི་ཟླ་ ༣ ཚེས་ ༢༣ ཉིན། མདོ་སྨད་མཛོད་དགེ་རྫོང་ཨ་སྐྱིད་སེ་ར་དགོན་པའི་གླིང་སྐོར་དུ་རང་ལོ་ ༥༠ ཡིན་པའི་བསོད་ནམས་མཚོ་ལགས་ཀྱིས། བོད་ལ་རང་དབང་ཡོད་དགོས་བ་དང་། ༧རྒྱལ་དབང་ཡིད་བཞིན་ནོར་བུ་ཕྱིར་བོད་ལ་ཕེབས་དགོས། ཞེས་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་འདུག བོད་རིགས་བུད་མེད་བསོད་ནམས་མཚོ་ལགས་ནི་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་མདོ་ཚ་སྡེ་བ་ནས་ཡིན་ཞིང་ཁོང་མོའི་ཁྱོ་གའི་མིང་ལ་སྐལ་བཟང་རྒྱ་མཚོ་ཟེར་བ་དང་ཁོང་གཉིས་ལ་བུ་མོ་གསུམ་ཡོད་འདུག
༤༽ སྲིད་སྤྱི་གསར་འདེམས།
ཕྱི་ཟླ་ ༤ ཚེས་ ༢༧ ཉིན་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ཏེ། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་འོས་གྲངས་ ༣༣༨༧༦ དང་། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་འོས་གྲངས་ ༢༤༨༦༤ ཐོབ་སྟེ། བློ་བཟང་སེང་གེ་བསྐྱར་དུ་སྲིད་སྐྱོང་དུ་བདམས་ཐོན་བྱུང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ ༤༥ ཡི་མཚན་ཐོ་གསལ་བསྒྲགས་བསྐྱངས་ཡོད་ལ། ཐེངས་འདིར་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་མཁན་ ༩༠༣༧༧ བྱུང་ཡོད་པ་དང་། དེའི་ནང་ནས་འོས་དངོས་སུ་འཕེན་མཁན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་སྲིད་སྐྱོང་ལ་འོས་འཕེན་པ་ ༥༩༣༥༣ དང་། འོས་རྩིས་མེད་ ༦༡༣ བོད་མི་མང་སྤྱི་འཐུས་ལ་ ༥༨༦༡༥ བྱུང་བ་ནས་རྩིས་མེད་ ༥༩༡ བྱུང་ཡོད་པ་རེད།
༥༽ བཀའ་བློན་གྱི་འོས་ཆོས་མ་ཚང་།
ཕྱི་ཟླ་ ༦ ཚེས་ ༢ ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་གི་ཕྱག་རོགས་བཀའ་བློན་ཁོངས་སུ། ཤར་གླིང་བསྟན་འཛིན་ཟླ་སྒྲོན་དྲིལ་བསྒྲགས་བཀའ་བློན་དུ་མཚན་འདོན་གནང་བ་ལྟར་གྲོས་ཚོགས་ནང་མང་མོས་ཐོབ་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དམ་འབུལ་ཞུས་རྗེས། ཁོང་མོའི་དཔྱ་དངུལ་ལག་དེབ་ལྟར་ན་ཟླ་གསུམ་གྱིས་རང་ལོ་ ༣༥ ཧྲིལ་བོ་ཚང་མེད་སྟབས་བཀའ་བློན་གྱི་འོས་ཆོས་ཚང་མེད་པའི་རྙོག་གླེང་འོག་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ལ་དགོངས་སེལ་དང་སྦྲགས་བཀའ་བློན་ནས་ཕྱིར་འཐེན་གནང་བ་གསལ་བསྒྲགས་གནང་ཡོད་ལ། ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་བསྐྱར་དུ་ཕྱི་དྲིལ་བཀའ་བློན་དུ་མཚན་འདོན་གནང་སྐབས་ཀྱང་སྤྱི་འཐུས་ངོ་ཡོད་ ༤༣ ལས་འོས་ཤོག་ ༡༤ ལས་མ་ཐོབ་པར་ཟེགས།
༦༽ ༧གོང་ས་མཆོག་དང་ཨོ་བྷ་མ་གཉིས་མཇལ་འཕྲད།
ཕྱི་ཟླ་ ༦ ཚེས་ ༡༥ ཉིན། ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཕོ་བྲང་དཀར་པོ་རུ་ཆུ་ཚོད་ཕྱེད་ཀའི་རིང་མཇལ་འཕྲད་བཀའ་མོལ་གནང་ཡོད། མཇལ་འཕྲད་རྗེས་ཕོ་བྲང་དཀར་པོས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པར་༧གོང་ས་ཏཱ་ལའི་བླ་མའི་བཏོན་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཞུ་བཞིན་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་བོད་རང་བཙན་རྩོད་ཀྱི་མེད་སྟབས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་། ཡང་ན། ཁོང་གི་སྐུ་ཚབ་མཉམ་དུ་དོན་ཕན་ལྡན་པའི་གྲོས་མོལ་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་ཞེས་བསྒྲགས།
༧༽ བླ་རུང་སྒར་གཏོར་བཤིག
ཕྱི་ཟླ་ ༧ ཚེས་ ༢༠ ཉིན་ནས་མགོ་བཙུགས་ཏེ་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་མི་གྲངས་ ༥༠༠༠ ལས་བརྒལ་མི་ཆོག་པའི་བཀའ་རྒྱ་བཏང་སྟེ། ཐེངས་གཉིས་པར་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་གཏོར་མགོ་བརྩམས་ཡོད་ཅིང་། ཞིང་ཆེན་གཞན་ནས་ཡིན་པའི་གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་གྱིས་རང་ཡུལ་དུ་བཏང་སྟེ་བསམ་བློའི་སློབ་གསོ་བཏང་བ་སོགས་སུན་གཙིར་ཆེན་པོ་བྱས་པར་བརྟེན་ཏེ། སྔ་གཞུག་ཏུ་བཙུན་མ་གསུམ་གྱིས་སྡུག་བསྔལ་མ་བཟོད་པར་རང་ཤི་བརྒྱབ།
༨༽ བོད་མི་གཉིས་ཨའོ་རྩེད་སྟེང་ཞུགས།
ཕྱི་ཟླ་ ༨ ཚེས་ ༢༠ ཉིན། ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ནང་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྟེང་། ལོན་ཊོན་ཨོ་རྩལ་འགྲན་ཚོགས་ཐོག་དངུལ་གྱི་རྟགས་པ་ཐོབ་པའི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་དང་། བོད་རིགས་ལུས་རྩལ་པ་སྟོབས་རྒྱས་ལགས་གཉིས་མཉམ་ཞུགས་བྱས་ཏེ། སྐྱེས་མའི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་ཁྲོད་ཆོས་དབྱིངས་སྐྱིད་ལ་ཨང་རིམ་ལྔ་པ་དང་སྐྱེས་པའི་རྨིད་ ༥༠༠༠ ནང་སྟོབས་རྒྱས་ལགས་ལ་ཨང་ ༩༡ པ་ཐོབ།
༩༽ བོད་མིའི་རང་ལུས་མེར་བསྲེགས།
ཕྱི་ཟླ་ ༡༢ ཚེས་ ༨ ཉིན། རྨ་ཆུ་རྫོང་ཐོག་ཏུ་རང་དབང་འཐབ་རྩོད་ཆེད་བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། རང་ལོ་ ༣༡ ཡིན་པའི་ཁོང་ནི་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཡུལ་ཚོའི་བྲག་ཐོ་རུ་ཆེན་ནས་ཡིན་པ་དང་། ཕ་མིང་ལ་བསྟན་འཕེལ་དང་མ་མིང་ལ་སྒྲོལ་དཀར་སྐྱིད་ཟེར་ཞིང་། ཁོང་དང་ཁོང་གི་བཟའ་ཟླ་གཉིས་ལ་ལོ་བཅུ་གྲངས་ཅན་གྱི་བུ་གཅིག་དང་བུ་མོ་གཅིག་ཡོད་འདུག
༡༠༽ དགེ་བཤེས་མ་ཐེངས་དང་པོ་ཐོན།
ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་བླ་སྤྱི་རུ། བོད་མིའི་འདུ་ཕྱིའི་སྐྱབས་མགོན་༧གོང་ས་མཆོག་གིས། གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་མཚན་རྟགས་འཕྱག་ཁྱེར་གནང་ཡོད་པ་རེད། ཉིན་དེར་༧གོང་ས་མཆོག་གིས་དེ་རིང་འདིར་བཙུན་མའི་ཁོངས་ནས་དགེ་བཤེས་མ་ཐོན་དང་པོའི་ལག་ཁྱེར་འབུལ་རྒྱུ་ནི་ཕལ་ཆེར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་རེད་ཅེས་བརྗོད་ཆོག་ཞེས་གསུངས། ཕྱི་ཟླ་ ༡༢ ཚེས་ ༡༢ ནས་ཉིན་བཞིའི་རིང་ལྷོ་ཕྱོགས་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ། བོད་ཀྱི་བཙུན་མ་ ༢༠ ཡིས་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་བཞག་ཡོད།
གསར་འགོད་པ། པདྨ་མཚོས་ཕྱོགས་བསྡུས་བྱས།
པདྨ་མཚོ་ལགས་ནས་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ཕྱོགས་བསྡུས་དེ་དག་གོ་བདེའི་ལམ་ནས་སྤེལ་བར་ཧ་ཅང་འཐད།